Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་ཐུགས་ཐིག་གི་ལས་བྱང་ཉམས་ལེན་སྙིང་པོར་དྲིལ་བ། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་ཐུགས་ཐིག་གི་ལས་བྱང་ཉམས་ལེན་སྙིང་པོར་དྲིལ་བ། འགྱུར་མེད་རྡོ་རྗེ།next

རིག་འཛིན་ཐུགས་ཐིག་གི་ལས་བྱང་ཉམས་ལེན་སྙིང་པོར་དྲིལ་བ། འགྱུར་མེད་རྡོ་རྗེ།


RTZ009_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཐུགས་ཐིག་གི་ལས་བྱང་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭསྟི། ལྷུན་གྲུབ་རིག་འཛིན་མཆོག་གི་སྐུར་བཞེངས་ནས། །དཀྱིལ་འཁོར་རྣམ་རོལ་རྡོ་རྗེ་ཐོད་ཕྲེང་རྩལ། །རྒྱལ་ཀུན་སྤྱི་གཟུགས་དེ་ལ་གུས་བཏུད་ནས། །གང་གི་སྒྲུབ་ཐབས་སྙིང་པོར་དྲིལ་ཏེ་བཤད། །འདིར་རིག་འཛིན་ཐུགས་ཐིག་གི་ལས་བྱང་སྙིང་པོར་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་ཆོ་གའི་རིམ་པའོ། །དང་པོ་ཡོ་བྱད་བཤམ་པ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཤམས་པའི་མདུན་དུ། སྟེགས་བུ་གཙང་མ་ལ་གཏོར་མ་སྨན་རག་མཆོད་པའི་ཚོགས་དང་། ཌཱ་དྲིལ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ཆོ་ག་ལས་སྔོན་འགྲོ་ལ། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ཞེས་སྐྱབས་འགྲོ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་ཉིད་རྡོ་རྗེ་དྲག་རྩལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྲུང་བའི་གུར་གྱིས་ཕྱོགས་ཀུན་ཁྱབ་པར་བསམ་ཞིང་། ཧཱུྃ༔ བདག་ཉིད་འགྱུར་མེད་གདོད་ནས་རྡོ་རྗེའི་སྐུ༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྲི་གུག་དང༔ རལ་གྲི་རྒྱ་གྲམ་འཁོར་ལོའི་ར་བ་གུར༔ ཁྲོ་ཆུང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུག༔ བསྐལ་པའི་མེ་ཆེན་དྲག་འཚུབས་རབ་འབར་བའི༔ གཞོམ་མེད་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཀྵ་ཏིཥྛ་ཧཱུྃ༔ ཞེས་བརྗོད་ཅིང་། གཉིས་པ་དངོས་གཞི་ལས་ལྷ་བསྐྱེད་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་སྟོང་ཉིད་ཀྱི་ངང་ལས་རྩལ་སྙིང་རྗེར་ཤར་བ་ཟུང་


RTZ009_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྒྱུའི་རིག་པ་ཧཱུྃ་དུ་རྫོགས་པར་བསམས་ནས། ཧཱུྃ༔ ཆོས་རྣམས་མི་དམིགས་སྟོང་གསལ་མཐའ་དབུས་བྲལ༔ མ་འགག་རང་རྩལ་ཀུན་ཏུ་མ་འདྲེས་གསལ༔ དེ་ཡི་ངང་ལས་རྒྱུ་མཆོག་ཧཱུྃ་མཐིང་གི༔ འོད་ཀྱིས་སྣང་གྲགས་འཁོར་འདས་སྟོང་པར་སྦྱངས༔ སྟོང་གསལ་ངང་ལས་རང་བྱུང་གཞལ་ཡས་ཁང་། །ཡེ་ཤེས་ཟེར་ལྔ་འཁྲུག་པའི་དཀྱིལ་འཁོར་དབུས། །པདྨ་ཉི་སྟེང་རྡོ་རྗེ་ཧཱུྃ་བཅས་ལས། །བདེ་གཤེགས་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལ༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་ཉམས་ཅན༔ སྟག་ཤམ་དྲིལ་གཡེར་རིན་ཆེན་རུས་རྒྱན་དང༔ སྣ་ཚོགས་དར་གྱི་ཅོད་པན་ལྷབ་ལྷུབ་མཛེས༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལོངས་སྐུའི་རྒྱན་སྤྲས་གཟི་བརྗིད་མཚན་དཔེའི་སྐུ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ དབྱིངས་ཕྱུག་མནྡཱ་ར་ཉིད་དམར་གསལ་མདོག༔ མཛེས་ཚུལ་དར་དཔྱང་རིན་ཆེན་རུས་པས་སྤྲས༔ ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྲིལ༔ བདེ་སྟོང་མཉམ་སྦྱོར་འཇའ་ཚོན་ཀློང་ན་བཞུགས༔ ཉི་མ་ལས་ནི་འོད་བཞིན་གཙོ་དང་འཁོར། །དག་པ་རབ་འབྱམས་དམ་ཚིག་འཁོར་ལོར་རྫོགས། །གནས་གསུམ་འབྲུ་གསུམ་གསལ་བའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་ས་མཱ་ཛཿ ཞེས་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བཏབ་ནས་


