Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ། སི་ཏུ་པདྨ་ཉིན་བྱེད།
   


 
previousདགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ། སི་ཏུ་པདྨ་ཉིན་བྱེད།next

དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ། སི་ཏུ་པདྨ་ཉིན་བྱེད།


RTZ009_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ་ཞེས་བྱ་བ་བཞུགས་སོ། །


RTZ009_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ཡང་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས་ཁྱད་པར་འཕགས་པ། བཀའ་གསང་བ་ལས་ཀྱང་ཆེས་གསང་བ། མྱུར་ལམ་གཏན་བདེ་འབད་མེད་དུ་སྩོལ་བ་ནི། ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་ཁོ་ན་ལས་གཞན་དུ་མ་གྱུར་ཅིང་། དེ་ལའང་གཞི་སྨིན་བྱེད་ཀྱི་ས་བོན་ལེགས་པར་མ་ཐེབས་ན། ལམ་ཟབ་མོ་བསྒོམ་ཡང་འདོད་པའི་འབྲས་བུ་ཐོབ་པར་མི་འགྱུར་བའི་ཕྱིར། སྨིན་བྱེད་ཟབ་མོས་རྒྱུད་བརླན་པ་གལ་


RTZ009_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞིང་། སྨིན་བྱེད་ལམ་གྱི་འཇུག་སྒོ་དེ་ལའང་དཔག་ཏུ་མེད་ཀྱང་། མཆོག་གི་དངོས་གྲུབ་ཐོབ་པར་འདོད་པས་ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྩོན་དགོས་ཚུལ་སྔགས་གསར་རྙིང་ཡོངས་ཀྱི་བརྗོད་དོན་གཅིག་ཏུ་ངེས་ཏེ། བདུད་རྩི་འབྱུང་བའི་རྒྱུད་ལས། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་གཅིག་པུ་བསྒོམ་པས་མཆོག །ཅེས་སོགས་ལུང་འབྱམས་ཀླས་ཤིང་། དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་བསྡུས་གུ་རུ་པདྨ་འབྱུང་གནས་ལས་ལྷག་པའི་བླ་མ་ནི་གཞན་དུ་མ་མཆིས་ཏེ། ཚུལ་ཇི་ལྟར་ཞེ་ན། གདོད་ནས་སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུའི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་བསྒྱུར་ཞིང་དུས་གསུམ་དུས་མེད་ཐམས་ཅད་དུ་


RTZ009_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད་ཚུལ་བསམ་གཞིག་གི་ཡུལ་ལས་འདས་ཀྱང་ཅུང་ཟད་ཙམ་་ཞིག་བརྗོད་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡོན་ཏན་བརྩེགས་པའི་རྒྱལ་པོ་ཞེས་བྱ་བས་རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་འགྲོ་དོན་དཔག་ཏུ་མེད་པ་མཛད་པ་དང་། དེ་དང་དུས་མཚུངས་པར་བདུད་རྩི་སྨན་སྦྱིན་ཆེན་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་སྤྲུལ་པ་དང་། དེ་བཞིན་དུ་སངས་རྒྱས་གཙུག་ཏོར་ཅན་གྱི་དུས་རྒྱལ་པོ་ཤིང་རྟ་ཅན་དང་། བྱང་སེམས་སྙིང་སྟོབས་ཆེན་པོ་ཞེས་པ་དང་། སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་དུས་སུ་ཆོས་རྒྱལ་གསེར་གྱི་དབང་ལག་དང་། སངས་རྒྱས་ལོག་པར་དད་སེལ་གྱི་དུས་ཆོས་སྐྱོང་ལྷའི་དབང་ཕྱུག་ཅེས་བདེ་བ་ཅན་གྱི་ཞིང་ནས་སྤྲུལ་པའི་ཚུལ་དུ་བྱོན་པའི་རྒྱལ་པོ་དང་། འཁོར་བ་འཇིག་གི་དུས་བྱང་སེམས་ཆུའི་འཁོར་ལོ་ཞེས་བྱ་བས་འགྲོ་བའི་དོན་མཛད། སངས་རྒྱས་གསེར་ཐུབ་ཀྱི་དུས་ཆོས་རྒྱལ་སྦྱིན་པ་ལ་དགའ་བ་དང་། འོད་སྲུང་གི་བསྟན་པ་ལ་ཆོས་རྒྱལ་སྟོབས་ལྡན་དྲག་པོ་ཞེས་བྱ་བར་སྤྲུལ་ཞིང། དུས་དེར་བྱང་ཆུབ་སེམས་དཔའ་ཀུན་སྙོམས་དགེ་བ་ཅན་བྱ་བར་ཡང་སྤྲུལ་པ་དང་། སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་དྷརྨ་ཧུ་ལ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞིག་དང་བཅས་བྱུང་སྟེ་འགྲོ་བའི་དོན་རྒྱ་ཆེར་མཛད་དོ། །སངས་


