Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་བདུད་རྩིའི་སྙིང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་བདུད་རྩིའི་སྙིང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།next

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་བདུད་རྩིའི་སྙིང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།


RTZ009_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་བདུད་རྩིའི་སྙིང་པོ་བཞུགས་སོ། །


RTZ009_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་བྱ་ཚུལ་ལ་གཉིས། སོ་སོར་བྱ་ཚུལ་དང་། སྦྲགས་ཏེ་བྱ་བའི་ཚུལ་ལོ། །དང་པོ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གནང་བའི་བསྙེན་ཡིག་ཏུ་གསལ། གཉིས་པ་ནི། དེང་སང་ཕལ་ཆེར་གྱིས་ཕྱག་བཞེས་སུ་མཛད་པ་ལྟར་བཤད་ན། སྦྱོར་བ་འདི་ཉིད་ཀྱི་ལས་བྱང་འཆི་མེད་འདོད་འཇོར་ཇི་སྐད་བཤད་པའི་རྟེན་དང་མཆོད་གཏོར་སོགས་འདུ་བྱ། བརྒྱུད་འདེབས་དང་སྐྱབས་སེམས་སྔོན་དུ་འགྲོ་བས། གཞི་བདག་གཏོར་མ་ཇི་ལྟར་རིགས་པ་དང་། བགེགས་བསྐྲད་གཞུང་ལྟར་ལ། བགེགས་གཏོར་ཕྱི་རོལ་དུ་དོར་བ་དང་མཉམ་དུ། སྒོ་དྲུང་དུ་ཐོ་བརྟན་པོར་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་དར་གྱི་ཅོད་པན་དང་བཅས་པ་བཙུགས་པའི་མདུན་མཆོད་གཏོར་བཤམས་ལ་རྒྱལ་ཆེན་གྱི་ཐོ་འཛུགས་སྤྱི་ལྟར་བྱ། ནང་དུ་ལོག་ལ་སྲུང་འཁོར་བརྟན་པོར་བསྒོམ། བྱིན་འབེབ་དང་། མཆོད་རྫས་བརླབ། བདག་མདུན་དབྱེར་མེད་འཇུག་པ་གཅིག་པས་ལས་གཞུང་བསྲང་ཞིང་བཟླས་པ་འོས་མཚམས་རྗེས་སུ་སྟོང་ཚིགས་ཀྱི་མཆོད་བསྟོད་དང་ཚེ་འགུགས་ནས་བཀྲ་ཤིས་ཀྱི་བར་གཞུང་ལྟར་བཏང།


RTZ009_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐུན་བཞིར་ལས་གཞུང་བསྲང་ཞིང་། སྲོད་ཐུན་ནམ་ཕྱི་ཐུན་གྱི་མཇུག་ཏུ་ཚོགས་མཆོད་རེའང་གྲུབ་ན་ལེགས། མ་གྲུབ་ཀྱང་ཐོག་མཐའ་གཉིས་དང་། དུས་བཟང་རྣམས་སུ་ཅི་འགྲུབ་བྱ། བསྙེན་ཚད་དམིགས་བསལ་མ་གསུངས་ཀྱང་། རབ་རྟགས་མཐོང་བའི་བར་དང་། འབྲིང་འབྲུ་འབུམ་སོགས་ཅི་རིགས་དང་། ལས་རུང་ཙམ་ལ་རྩ་སྔགས་འབུམ་ཕྲག་བཞི། ལུས་དཀྱིལ་གྱི་ལྷ་སོ་སོའི་སྔགས་ཁྲི་ཕྲག་བཞི། ལས་སྦྱོར་ལ་དམིགས་པའི་བཟླས་པ་ཉིན་གསུམ་མམ་གཅིག་ཏུ་རིམ་པར་བཟླ། སང་གྲོལ་རྒྱུའི་དོ་ནུབ་མཆོད་གཏོར་གསར་པ་དང་། ཚོགས་ཀྱི་ཡོ་བྱད། དཀར་མངར་ཤིང་ཏོག་སོགས་དངོས་གྲུབ་ཀྱི་རྫས་ཅི་འབྱོར་བ་བཤམ། སྤྲོ་ན་ལས་བཞིའི་འབྲང་རྒྱས་སོགས་ཀྱང་འདུ་བྱ། ནངས་པར་སྔ་བར་ལངས་ལ་ལས་གཞུང་བསྲང་ཞིང་བཟླས་པ་ཅུང་ཟད་རྗེས་དངོས་གྲུབ་ཀྱི་རྫས་རྣམས་ལ་དམིགས་ཏེ། བགེགས་བསྐྲད་དང་། བྱིན་འབེབ་བྱ། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བསྟིམ་པའི་དམིགས་པ་དང་བཅས་བསྙེན་སྔགས་བརྒྱ་རྩ་དང་། བྱང་གཏེར་ཐུགས་སྒྲུབ་གསང་བ་རིན་ཆེན་འདུས་པའི་ཆ་ལག་རྟགས་མཐོང་དངོས་གྲུབ་བླང་བའི་སྔགས། ཨོཾ་བཛྲ་