RTZ009_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་སྤྱན་དྲང་པ་ནི། ཧཱུྃ་ཧྲཱི༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ གཟུགས་སྐུ་འགྲོ་དོན་མཛད་ཕྱིར་སྐུར་སྤྲུལ་པ༔ བདེ་གཤེགས་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་སརྦ་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ནམ་མཁར་བྱོན་པའི་ལྷ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་པར་གྱུར་པར་བསམ་ཞིང་། ཐ་དད་དུ་འཛིན་པའི་ཞེན་པ་སྦྱང་ཕྱིར་བརྡའི་ཕྱག་ནི། ན་མོ༔ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ གདོད་ནས་གཉིས་མེད་འདུ་འབྲལ་མེད་པའི་ཀློང༔ རང་ཤེས་འཁྲུལ་སྤངས་ཡེ་ཤེས་ཆེན་པོའི་ངང༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཞེས་ཕྱག་བྱ། མཆོད་པ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་སྤྲིན་རྒྱ་མཚོས་མཆོད། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ མ་ཧཱ་རཀྟ་པཱུ་ཛ་ཧོ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྨན་རག་གཏོར་མས་ཀྱང་མཆོད་ནས། བསྟོད་པ་ནི། བརྗོད་བྱའི་དོན་རང་ཉིད་ལ་མངའ་བའི་ངར་འཛིན་དང་ཆོས་ཉིད་ཀྱི་རང་སྒྲས། ཧཱུྃ་ཧྲཱི༔ གདོད་ནས་རྣམ་དག་ཆོས་སྐུ་སྐྱེ་མེད་གཤིས༔ ལྷུན་གྲུབ་འགག་མེད་རང་གསལ་ལོངས་སྐུའི་རྩལ༔ སྣ་ཚོགས་ཕྲིན་ལས་བསམ་འདས་སྤྲུལ་པའི་སྐུ༔ རང་བྱུང་སྐུ་གསུམ་དོན་གྱི་ལྷ་ལ་བསྟོད༔ ཅེས་བསྟོད།


RTZ009_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་ནི་ལྷའི་རྣམ་པ་གསལ་ཞིང་རྣམ་དག་དྲན་ཅིང་ང་རྒྱལ་བརྟན་པ་གཞིར་བྱས་ནས། ཧྲཱིཿ ཐུགས་ཀར་ཡེ་ཤེས་སེམས་དཔའི་སྲོག་གི་གོར། །རྡོ་རྗེ་ཧཱུྃ་མཚན་གསང་སྔགས་ཕྲེང་བས་བསྐོར། །འོད་ཀྱི་འཕྲོ་འདུས་སྣང་གྲགས་ཆོས་ཉིད་ཀྱི། །ཡེ་ཤེས་རོལ་པར་འབྱམས་སུ་ཀླས་པར་གྱུར། །ཞེས་པ་ལྟར་བསྒོམས་ནས། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྙེན་སྔགས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སྒྲུབ་སྔགས་ཏེ་སེམས་རྩེ་གཅིག་པས་བཟླ་ཞིང་། རེས་འགོག་བཟླས་དང་རྡོ་རྗེའི་བཟླས་པའང་བྱ་ཞིང་། ཡང་ངོ་བོ་རང་སེམས་ཡེ་ནས་ལྷ་ཡིན་པར་ངེས་པའི་རང་བཞིན་ལྷ་སྐུར་ཤར་བའི་གསལ་སྣང་དང་ལྡན་པས་བཟླ་བ་དང་། ཡང་སྟོང་ཉིད་ལ་བློ་བཞག་པའི་ངང་ལས་སྙིང་རྗེའི་རྩལ་ལྷ་སྐུ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བསྒོམས་ནས་བཟླ་བ་དང་། ཡང་དེ་ལ་གསལ་སྣང་ཐོན་དཀའ་ན་བསྒོམ་བྱའི་ལྷ་བྲིས་སྐུ་རྣམ་པ་འཆར་བདེ་བ་ཞིག་མདུན་ན་གསལ་བའི་ལྷ་ལ་དམིགས་ནས་བཟླས་པས་ཀྱང་བོགས་ཐོན་ཅིང་། མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་བྱའི་ལྷ་ཉིད་མྱུར་དུ་འགྲུབ་པར་བྱའོ་སྙམས་པའི་སེམས་རྩེ་གཅིག་པས་བཟླས་པས་ཀྱང་ཆོག་སྟེ། ཆོས་ཐམས་ཅད་བསམ་པའི་ཁྱད་པར་དུ་གསུངས་པ་དང་། བཟླ་ཚུལ་དེ་དག་ཀྱང་། འཁྲུལ་འཁོར་ལུས་དང་རླུང་གི་གནད་དང་བསྟུན༔ ཞེས་གསུངས་པའི་ངེས་པ་ཅན་ནོ། །དེ་ལྟར་རང་གི་བློ་རྩལ་གྱིས་ཇི་ལྟར་ནུས་བཞིན་བཟླས་པའི་མཐར། དེ་ལྟར་གསལ་ཞིང་བསྙེན་པའི་ལྷ་ཚོགས་རྣམས༔ དུ་མར་སྣང་ཡང་རང་དང་ལྷན་ཅིག་སྐྱེས༔ ལྷ་དང་བདག་དབྱེར་མེད་པ་བརྗོད་བྲལ་ངང༔ མ་བཅོས་