RTZ009_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་འཕགས་པ་ཤཱ་རིའི་བུ་དང་ཀུན་དགའ་བོ་སོགས་ཀྱི་སྐུར་བསྟན་ནས་བསྟན་པ་སྤེལ་བ་དང་། དེ་ནས་སྟོན་པ་ཞིང་འདིའི་གདུལ་བྱ་རྫོགས་པའི་སྐབས་སུ་མྱང་འདས་ཀྱི་མདོ་ལས། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཥའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། མདོ་སྡེ་གསེར་འོད་ལས་ཀྱང་། །རྒྱལ་བསྟོད་པདྨ་འབྱུང་གནས་དེ་འདྲ་བ། །ཚེ་རབས་དེ་དང་དེར་ནི་རྙེད་གྱུར་ཅིག །ཅེས་གསུངས་བཞིན་བདུད་དང་མུ་སྟེགས་འདུལ་བའི་ཕྱིར་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པ་པོར། དྷ་ན་ཀོ་ཥ་སྟེ་བོད་སྐད་དུ་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དུ། རང་བྱུང་པདྨ་གེ་སར་སྡོང་པོ་ལ་བརྫུས་སྐྱེས་སུ་སྐུ་འཁྲུངས། ཨོ་རྒྱན་གྱི་རྒྱལ་པོས་སྲས་ཀྱི་སྐལ་པར་སྤྱན་དྲངས། རྒྱལ་སྲིད་ཆོས་བཞིན་སྐྱོང་བས་ཡུལ་ཁམས་བདེ་ལ་བཀོད། སླར་ཡང་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་། རྡོ་རྗེ་རྣལ་འབྱོར་མ་དང་། གྲུབ་ཆེན་བརྒྱད་སོགས་བསྟེན་ནས་གསང་སྔགས་ཀྱི་ཆོས་རྣམས་གསན། འཛམ་གླིང་ཡུལ་གྲུ་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད། གུ་རུ་སྤྲུལ་པའི་མཚན་བརྒྱད་ཀྱི་སྐུར་བསྟན་ནས་འགྲོ་མང་སྨིན་


RTZ009_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལ་བཀོད། ཁྱད་པར་མཱ་ར་ཏི་ཀར་ཚེ་ལ་དབང་བ་དང་། ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་སོགས་རིག་པ་འཛིན་པའི་དངོས་གྲུབ་ཐམས་ཅད་བརྙེས། དགུང་ལོ་སུམ་སྟོང་ཉེར་བརྒྱད་བཞེས་པ་ན་བོད་ཡུལ་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས། དཔལ་གྱི་བསམ་ཡས་སོགས་མཐའ་དབུས་ཀྱི་གཙུག་ལག་ཁང་རྣམས་ལ་རབ་ཏུ་གནས་པ་མཛད། ལྷ་སྲིན་མི་སྲུན་པ་ཐམས་ཅད་བཏུལ་ནས་དམ་ལ་བཞག །རྗེ་འབངས་ཉེར་ལྔ་སོགས་གྲུབ་ཐོབ་ཀྱིས་ས་སྟེང་བཀང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོར་བྱེད་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་ཞིང་། བོད་ཡུལ་འདིར་ཆོས་གཏེར་དང་ནོར་གཏེར་གྲངས་མེད་པ་སྦས། དེ་ནས་ཛམ་གླིང་འགྲོ་བའི་དོན་དུ་དགོངས་པ་ཁྱད་པར་ཅན་གྱིས་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་གྱི་ཆེད་དུ་ཟངས་མདོག་དཔལ་རིར་རྫུ་འཕྲུལ་གྱིས་ཕེབས་ཏེ། སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་ནས་སྲིན་ཚོགས་ཆོས་ལ་བཀོད་པ་དང་། ཐུགས་རྗེའི་སྤྲུལ་པ། གསོལ་བ་འདེབས་ཤིང་ཚེས་བཅུའི་མཆོད་པ་ལ་འབད་པ་རྣམས་ཀྱི་དོན་དུ་རབ་དངོས། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་འབྱོན་ནས་རྗེས་སུ་འཛིན་པར་མཛད་དེ། ངེས་པའི་དོན་དུ་དང་པོའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་གནས་ཉིད་ལས་གཞན་དུ་མ་གྱུར་ཏེ། དེ་ལྟར་རྣམ་ཐར་མཛད་ཕྲིན་ངོ་མཚར་བསམ་ལས་འདས་པ་རིགས་