RTZ009_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ན་ན་ཥ་དྷེ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་སིདྡྷི་དྷ་ནཾ་མེ་དྷི་ཧྲཱི༔ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ ཞེས་པ་འདི་སུམ་བརྒྱ་སོགས་ཇི་ལྟར་ནུས་པ་བཟླ། སྟོང་ཚིགས་ཀྱི་མཆོད་བསྟོད་དང་ཚེ་འགུགས་བསྐུལ། སྲུང་མ་ལ་གཏོང་རག་གི་མཆོད་གཏོར་རྒྱས་པར་ཕུལ། ཚོགས་མཆོད། ལྷག་མ། བརྟན་སྐྱོང་བར་གཞུང་ལྟར་བྱ། བདག་ཉིད་མདུན་བསྐྱེད་ལས་ལོགས་སུ་ཕྱེ་སྟེ། ཀྱེ། བླ་མ་པདྨ་ཚེ་དཔག་མེད། །ཞི་ཁྲོ་རིག་འཛིན་མཁའ་འགྲོ་དགོངས། །བདག་ཅག་ལས་འཕྲོ་སྐལ་བར་ལྡན། །སྨིན་གྲོལ་ཡེ་ཤེས་ཚེ་དབང་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་མདུན་བསྐྱེད་གནས་ལྔ་ནས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་འོད་ཟེར་ཁ་དོག་དཀར་དམར་མཐིང་སེར་ལྗང་གུའི་མདོག་ཅན་དཔག་ཏུ་མེད་པ་བྱུང་རང་གི་གནས་ལྔར་ཐིམ། ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་དག །བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་རིག་རྩལ་གྱི་དབང་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། འབྲས་བུ་སྐུ་ལྔའི་ས་བོན་རྒྱུད་ལ་བཞག་པའི་མོས་པ་བྱ། མཆོད་ཅིང་བསྟོད། ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་


RTZ009_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བུམ་ནང་གི་ཡེ་ཤེས་པ་སྐུ་རྟེན་ལ་ཐིམ་པར་བསམས་ལ་བརྟན་བཞུགས་བྱ། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས་ཏེ། སྤྲོ་ན། ཧྲཱིཿ བཀྲ་ཤིས་འོད་གསལ་སོགས་ཀྱིས་བུམ་པའི་དངོས་གྲུབ་བླང་བས་མཚོན་བསྙེན་ཡིག་རྒྱས་པ་ལྟར་དང་། བསྡུ་ན་ལས་གཞུང་གི་དཀྱུས་ལྟར། ཧྲཱིཿ སྐྱེ་མེད་ཆོས་དབྱིངས་སོགས་བརྗོད་ཅིང་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང་། ཚེ་རིལ་དང་། ཚེ་ཆང་། དངོས་གྲུབ་ཀྱི་རྫས་རྣམས་ལ་ལོངས་སྤྱད་པས་བདུད་རྩིའི་དྭང་མས་རྩ་ཁམས་ཐམས་ཅད་ཁེངས་ཏེ་རྡོ་རྗེའི་སྲོག་འགྲུབ་ཅིང་དངོས་གྲུབ་ཀྱི་དགའ་སྟོན་རྒྱས་པར་བསམ། དེ་ནས། ཧྲཱིཿ སྣོད་བཅུད་ཐམས་ཅད་སོགས་བསྡུ་རིམ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ་གཞུང་ལྟར་བྱས་ལ། ཕྱི་རོལ་དུ་རྒྱལ་ཆེན་བཞི་ལ་གཏང་རག་གི་མཆོད་གཏོར་འབུལ་ཞིང་གཤེགས་སུ་གསོལ། ནང་དུ་ལོག་ལ་བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་སྤེལ། གྲུབ་ན་མཚམས་ཀྱི་ཁོངས་དེར་བཅུ་ཆའི་སྦྱིན་སྲེག་ཀྱང་ཚུལ་བཞིན་དུ་བྱའོ། །ཡང་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་རྐྱང་པ་བྱེད་ན། མདུན་དུ་ཚེ་དཔག་མེད་ཀྱི་སྐུ་བྲིས་འབུར་གང་རིགས་དང་མཆོད་གཏོར་ཙམ་བཤམ། གཞན་གོང་ལྟར་བསྙེན་


RTZ009_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཐེམས་པར་བྱ། གྲུབ་ན་མཇུག་ཏུ་ཉིན་གསུམ་མམ་གཅིག་ཏུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཚུལ་བཞིན་བཤམས་ལ། སྒྲུབ་ཅིང་མཆོད་པའི་མཐར་དབང་དང་དངོས་གྲུབ་བླང་བ་སོགས་ཀྱང་བྱ། གཞན་ཡང་མཚམས་ཀྱི་སྤང་བླང་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱ་བ་ཉིད་དོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཞུང་གི་དགོངས་པ་དང་། བླ་མ་རྣམས་ཀྱི་ཕྱག་བཞེས་ལྟར་མདོར་བསྡུས་ཏེ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།། །།


previousཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་བསྙེན་སྒྲུབ་གསལ་བྱེད་ཉུང་ངུ་བདུད་རྩིའི་སྙིང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།next