Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ། བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ། བསྟན་གཉིས་གཡུང་དྲུང་གླིང་པ། next

རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །


RTZ010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་ར་ཡ། དུས་གསུམ་རྒྱལ་བ་འདུས་པའི་སྐུ །གསང་ཆེན་ངེས་པའི་ཆོས་ཀྱི་མཛོད། །ནམ་མཁའ་དང་མཉམ་ཕྲིན་ལས་ཅན། །རྗེ་བཙུན་པདྨའི་ཞབས་ལ་འདུད། །ཡེ་ཤེས་ཀློང་དགུའི་རིག་འཛིན་གྱི། །སྒྲུབ་ཐབས་ཀུན་གྱི་མཐར་ཐུག་པ། །ཀློང་ཆེན་ནམ་མཁའ་མཛོད་ཀྱི་བཅུད། །སྤྱོད་ལ་སྨིན་པར་བྱེད་འདི་འོ། །དཀྱིལ་འཁོར་ཆེན་པོ་གཞན་དག་ཏུ་ཕྱི་ཕན་པའི་དབང་གིས་སྨིན་པ་ལ་ནང་ནུས་པ་འཇུག་པའི་སྒེར་དབང་རྩ་གཞུང་དངོས་བསྟན་ལྟར་བསྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད་དང་དབང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། དབེན་ཞིང་ཉམས་དགའ་བའི་གནས་སུ་སྟེགས་གཙང་མར་ཞི་དཀྱིལ་སྒོ་རྫོགས་ལྷ་མཚན་གཞུང་མཐུན་བྲིས་པའམ་མཎྜལ་ལ་མེ་ཏོག་ཚོམ་བུ་གཙོ་འཁོར་དགུ་བཀོད་པས་ཀྱང་རུང་སྟེ། དེའི་དབུས་མཉྫི་ལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་འདི་ཉིད་ཀྱི་གཞུང་པོད་གླེགས་བམ་མ་འཛོམ་ན་སྒྲུབ་ཐབས་སོགས་ཆོས་ཚན་དར་གྱིས་དྲིལ་བ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་རའི་ཐིག་ལེ་ཅན་གྱི་སྟེང་ཤེལ་རྡོ་དང་། ལོགས་སུ་རིག་ཙཀ་བཀོད་པ་ལ་དར་གུར་དབུབ། སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། བཀའ་སྲུང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་སྤྱི་ལྟར་འདུ་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ནང་སྒྲུབ་རིག་འཛིན་འདུས་པའི་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྒོམ། རྟོགས་པ་དམན་ན་ཛཔ྄་ཁང་དབྱེ། བཟླས་པའི་


RTZ010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གབ་བྱང་ལྟར་ཏིང་ངེ་འཛིན་གསལ་གདབ་ལ་བསྙེན་སྒྲུབ་ཀྱི་བཟླས་པ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་འདུས་པའི་དཀྱིལ་འཁོར་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གསལ་བཏབ་ནས་གཟུངས་ཐག་བླངས་ལ་བསྙེན་སྒྲུབ་བཟླས་པ་བརྒྱ་རྩ་རེ་ལས་མི་ཉུང་བ་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང་། །པདྨ་དབང་ཆེན་སྐུ་མདོག་དམར། །པདྨའི་དབྱུག་ཏོ་ཞགས་པ་འཛིན། །འདོར་ཐབས་ཡེ་ཤེས་མེ་ཀློང་འགྱིང་། །སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་ཙམ་བཟླས། མཐར་མཆོད་བསྟོད་བྱ། ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས། བཀའ་སྲུང་གཏོར་འབུལ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དབང་དངོས་ལ་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་སྤྱི་ལྟར་བསྔོ། ལས་བྱང་གི་བཀའ་བསྒོ་དང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་དང་མཚམས་སྦྱོར་གྱི་ཁྱད་པར། དེའང་མཚོན་བྱ་དོན་གྱི་མན་ངག་རང་བྱུང་གི་གསང་བ་ཆེན་པོ་མཚོན་བྱེད་བརྡ་དང་ཚིག་ཏུ་ཤར་བའི་རྒྱུད་ལུང་མན་ངག་ཐམས་ཅད། རྒྱལ་བ་རྣམས་ཀྱི་ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས་པ་དང་། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་