RTZ009_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདག་པདྨ་རྒྱལ་པོ་ཉིད་ཀྱིས། གངས་ཅན་བོད་ཀྱི་གདུལ་བྱ་རྣམས་ལ་རྗེས་སུ་གདམས་པའི་རིག་འཛིན་བླ་མའི་སྒྲུབ་ཐབས་གུ་རུ་ཙིནྟ་མ་ཎིའི་སྐོར་བརྒྱ་རྩ་ཙམ་ཟབ་མོའི་གཏེར་དུ་བཙས་པ་ལས་སྙིང་པོར་གྱུར་པ། སློབ་དཔོན་ཆེན་པོ་རྔ་ཡབ་གླིང་དུ་གཤེགས་ཀར། གུང་ཐང་ལ་ཐོག་ཏུ་ལྷ་སྲས་མུ་ཁྲི་བཙན་པོར་ཐུགས་བརྩེའི་ཞལ་ཆེམས་ཚུལ་དུ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མར་གྲགས་པ་འདི་ཉིད་ལྷ་སྲས་ཀྱིས་རུ་ལག་རྒྱང་གི་ལྷ་ཁང་དུ་སྦས་པ་སྤྲུལ་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་བཏོན། རིག་འཛིན་རྒོད་ལྡེམ་ཅན་གྱིས་ཤོག་སེར་མཁའ་འགྲོའི་བརྡ་ཡིག་ལས་བོད་ཡིག་ཏུ་འབེབ་པར་མཛད་དེ། སངས་རྒྱས་དངོས་སྣང་རིག་འཛིན་གཙོ་མཆོག་རྣམས་ལས་རིམ་པར་སྙན་དུ་བརྒྱུད་པའི་གསོལ་འདེབས་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བགྱིད་པ་སྐབས་སུ་བབ་པ་ཡིན་ཏེ། མངའ་རི་པན་ཆེན་པདྨ་དབང་རྒྱལ་གྱི་གཏེར་བྱོན་རིག་འཛིན་ཡོངས་འདུས་དང་ཤོག་སེར་དང་དགོངས་གཏེར་གྱི་ཁྱད་ཙམ་ལས་བཀའ་བབ་གཅིག་ཏུ་གྱུར་ཅིང་། ལྷ་སྔགས་རྫོགས་རིམ་སོགས་ངོ་མཚར་དུ་མས་ཁྱད་དུ་འཕགས་པའི་ཆོས་བཀའ་འདི་ནི་ཨོ་རྒྱན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་


RTZ009_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕྲད་སྲིད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ ཅེས་དང་། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ལུང་བསྟན་དུ། ཀཿཐོག་ཕྱོགས་ནས་ང་ཡི་སྤྲུལ་པ་ཡིས༔ སྟག་ར་ཀླུ་གང་སྤྲུལ་པ་བཟློག་ཀྱང་སྲིད༔ ཅེས་དང་། གཏེར་ཆེན་རོལ་པའི་རྡོ་རྗེའི་བྲག་གཏེར་ཕྱག་རྡོར་གྱི་ལུང་བྱང་ལས། ང་ཡི་གཏེར་གནས་གྲོ་ལོད་ཉེ་བ་ན༔ དཔལ་ལམ་དབང་པོའི་མཚན་ཅན་སྨེ་བ་ཡི༔ ག་ཤལ་ཅན་འབྱུང་དེ་ལ་གཏད་རྒྱ་དགོས༔ ཞེས་དང་། སྟག་ཚང་གྲོ་ལོད་ཀྱི་གསང་བའི་ལུང་བསྟན་ལས། པདྨ་ང་སྤྲུལ་ནག་པོས་བྱིན་བརླབས་ཤིང༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེར་སྐྱོན་མེད་མཁའ་འགྲོ་འདུ༔ ཞེས་སོགས་ཚད་གྲུབ་གཏེར་ལུང་མང་པོར་བསྔགས་པའི་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ། དཔལ་རྡོ་རྗེ་ཚེ་དབང་ནོར་བུའམ་འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ་ཞེས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ནག་པོ་པ་དང་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པའི་རོལ་པ་གཅིག་བསྡུས། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་སྤང་རྟོགས་ཡོན་ཏན་མཉམ་པ་ཉིད་ཀྱི་དགོངས་གཏེར་ཟབ་མོའི་བཀའ་སྲོལ་ཡིན་ཏེ།