RTZ009_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀ་དག་ཀློང་དུ་བཞག༔ ཅེས་གསུངས་པས་ལྷ་དང་བདག་གཉིས་སུ་མེད་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་ལ་ཅི་ནུས་སུ་བཞག་ནས་མཐར། ཨ༔ སྐྱེ་འགག་གནས་གསུམ་མཐའ་བྲལ་དོན་གྱི་ལྷར༔ གཤེགས་བཞུགས་དངོས་པོའི་མཚན་མས་དབེན་མོད་ཀྱི༔ འོན་ཀྱང་རང་གསལ་མ་འགག་སྣང་སྟོང་གཞི༔ སྐྱེ་མེད་ཐུགས་སྲོག་ཧཱུྃ་གི་ནཱ་དར་བསྡུ༔ བཛྲ་མུ༔ ལྷའི་གསལ་སྣང་རྣམས་མེ་ལོང་ལ་ཧས་བཏབ་པ་བཞིན་ཧཱུྃ་གི་ནཱ་དའི་བར་བསྡུས་ནས་རྟག་མཐའ་བསལ། སླར་ཡང་ལྷ་སྐུར་ལངས་ནས་ཆད་མཐའ་བསལ་ཏེ། དབྱེར་མེད་གཅིག་འདུས་རྡོ་རྗེའི་མཆེད་ལྕམ་གྱིས༔ རྨད་བྱུང་དམིགས་བཅས་དམིགས་མེད་དགེ་བགྱིས་མཐུས༔ ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང༔ ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་བྱང་ནས༔ འཕོ་མེད་ཆོས་ཀྱི་དབྱིངས་མཆོག་ཐོབ་པར་ཤོག༔ ཅེས་དགེ་བ་བསྔོ་བ་སོགས་ཐུན་མཚམས་ཀྱི་ལས་ལ་འཇུག་གོ །ཚེས་བཅུ་ལ་སོགས་པའི་དུས་ཀྱི་མཆོད་པ་རྣམས་ལ་ནི་ལས་བྱང་ཆེ་ཆུང་གཉིས་གང་འོས་དང་། རྒྱུན་གྱི་ཉམས་ལེན་ལ་འདི་ཁོ་ནས་དགོས་པ་འགྲུབ་པའི་གནད་དུ་དྲིལ་བའོ། །རིག་འཛིན་བླ་མའི་ཐུགས་ཀྱི་ཐིག་ལེའི་དཔྱིད། །སྐལ་བཟང་དད་པའི་བུམ་པར་སྐྱིལ་བ་ན། །མཆོག་ཐུན་དངོས་གྲུབ་འདོད་འཇོའི་འབྱུང་གནས་གང་། །འགྱུར་མེད་རྡོ་རྗེའི་སྡེ་ཡིས་ཡི་གེར་སྤེལ། །ཅེས་ཟབ་མོའི་ལམ་འདི་ལ་མི་ཕྱེད་དད་པས་རྣལ་འབྱོར་ལ་བརྩོན་པ་གྲྭ་ལྔ་དོན་ཀུན་གྲུབ་པའི་གསུང་ངོར་སྤེལ་བའོ།། །།


previousརིག་འཛིན་ཐུགས་ཐིག་གི་ལས་བྱང་ཉམས་ལེན་སྙིང་པོར་དྲིལ་བ། འགྱུར་མེད་རྡོ་རྗེ།next