RTZ010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རིག་འཛིན་རྣམས་ཀྱིས་འབྱུང་བས་མི་ཤིགས་པའི་སྒྲོམ་བུ་ལ་བརྟེན་ཏེ་སའི་གཏེར་དུ་སྦས་ཤིང་གདུལ་བའི་དུས་སུ་སོན་པ་ན་ལས་ཅན་རྣམས་ཀྱིས་རྡོ་རྗེའི་རྒྱ་བཀྲོལ་ནས་མངོན་དུ་སྣང་བར་མཛད་པ་ལས། འདིར་ནི་བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་དང་། ཨོ་རྒྱན་ཆོས་རྗེ་གླིང་པའི་ལུང་བྱང་ལས། དབུ་གཡོར་གཞུང་དུ་བྱང་སེམས་པདྨའི་མིངཿ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལཿ ཞེས་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་པས་གྲུབ་པ་ཆེན་པོའི་སར་བཞུགས་པ་ལ་རྩོད་པ་མེད་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་རྣམ་རོལ་རིག་འཛིན་ཆེན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རམ་པདྨ་དབང་ཆེན་ཡེ་ཤེས་རྡོ་རྗེ་རྩལ་ལ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོས་ཀློང་ལྔའི་བརྡ་རིས་ཕྱག་ཏུ་སྤྲད། ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་དངོས་ཉམས་ཀྱི་སྣང་བར་ཡང་ཡང་བྱིན་གྱིས་བརླབས་ཤིང་དགོངས་ཀློང་དབྱེར་མེད་དུ་གྱུར་པ་ལ་བརྟེན། ཀློང་ཆེན་ནམ་མཁའ་མཛོད་ཀྱི་ཐུགས་གཏེར་ཆེན་མོ་གཏན་ལ་ཕབ། བོད་ཁམས་མཐའ་དབུས་རྒྱ་ཧོར་ཚུན་ཆད་དུ་ཕྲིན་


RTZ010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་སྔོན་ཆད་མ་གྲོལ་བའི་ལུས་ཅན་བགྲང་ལས་འདས་པ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་མཛད་པའི་ཟབ་ཆོས་ཁྱད་པར་ཅན་ཀློང་ཆེན་སྙིང་གི་ཐིག་ལེ་ལས་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བདག་ནི་སྐལ་ལྡན་རིགས་ཀྱི་བུཿ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལཿ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུཿ འཇུག་ཅིང་སྨིན་པར་མཛད་དུ་གསོལཿ ལན་གསུམ། ཧོཿ གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ འཇུག་པར་དཀའ་ལ་ཁེ་ཉེན་ཆེཿ དམ་ཚིག་ཉམས་ན་བརླག་འགྱུར་བསཿ དམ་སྲུང་དབང་བསྐུར་སྦྱིན་པར་བྱཿ ཞེས་བསྒོ་ཞིང་གནང་བ་སྦྱིན། བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོཿ བདག་དང་མཐའ་ཡས་སོགས། ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་པ་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང་། དེའི་ཆེད་དུ་བླ་མ་རིག་འཛིན་འདུས་


RTZ010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ རིག་འཛིན་དཀྱིལ་འཁོར་སོགས་གསུམ། དེ་ནས་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པས་གསག་སྦྱང་སྤེལ་གསུམ་བགྱི་བ་ལ། སྐྱེ་བ་མེད་པའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་དུ་ཤེས་རབ་རང་བྱུང་གི་སྒྲོན་མ་འོད་གསལ་བསམ་བརྗོད་ལས་འདས་པའི་ཡེ་ཤེས་དབྱིངས་གདོད་ནས་རྣམ་དག་རང་བྱུང་སྐུ་གསུམ་ལྷའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ། བརྟེན་པ་རིག་གདངས་སྤྲུལ་པའི་ལྷ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་མཐོང་བས་ལྷ་དང་ལྟ་བ་མཇལ་བའི་ཕྱག་འཚལ་ཞིང་། དེ་ལས་འཇའ་ཚོན་ཟེར་ཐིག་གི་ཉམས་སྣང་གོང་དུ་འཕེལ་བའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང་། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་བཤགས་ཤིང་། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང་། ཕྱིར་གསལ་འཕོ་ཆེན་ཡེ་ཤེས་ཀྱི་སྐུས་གསུང་རྡོ་རྗེའི་རྒྱུན་གྱིས་རྟག་པའི་ཀློང་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་རྒྱུན་ཆད་མེད་


