Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ། བློ་གྲོས་མཐའ་ཡས།next

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ། བློ་གྲོས་མཐའ་ཡས།


RTZ010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ་བཞུགས་སོ། །ཧཱུྃ་ཧྲཱིཿ ཚོགས་ཁང་པདྨ་དྲྭ་བ་བྱིན་རེ་ཆགས། །ཚོགས་པའི་རྣལ་འབྱོར་ཕོ་མོ་དམ་རེ་གཙང་། །ཚོགས་གཞོང་པདྨ་བྷཉྫ་རྒྱ་རེ་ཡངས། །ཚོགས་རྫས་ཡེ་ཤེས་བདུད་རྩི་བཅུད་རེ་ཆེ། །བརྟན་གཡོའི་སྣོད་དུ་སྲིད་ཞིའི་དཔལ་འབྱོར་གཏིབས། །རང་ལུས་བྷནྡྷར་ཕུང་ཁམས་བདུད་རྩིས་བཀང་། །དྷཱུ་ཏིའི་པད་སྣོད་ཐིག་རླུང་དམར་ཆེན་གཏམས། །དབྱིངས་ཀྱི་གཞོང་པར་རིག་པའི་གཏོར་ཆེན་བཤམས། །སྒྲོན་དྲུག་སྦུབས་སུ་སྣང་བཞིའི་འདོད་ཡོན་བཀྲ། ཁྱད་པར་རྨད་དུ་བྱུང་བའི་དམ་ཚིག་རྫས། །རང་བྱུང་སྒྱུ་འཕྲུལ་རྒྱན་གྱི་རོལ་མོ་ཡིས། །ཚེ་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །སྐུ་ལྔའི་ཚེ་དབང་མཐར་ཕྱིན་དངོས་གྲུབ་སྩོལ། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ཐུགས་དམ༴ འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ༴ དཀྱིལ་འཁོར་གཙོ་མཆོག་གུ་རུའི༴ སྣང་སྲིད་ཟིལ་གྱིས་གནོན་པའི༴ འགྲོ་མགོན་རྒྱལ་བའི་གདུང་འཛིན༴ ཁམས་གསུམ་དབང་དུ་འདུས་པའི༴ པཎ་ཆེན་སྨྲ་བའི་སེངྒེའི༴ མཁྱེན་གཉིས་ཡེ་ཤེས་རྒྱས་པའི༴ གུ་རུ་སྐྱེས་མཆོག་ཚུལ་བཟང་༴ འདོད་དགུ་ཆར་བཞིན་འབེབ་པའི༴ བདུད་


RTZ010_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་འགྲན་གྱི་དོ་མེད༴ བར་ཆད་བདུད་དཔུང་འཇོམས་པའི༴ དཔལ་ཆེན་འཛམ་གླིང་རྒྱན་གཅིག༴ དུག་ལྔ་རང་སར་གྲོལ་བའི༴ རྫོགས་པའི་སངས་རྒྱས་པད་འབྱུང་༴ ལྷུན་གྲུབ་གྲོལ་བ་བཞི་ལྡན༴ ཁྱད་པར་འཕགས་པའི་རིག་འཛིན༴ འགྲོ་འདུལ་ཕྲིན་ལས་མཐའ་རྒྱས༴ ཁྲོ་རྒྱལ་རྫུ་འཕྲུལ་མཐུ་ཆེན༴ དམ་སྲི་གདུག་པ་ཚར་གཅོད༴ ཁྲག་འཐུང་རྡོ་རྗེ་དྲག་རྩལ༴ ཆེ་བཙན་འགྲན་ཟླ་བྲལ༴ དཔལ་ཆེན་སྐལ་ལྡན༴ ལས་བཞི་གྲུབ་བརྒྱད་མཆོག་གི༴ གསང་བདག་རཀྴ་ཐོད་ཕྲེང་༴ སྲི་ཀེག་གཡུལ་ལས་རྒྱལ་བའི༴ ཁྱབ་བདག་བདེ་ཆེན་རྒྱལ་པོའི༴ འཆི་མེད་འཇའ་ལུས་རྡོ་རྗེའི༴ སྒོ་སྲུང་དཔའ་བོ་ཡབ་ཡུམ༴ ལས་བཞི་ལྷུན་གྱིས་གྲུབ་པའི༴ མྱུར་མཛད་འཕགས་མ་སྒྲོལ་མའི༴ འབྱུང་བཞི་ཕྱི་ཡི་བར་ཆད་ཕྱི་རུ་སོལ། །གཏུམ་ཆེན་མི་གཡོ་མགོན་པོའི༴ རྩ་རླུང་ནང་གི་བར་ཆད་ནང་དུ་སོལ། །གསང་བདག་རྡོ་རྗེ་བེ་ཅོན༴ འཁྲུལ་རྟོག་གསང་བའི་བར་ཆད་དབྱིངས་སུ་སོལ། ཁྲོ་རྒྱལ་སྨེ་བ་བརྩེགས་པའི༴ གྲིབ་དང་མི་གཙང་འབྱུང་ལྔའི་ཀློང་དུ་སྦྱོངས། །འཆི་བདག་ལས་ཀྱི་གཤིན་རྗེའི༴ དུས་མིན་འཆི་ཟློག་བསྟན་དགྲ་ཁྲམ་ལ་ཐོབ། །དུར་ཁྲོད་བདག་པོ་