RTZ009_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ཡེ་ཤེས་གསང་བ་ལས། ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ གཏེར་ཆེན་གཏེར་ཕྲན་བྱེ་བ་སྦས༔ ལས་ཅན་འཕྲད་པར་སྨོན་ལམ་བཏབ༔ འགྲོ་དྲུག་སྨིན་པར་སེམས་བསྐྱེད་ནས༔ འགའ་ཞིག་ནམ་མཁའི་ལྷ་ལ་གཏད༔ འགའ་ཞིག་ས་བདག་ཀླུ་ལ་གཏད༔ འགའ་ཞིག་དམ་ལྡན་སློབ་མ་ལ༔ མགོ་བོར་ཡེ་ཤེས་རྡོ་རྗེ་བཞག༔ དམ་ཚིག་བདུད་རྩི་བླུད་བྱས་ནས༔ ཐ་ཚིག་མི་བརྗེད་སྨོན་ལམ་བཏབ༔ ཀུན་གཞིའི་མཚོ་ལ་གཏེར་དུ་སྦས༔ ཞེས་གསུངས་བཞིན་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་རྒྱལ་དབང་པདྨ་འབྱུང་གནས་དང་ཡང་ཡང་མཇལ་ཞིང་དབང་བསྐུར་བྱིན་བརླབས་རྗེས་སུ་གནང་བའི་དགོངས་གཏེར་ཐུན་མོང་མ་ཡིན་པ་འདི་ཉིད་ཀྱི་དབང་ནི་རིག་འཛིན་ཉིད་དང་ཡེ་ཤེས་སྤྲུལ་རྒྱུད་གཅིག་པའི་གཏེར་སྟོན་རོལ་པའི་རྡོ་རྗེས་འགྱུར་མེད་གཏན་འཁྱིལ་མཚོ་ལས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བླ་མ་རྒྱལ་བ་ཀུན་འདུས་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་ཀྱི་ལུགས་སུ་ཐོབ་པའི་ཕན་ཡོན་ནི། གཞུང་རྩ་བ་རྡོ་རྗེའི་ཚིག་ལས། བླ་མའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས༔ དེ་ཡི་བསྐྱེད་སྔགས་རྫོགས་རིམ་རྩ་བ་ཡིན༔ སྒྲུབ་ཐབས་བཅུ་གསུམ་མེ་ཕྲེང་སྨན་གྱི་བླ༔ རྨུགས་འཛིན་


RTZ009_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་དམག་དང་ནད་མུག་བཟློག༔ རྡོ་རྗེ་ཐོད་ཕྲེང་ཟིལ་གནོན་སེང་གེ་སྒྲ༔ གཏེར་དང་སྦས་ཡུལ་སྒོ་འབྱེད་འབྲོག་ཆེན་སྒྲོལ༔ པདྨ་བཛྲ་རྟ་ནག་གྲོ་བོ་ལོཏ༔ འབྱུང་བཞིའི་གནོད་པ་ཨར་ཇག་དགྲ་བོ་ཞི༔ སྤྱན་རས་གཟིགས་དང་སྣང་མཐའ་ཀུན་བཟང་གིས༔ འཆི་དང་བར་དོའི་དུཿཁ་དྲག་པོ་སེལ༔ ཀུན་གྱི་ངོ་བོ་རྩ་བའི་བླ་མ་སྟེ༔ དེ་བསྒྲུབ་གུ་རུའི་ཐུགས་རྗེས་འཕོ་མེད་གཟིགས༔ ཞེས་དང་། གུ་རུའི་ཐུགས་སྒྲུབ་གཞན་ལས་ཀྱང་། ཆོས་འདི་ཞལ་ཕྱེས་པ་ཙམ་གྱིས་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་ཤིང་རླུང་འཚུབས་ཆུང༔ དད་འདུན་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་དུ་འགྲོའོ༔ ཞེས་དང་། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་ལྟར་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་འཕགས་པ། ཆོས་བདག་ལས་ཅན་སྐྱེས་བུ་མཆོག་རྣམས་ཀྱི་ཞལ་ནས་ཞལ་དང་། སྙན་ནས་སྙན་དུ་བརྒྱུད་པ། ལམ་ཟབ་བླ་མའི་སྙིང་ཐིག །མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་


RTZ009_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བའི་དབང་བསྐུར་ཟབ་མོ་བགྱིད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སོང་ནས། སློབ་མའི་བྱ་བར་འོས་པ་མཎྜལ་ཕུལ། ཞེས་པ་འདིའང་༧སི་ཏུ་པ་པདྨའི་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་དྷྱ་ན་ནིརྨ་ཀཱ་ཡ་ཞེས་པས་བགྱིས་པའོ། །མངྒ་ལཾ།། །།


previousདགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ། སི་ཏུ་པདྨ་ཉིན་བྱེད།next