RTZ010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྐོར་ཞིང་། འཇའ་ལུས་རྡོ་རྗེའི་སྣང་བརྙན་ཆེན་པོ་སྲིད་པ་ཇི་སྲིད་དུ་བཞུགས་གསོལ་འདེབས་པ་དང་། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་གཞོན་ནུ་བུམ་པ་སྐུའི་ཀློང་དུ། ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ་ཁྱད་པར་ཅན་གྱི་ལྟ་སྒོམ་གྱི་གནད་དྲན་པས་འདིའི་རྗེས་ཟློས། ཧོཿ ཆུ་ལས་ཆུ་བུར་སོགས་ལན་གསུམ། དབང་གི་གཞི་རྟེན་བསྒྲུབ་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་བྲལ་འོད་གསལ་སྟོང་པ་ཉིད་ཀྱི་རང་མདངས་ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་རིགས་འདུས་རྗེ་བཙུན་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཆ་བྱད་དཀར་ལ་དམར་བའི་མདངས་ཅན་ཕྱག་གཡས་སྡིགས་མཛུབ་དང་བཅས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར་བ། གཡོན་མཉམ་གཞག་གི་ཕྱག་རྒྱས་བྷནྡྷ་དང་ཚེ་བུམ་བཅུད་ལྡན་བསྣམས་པ། དབུ་ལ་པདྨའི་སྙན་ཞུ་དང་སྐུ་ལ་ཕོད་ཀ་ཆོས་གོས་བེར་ཕྱམ་བརྩེགས་མར་གསོལ་བ། མཆན་ཁུང་གཡོན་དུ་རང་འོད་ཡེ་ཤེས་མཁའ་འགྲོས་འཁྱུད་ཅིང་ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་འོད་ཟེར་ཐིག་གི་ཀློང་ན་འགྱིང་ཞིང་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་


RTZ010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་མུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དང་ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ཁམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པ་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་མཛོད་ཅིག །སྦྱར་བའི་སྤོས་བསྲེག །ཌཱ་དྲིལ་དབྱངས་ཀྱིས་བསྐུལ་ལ་ལས་བྱང་ལྟར། སྔོན་བསྐལ་མ་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཨཱ་རལླི་ཕེཾ་ཕེཾ་བཏགས་པ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ་དང་རྡོ་རྗེའི་རྒྱས་གདབ། དེས་དབང་གི་སྣོད་རུང་དུ་སྒྲུབ་པ་སྦྱོར་བའི་ཆོས་རྣམས་སོང་ནས། དངོས་གཞི་དབང་བསྐུར་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་ཡོངས་རྫོགས་བཀའ་གཏད་པ་དང་ལྔར་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་ནས་གཏོར་བླུགས་ཀྱི་ཆོ་ག་བསྩལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃཿ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡསཿ


RTZ010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་གཉིས་མེད་བདུད་རྩིའི་ཆུསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིངཿ ཀུན་ཏུ་འོད་ཀྱི་ས་ནོན་ཤོགཿ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ སྤྱི་བོར་བཞག་ལ་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །གཉིས་པ་གསང་དབང་གི་སླད་དུ། སློབ་དཔོན་རིགས་འདུས་ཐོད་ཕྲེང་རྩལ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་བཅུད་བྷནྡྷའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་མགྲིན་པར་མྱང་བར་མོས་ཤིག །གསང་རྫས་བྱིན་ལ། ཧཱུྃཿ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམསཿ དཀར་དམར་བནྡྷའི་ནང་དུ་བསྐྱིལཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ རྩ་ཁམས་ཡི་གེའི་རྣམ་པར་སྨིནཿ ཚེ་ལ་དབང་བའི་རིག་འཛིན་ཐོབཿ པདྨ་ཅན་གྱི་ས་ནོན་ཤོགཿ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་