RTZ010_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོའི༴ ཟས་ནོར་ཕྱུགས་སྤེལ་དགྲ་ཇག་ཆོམ་རྐུན་ཆིངས། །ཞིང་སྐྱོང་ལྷ་སྨན་མཆེད་ལྔའི༴ མཆོག་ཐུན་གྲུབ་སྩོལ་དུས་འཁྲུགས་མཐའ་དམག་ཟློག །གཏེར་སྲུང་རྡོ་རྗེ་ཁྱུང་བཙུན༴ རྣལ་འབྱོར་འཁོར་སྐྱོངས་ཐུགས་ཏིག་མཁའ་ཁྱབ་སྤེལ། །རྩ་གསུམ་ཀུན་འདུས་སྣང་སྲིད་ཟིལ་གནོན་གྱི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དབྱིངས་སུ་བསྐང་། །བདག་ཅག་མ་རིག་དབང་གྱུར་སྒོ་གསུམ་གྱིས། །རྩ་བ་ཡན་ལག་དམ་ལས་འགལ་བ་རྣམས། །གདོད་ནས་མ་བྱུང་མ་སྐྱེས་མི་གནས་པར། །རྣམ་དག་ཡེ་གྲོལ་ཆེན་པོའི་ངང་དུ་བཤགས། །ཚེ་དབང་ལོངས་སྤྱོད་མཆོག་གི་དངོས་གྲུབ་སྩོལ། །འཁྲུལ་རྟོག་བག་ཆགས་ཆོས་ཉིད་དབྱིངས་སུ་ཟློག །ལྷུན་གྲུབ་སྣང་བཞིའི་གདངས་རྩལ་མཐར་ཕྱིན་ནས། །ཀ་དག་ཆོས་ཟད་གཞོན་ནུ་བུམ་སྐུའི་ངང་། །ཀུན་བཟང་པདྨ་རྒྱལ་པོ་མཆོག་འགྲུབ་ཤོག །སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེ་ལྗོངས་རྒྱུ་བའི་ཚེ་མགོ་ཟླའི་ཚེས་བཅུར་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ག་ཎ་པཱུ་ཛ་བརྒྱ་ཕྲག་རྩོམ་པའི་སྐབས་སུ་བབ་པ་ན། གང་ཤར་རང་གྲོལ་གྱི་རི་མོ་གློག་གི་གར་མཁན་ལྟར་དགེ་བའི་མཚན་མ་དང་ལྷན་ཅིག་སྣང་བའང་དོན་དང་ལྡན་པར་གྱུར་ཅིག །


RTZ010_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་འཕེལ།། །།ལོ་ཆེན་བཻ་ཏོ་ཙ་ན་སྤྲུ་བའི་སྐུ། །ཡོན་ཏན་རྒྱ་མཚོའི་ཐུགས་ཀློང་ནས་རྡོལ་བའི། །ཟབ་ཆོས་འདི་ནི་ཐུགས་སྒྲུབ་ཆ་རྐྱེན་དུ། །ཀུན་ཏུ་འཕེལ་ཕྱིར་དཔལ་སྤུངས་གདན་སར་བསྒྲུབས། །


previousཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐོང་བ་བསྡུས་པ་གཡུ་ཞལ་མ། བློ་གྲོས་མཐའ་ཡས།next