Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   


 
previousསྐུ་གསུམ་རིགས་འདུས་ཟབ་ཏིག་ལས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ། བློ་གྲོས་མཐའ་ཡས།next

སྐུ་གསུམ་རིགས་འདུས་ཟབ་ཏིག་ལས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ། བློ་གྲོས་མཐའ་ཡས།


RTZ011_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡ། ཆོས་དབྱིངས་ཀུན་ཁྱབ་རྒྱལ་བ་སྲས་བཅས་དང་། ཁྱད་པར་མི་མཇེད་འཇིག་རྟེན་ནུབ་ཀྱི་ཕྱོགས། །པདྨས་ཁེབས་པའི་ཞིང་ན་རབ་བཞུགས་པ། །སེམས་དཔའ་ཀུན་གཙོ་པདྨའི་མྱུ་གུ་ནི། །རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དགེ་རྩར་བཅས་པས་མཆོད། །སྡིག་སྒྲིབ་ཉེས་ལྟུང་གང་མཆིས་མཐོལ་ཞིང་བཤགས། །སྲིད་ཞིའི་དགེ་ལེགས་ཀུན་ལ་རྗེས་ཡི་རངས། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་མི་གནས་བྱང་ཆུབ་ཆེན་པོར་བསྔོ། །སངས་རྒྱས་སྲས་བཅས་བསོད་ནམས་མཐུ་དཔལ་དང་། །དུས་གསུམ་བསགས་པའི་ལེགས་སྤྱད་གང་མཆིས་དང་། །སྟོང་ཉིད་རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །བདག་གཞན་འབྲེལ་ཐོགས་འགྲོ་བ་མ་ལུས་པ། །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །འཁོར་བ་ངན་སོང་སྐྱེ་གནས་ཀུན་སྤངས་ཏེ། །དག་པའི་ཞིང་མཆོག་པདྨས་ཁེབས་པ་རུ། །སྐད་ཅིག་ཙམ་གྱིས་བརྫུས་ཏེ་སྐྱེ་བར་ཤོག །རིན་ཆེན་བྱང་ཆུབ་སེམས་ཀྱི་ས་བོན་ནི། །རྒྱལ་བའི་སྲས་ཀྱིས་ཡོངས་སྦྱངས་ལས་


RTZ011_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ། སྙིགས་མ་ལྔ་ཡི་མིང་ཡང་མི་གྲགས་ཤིང། །ངོ་མཚར་ཡོན་ཏན་བྱེ་བས་རབ་བརྒྱན་པ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཐ་གྲུ་ཡངས་ཤིང་རྒྱ་ཚད་དཔག་ཏུ་མེད། །ལག་མཐིལ་ལྟར་མཉམ་གསེར་གྱི་ས་གཞི་ལ། །རིན་ཐང་མེད་པའི་རིན་ཆེན་གཅལ་དུ་བཀྲམ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ནོར་བུའི་ལྗོན་ཤིང་གསེར་གྱི་དྲྭ་བས་འབྲེལ། །ལོ་འདབ་སྲབ་འཇམ་ཡངས་པའི་དར་ཟབ་གོས། །འབྲས་བུ་ལྷ་ཡི་བཅུད་དང་རིན་ཆེན་སྨན། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཡན་ལག་བརྒྱད་ལྡན་ཆུ་ཀླུང་སྣ་ཚོགས་འབབ། །དྲི་ཞིམ་སྤོས་ཆུའི་རྫིང་བུས་ཀུན་ནས་གཏམས། །གསེར་གྱི་བྱེ་མ་རིན་ཆེན་ཕ་གུས་བསྐོར། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ངང་ངུར་སོགས། །སྤྲུལ་པའི་འདབ་ཆགས་ལྟ་བས་ཆོག་མི་ཤེས། །ཀུན་ཀྱང་སངས་རྒྱས་མཐུ་ཡིས་ཆོས་སྒྲ་སྒྲོག །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཡིད་འོང་མེ་ཏོག་ཕྲེང་བས་ཀུན་ཏུ་ཁེབས། །པདྨའི་སྐྱེད་ཚལ་འདོད་རྒུ་ཡིད་བཞིན་འཇོ། །བསིལ་བྱེད་ངད་པ་རེག་ན་བདེ་བ་རྒྱུ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ངན་འགྲོའི་སྐྱེ་གནས་བྲལ་ཞིང་ལྷ་དང་མི། །མཐོ་རིས་ཡོན་ཏན་འཕགས་པའི་ནོར་བདུན་གྱི། །འབྱོར་པ་རབ་རྒྱས་བདེ་ཞིང་ལོ་ལེགས་པ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །དྭངས་མ་བསམ་གཏན་ཟས་ཀྱིས་བདེ་བར་འཚོ། །ཚེ་རབས་དྲན་ཞིང་བློ་གྲོས་གཟུངས་སྤོབས་ལྡན། །དེར་སྐྱེས་ཕྱིར་མི་ལྡོག་པའི་ས་ལ་གནས། །