RTZ010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་མགྲིན་པ་ནས་ཞུགས་སྙིང་ཁར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་མོས་ལ་འདིའི་རྗེས་ཟློས། བསྙེན་སྔགས་དང་སྒྲུབ་སྔགས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །དེ་ལྟར་གསང་བའི་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་ཅིང་རིགས་དང་སྐལ་པ་མཆོག་དང་ལྡན་པའི་ཤེས་རབ་མ་ལག་ཏུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེཿ བདེ་བ་ཆེན་པོ་གསང་བའི་ཡུམཿ རིགས་ཀྱི་བུ་ལ་བྱིན་པ་ཡིསཿ དགའ་བཞིའི་ཡེ་ཤེས་མངོན་དུ་གྱུརཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབཿ འཁོར་ལོ་ཚོགས་ཆེན་ས་ནོན་ཤོགཿ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ དེ་ལྟར་བྱིན་པའི་རིག་མ་དེས་ཀྱང་། པདྨ་བྷཉྫ་མོཀྵ་ཧོཿ ཞེས་ཐར་པ་བརྟེན་པར་བསྐུལ་ཏེ་པང་དུ་བྱོན་པ་དང་འདུ་ཤེས་གསུམ་ལྡན་གྱིས་རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་དབང་གསུམ་པ་བསྐུར་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་


RTZ010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འགག །གཞན་ལུས་ཕོ་ཉའི་ལམ་གྱིས་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་ལ་དབང་། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་བརྡ་ཚིག་གི་དབང་ལ། གཞི་ཀ་དག་གི་ལྟ་བ་མཚོན་པའི་མེ་ལོང་དྭངས་གསལ། ལམ་ལྷུན་གྲུབ་ཀྱི་སྒོམ་པ་མཚོན་པའི་འཇའ་ཤེལ་ལ་བརྟེན་ནས་དཔེ་དོན་འབྲེལ་བའི་འོད་གསལ་གྱི་རང་ངོར་མཉམ་པར་ཞོག་ཅིག །ཤེལ་རྡོ་མེ་ལོང་བསྟན་ལ། ཧོཿ ཀ་དག་མེ་ལོང་གཙང་མའི་ངོགསཿ ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལཿ བརྡ་རྟགས་རྫོགས་པའི་དབང་བསྐུར་བསཿ དྲི་མེད་རིག་པའི་གནས་ལུགས་རྟོགསཿ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནསཿ བདེ་བ་ཆེན་པོའི་ས་ནོན་ཤོགཿ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཁྱེད་རང་རྣམས་ལུས་གནད་སྲོངས་ལ་ཀ་དག་སྤྲོས་མཐའ་བྲལ་བའི་ངང་དུ་མཉམ་པར་འཇོག་འཚལ། ཞེས་རེ་ཞིག་བཞག །དེའི་ངང་ལ། ཕཊ་དྲག་པོ་ཞིག་བརྗོད། སེམས་གང་ཡིན། ཞེས་རྟབ་རྟབ་ཏུ་དྲིས་པས། སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མེད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་


RTZ010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེ། །ཞེས་གསུངས་པའི་དོན་ལགས་སོ། །དེ་ནས་སློབ་དཔོན་རྟོགས་དགོངས་ཅན་ཡིན་ན་ཐུགས་ཀར་ཨཿཞིག་གསལ་བ་ལ་སློབ་མའི་རིག་པ་གཏད་དུ་གཞུག་ལ་དཔོན་སློབ་གཉིས་ཀ་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས་ཨཿཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་དོ། །དེ་ལྟར་དབང་བཞི་པ་བསྐུར་པས་ཀུན་གཞི་ལས་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པའོ། །ལྔ་པ་བཀའ་ལུང་ཡོངས་རྫོགས་གཏད་པ་ཡིན་པས། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་དག་གི་དགོངས་བརྒྱུད་བྱིན་རླབས་མཐའ་དག་ཁྱེད་རང་གི་རྒྱུད་ལ་འཕོས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཚིག་དང་དོན་གྱི་གསང་བ་མཐའ་དག་ལ་དབང་ཆེན་ཐོབ་པར་མོས་ཤིག །གླེགས་བམ་མགོར་བཞག་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོཿ ལོངས་སྐུ་རྒྱལ་བ་རིགས་ལྔཿ སྤྲུལ་སྐུ་དགའ་རབ་རྡོ་རྗེཿ སློབ་དཔོན་འཇམ་དཔལ་བཤེས་གཉེནཿ རིག་འཛིན་ཤྲཱི་སིཾ་ཧཿ པཎ་ཆེན་བི་མ་མི་ཏྲཿ ཨོ་རྒྱན་པདྨ་ཐོད་ཕྲེངཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལཿ མངའ་བདག་ཁྲི་སྲོང་ལྡེའུ་བཙནཿ རྒྱལ་སྲས་དྲི་མེད་འོད་ཟེརཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མཿ ཡི་དམ་མཁའ་འགྲོ་


