Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་དབང་དང་བཅས་པ། མི་འགྱུར་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་དབང་དང་བཅས་པ། མི་འགྱུར་རྡོ་རྗེ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་དབང་དང་བཅས་པ། མི་འགྱུར་རྡོ་རྗེ།


RTZ009_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་དབང་དང་བཅས་པ་བཞུགས་སོ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་སྒྲུབ་པ་ནི༔ དང་པོ་རབ་ནི་འདི་ལྟ་སྟེ༔ དཀྱིལ་འཁོར་ཐིག་བཅས་མ་འཆུག་པ༔ དཔེའུ་རིས་ལྟར་བྲིས་ནས་ནི༔ དེ་སྟེང་གཏོར་མ་དཔེ་འུ་རིས་ལྟར༔ གཏོར་མ་དེ་ལའང་ཙཀླི་འཛུགས༔ དེ་ནས་དམིགས་པ་འདི་ལྟར་བྱ༔ རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔ གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་གཞག་བྷནྡྷ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ ཤར་དུ་པདྨ་འབྱུང་གནས་སྔོ༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ལྷོ་རུ་པདྨ་འབྱུང་གནས་སེར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ནུབ་ཏུ་པདྨ་འབྱུང་གནས་དམར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་


RTZ009_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ བྱང་དུ་པདྨ་འབྱུང་གནས་ལྗང༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ འབྲིང་ནི་དཀྱིལ་འཁོར་མི་དགོས་ཤིང༔ གཏོར་མ་རིན་ཆེན་འབར་བ་བཅའ༔ དེ་ནས་དམིགས་པ་འདི་ལྟར་བྱ༔ རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་སྟེང་པདྨ་འབྱུང་གནས་དཀར༔ ལོངས་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ ཡུམ་སྔོན་འཁྱུད་དེ་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ དེ་སྟེང་པདྨ་འབྱུང་གནས་དཀར༔ གཅེར་བུ་སྟོད་གཡོགས་སྨད་གཡོགས་ཅན༔ མཉམ་གཞག་བྷནྡྷ་ནང་རྡོ་རྗེ༔ ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་ནི་དཔག་ཚད་དུ་མར་འཕྲོ༔ བསྡུས་པ་དཀྱིལ་འཁོར་གཏོར་མ་མེད༔ དེ་ནས་དམིགས་པ་འདི་ལྟར་བྱ༔ རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དེ་ཡི་ངང་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ཡིས་པདྨ་འབྱུང་གནས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐམ༔ པདྨ་འབྱུང་གནས་དབང་བཤད་ན༔ དང་པོ་བུམ་པ་ཐོགས་བྱས་ལ༔ ཧཱུྃ༔ བུམ་པ་འདི་ནི་རྡོ་རྗེ་སེམས༔


RTZ009_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་མགོ་ལ་བླུགས་པ་ཡིས༔ སྡིག་སྒྲིབ་ཉེས་ལྟུང་དག་གྱུར་ཅིག༔ མ་རིག་དབང་རྣམས་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་སཏྭ་ཧཱུྃ༔ དེ་ནས་ནས་ནི་ཐོགས་བྱས་ལ༔ འདི་ནི་རིན་ཆེན་སྣ་ཚོགས་ཏེ༔ ཁྱོད་ཀྱིས་ལྷ་ལ་ཕུལ་བ་ཡིས༔ འདོད་དོན་ཡིད་བཞིན་འགྲུབ་པར་ཤོག༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ དད་པས་སློབ་མས་ཐལ་མོ་སྦྱར་བྱས་ལ༔ རྗེ་བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་སྐུ་ལོངས་སྐུ་ཀུན་གྱི་ངོ་བོ་ཉིད༔ བདུད་ཀྱི་བར་ཆད་དབང་དུ་མི་འགྲོ་བའི༔ སངས་རྒྱས་གདེངས་ཆེན་ཀུན་གྱི་ངོ་བོ་ཉིད༔ འགྲོ་བའི་དོན་ལ་སྤྲུལ་པའི་སྐུར་བཞེངས་ཀྱང༔ བདུད་དབང་མ་སོང་འཇའ་ལུས་སྐུར་འགྲུབ་པའི༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས། བྱིན་དབབ་པ་ནི༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་དུ༔ ལྷ་ཁང་དགུ་བརྩེགས་རིམ་བརྩེགས་སྟེང༔ པདྨ་འབྱུང་གནས་སྐུ་མདོག་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊྭཱཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་


RTZ009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས༔ དེ་ཉིད་ཅི་ལྟར་དུང་ཕྱུར་དུང༔ ཡུངས་ཀར་ཕུལ་གང་གཏོར་བ་ལྟར༔ གནས་ནས་ཐམས་ཅད་རབ་ཏུ་བྱོན༔ ཐིགས་པ་ཆུ་ལ་བརྒྱབ་པ་ལྟར༔ ལུས་དང་དབྱེར་མེད་གཅིག་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲིལ་བུ་འཁྲོལ་ཞིང་ལན་བདུན་བརྗོད༔ དེ་ནས་བུམ་པ་ཐོགས་བྱས་ལ༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་དུ་པད་འབྱུང་ལྷ་ཚོགས་བཞུགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར༔ སྐུ་ཡི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་པུསྟི་ཐོགས་བྱས་ལ༔ ཧཱུྃ༔ པུསྟི་འདི་ནི་རྒྱལ་བའི་གསུང༔ རྒྱལ་བའི་གསུང་ལ་ལྷག་ཆད་མེད༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ གསུང་གི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་གཏོར་མ་ཐོགས་བྱས་ལ༔ ཧཱུྃ༔ གཏོར་མ་འདི་ནི་པདྨ་འབྱུང༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཐིག་ལེ་སེར་པོ་གཏད་ལ༔ ཧཱུྃ༔ འདི་ནི་པད་འབྱུང་དཀྱིལ་འཁོར་ཏེ༔ ཁྱོད་ཀྱི་ལྟེ་བར་བཞག་པ་ཡིས༔ ཡོན་ཏན་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་མཚོ་རྒྱལ་སྐུ་ཐོགས་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་མཚོ་རྒྱལ་སྐུ༔ ཁྱོད་ཀྱི་གསང་བར་བཞག་པ་ཡིས༔ ཕྲིན་ལས་དབང་རྣམས་ཡོངས་རྫོགས་ཤོག༔ ཨོཾ་


RTZ009_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་འདི་ཡི་རྗེས་ཟློས་མཛོད༔ འདི་ཉིད་བྱང་ཆུབ་མ་ཐོབ་བར༔ ཡི་དམ་བཟུང་བར་སེམས་བསྐྱེད་དོ༔ ན་ར་ཀན༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཞེས་སྤྲུལ་སྐུ་རིན་པོ་ཆེ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་གྲོ་བཞིན་ཅན་གྱི་ཚེས་བཞི་ལ་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་གིས་དངོས་སུ་བཀའ་བསྩལ་པ་ལགས་སོ། །མངྒ་ལཾ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཐབས་དབང་དང་བཅས་པ། མི་འགྱུར་རྡོ་རྗེ།next