RTZ011_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །རྒྱན་གོས་ཡོ་བྱད་རོལ་མོའི་ཁྱད་པར་སོགས། །འདོད་པའི་ཡོན་ཏན་བསམ་པ་ཙམ་གྱིས་འགྲུབ། །ཏིང་འཛིན་བདེ་ལྡན་སྡུག་བསྔལ་ཟུག་རྔུ་མེད། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ལྷ་ཡི་མེ་ཏོག་སྤོས་ཆུའི་ཆར་རྒྱུན་འབེབ། །སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་དབྱངས་སྒྲོག །ཉིན་དང་མཚན་མེད་རྒྱལ་བའི་འོད་ཀྱིས་ཁྱབ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །བར་དོར་སངས་རྒྱས་སྤྲུལ་པས་མདུན་བསུ་ཞིང་། །སྒྲིབ་པའི་དྲྭ་བ་མ་ལུས་ཕྱིར་བསལ་ཏེ། །སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ཉིད་ལ། །དག་པའི་ཞིང་ཁམས་མཆོག་ཏུ་སྐྱེ་བར་ཤོག །ཞིང་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །བྱང་སེམས་སྨོན་ལམ་སྟོབས་ལས་རྣམ་འཕྲུལ་པ། །བཀོད་པའི་ཁྱད་པར་བློ་ལས་འདས་པའི་ནང་། །རྒྱལ་སྲས་རྒྱ་མཚོས་མདུན་གྱིས་བལྟས་པའི་དབུས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་། །མངོན་བྱང་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པ། །སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་ནི། །དམར་གསལ་ཉིན་བྱེད་སྟོང་གི་གཟི་འབར་བ། །ཕྱག་གཡས་མཆོག་སྦྱིན་འདོད་འབྱུང་ནོར་བུས་མཚན། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་ཚེ་བུམ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་མཚན་དཔེ་རྫོགས། །ཕྱེད་སྐྱིལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཐུགས་རྗེའི་


RTZ011_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོ། །དྲི་མེད་སྤྱན་རས་གདུལ་བྱར་རྟག་ཏུ་གཟིགས། །ཐེག་ཆེན་ཕྱིར་མི་ལྡོག་པའི་ཆོས་སྒོ་སྟོན། །འབྲེལ་ཚད་བྱང་ཆུབ་སྙིང་པོར་དབུགས་འབྱིན་པ། །རྒྱལ་སྲས་མཆོག་དེའི་ཞལ་རས་མངོན་སུམ་དུ། །མཐོང་ནས་ཞི་བསིལ་བདུད་རྩིའི་རོ་མཆོག་མྱང་། །རྟག་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་ཞིང་། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པ་དང་། །བཟང་པོ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །རྒྱལ་བ་ཀུན་བསྔགས་ཞིང་མཆོག་དམ་པ་རུ། །ཚེ་དང་ཡེ་ཤེས་གཟི་བརྗིད་དཔག་མེད་ཅིང་། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཉིད་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་ཤིང་སྨོན་པ་འགྲུབ་པར་ཤོག །ཞིང་གི་སྨོན་ལམ་འདིའང་ཟབ་གསང་གི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེས་ཐུགས་གཏེར་འབེབ་པའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུ་སྐབས་བགྱིད་དགོས་པའི་བཀའ་བསྩལ་སྤྱི་བོར་ཕེབ་པ་དང་། གནས་མདོ་གཅོད་བླ་སྤྲུལ་སྐུ་དང་དཔལ་ཁྱིམ་སྔགས་འཆང་ཨོ་རྒྱན་བསྟན་འཛིན་སོགས་སྔ་ཕྱིར་དོན་གཉེར་མང་པོའི་བཞེད་པསྐོང་སླད། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དབེན་པའི་རི་ངོགས་སུ་བྲིས་པ་ཡ་ཐཱ་སིདྡྷིརྦྷ་བ་ཏུ། དགེ་ལེགས་འཕེལ།། །།


previousསྐུ་གསུམ་རིགས་འདུས་ཟབ་ཏིག་ལས་རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ། བློ་གྲོས་མཐའ་ཡས།next