RTZ010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོཿ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིསཿ དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལཿ བྱིན་གྱིས་བརླབ་ཏུ་གསོལཿ རྟོགས་པ་སྤར་དུ་གསོལཿ བརྟུལ་ཞུགས་བསྐྱེད་དུ་གསོལཿ བྱ་བྲལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལཿ ཞེས་ལན་གསུམ་བརྗོད་ཅིང་རིག་པ་གཏད་མེད་ངང་དུ་བཞག་ལ་དོན་བརྒྱུད་འཕོ། ཤིས་པ་བརྗོད། དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་གི་ཐིག་ལེའི་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལེགས་པར་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཅི་ནུས་ཀྱི་འབད་པས་བསྲུང་སྙམ་པས་འདིའི་རྗེས་ཟློས། རྩ་བ་སྐུ་གསུང་ཐུགས་མཆོག་དངཿ ཡན་ལག་དམ་ཚིག་ཉི་ཤུ་ལྔཿ མེད་དང་གཅིག་པུ་ཕྱལ་བ་སོགསཿ ཆོ་ག་བཞིན་དུ་བསྲུང་བར་བགྱིཿ ལན་གསུམ། གཏང་རག་མཎྜལ་འབུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཁྱབ་བདག་བླ་མ་ཉིད་ལ་འབུལ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་


RTZ010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལན་གསུམ་དང་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། གསུམ་པ་ནི། སློབ་དཔོན་གྱིས་རིག་འཛིན་འདུས་པའི་ལས་བྱང་ལྟར་ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་སྤྱིའི་འགྲོས་དང་མཐུན་པར་མཐར་དབྱུང་། གྲུབ་ན་བཀའ་སྲུང་མ་མགོན་སོགས་དང་སྐོང་བཤགས་རྡོ་རྗེའི་ཐོལ་གླུ་སོགས་ཀྱང་སྐབས་དང་མཐུན་པར་སྦྱར་རོ། །དབང་གི་སྤྱི་དོན་སྙིང་པོ་རབ་གསལ་དང་སྦྱར་བའི་ཕྱག་ལེན་རྒྱས་པ་ལྷ་དབང་དང་སྦྱར་བ་ནི་གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་གྱི་གསུང་ལས་རྟོགས་པར་བྱའོ། །གྲུབ་པ་རྒྱ་མཚོའི་གཅེས་པའི་དབྱིག །འདིར་བརྟེན་གྲུབ་པའི་བཤུལ་ལམ་སྙོགས། །ལྷུན་གྱིས་གྲུབ་པའི་རིག་འཛིན་སྐུར། །མངོན་བྱང་ཚེ་འདིར་ཆུབ་པར་ཤོག །ཅེས་པའང་ཁྱེར་བདེ་སྙིང་པོར་བཟུང་ནས་རྩ་གཞུང་གི་དགོངས་པ་ཇི་ལྟ་བར་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་བགྱིས་པ་དགེ་ལེགས་འཕེལ།། །།


previousརིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་མཚམས་སྦྱོར་ཁྱེར་བདེས་བརྒྱན་པ་པདྨའི་དོ་ཤལ། བསྟན་གཉིས་གཡུང་དྲུང་གླིང་པ། next