Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་། པདྨ་ཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་། པདྨ་ཕྲིན་ལས།next

རྒྱལ་བ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་། པདྨ་ཕྲིན་ལས།


RTZ012_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


RTZ012_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ། ཁྱབ་བདག་དང་པོའི་སངས་རྒྱས་འོད་མི་འགྱུར། །བདེ་ཆེན་འཆི་མེད་གྲུབ་སྩོལ་ཚེ་མཐའ་ཡས། །རིགས་བརྒྱའི་ཁྱབ་བདག་པདྨ་སམྦྷ་ཝ། །སྐུ་གསུམ་རིག་འཛིན་བླ་མས་དགེ་ལེགས་སྩོལ། །མདོ་རྒྱུད་རྒྱ་མཚོའི་བཅུད་བསྡུས་ཟབ་མོའི་དོན། །ཐུགས་གཏེར་སྒོ་འབྱེད་མཁྱེན་བརྩེ་ནུས་མཐུའི་བདག །བདུད་འཇོམས་སྐྱེ་སྤྲུལ་རྒོད་ཀྱི་ལྡེམ་འཕྲུ་ཅན། །རིག་འཛིན་གྲུབ་པའི་དཔའ་བོ་དེ་ལ་འདུད། །གང་དེའི་ཡེ་ཤེས་གཟིགས་པའི་རྣམ་རོལ་གྱིས། །སྣང་སྲིད་དག་པའི་འཁོར་ལོར་ཡོངས་ཤར་ཏེ། །རིག་འཛིན་ཞལ་ལུང་སྙན་བརྒྱུད་བདུད་རྩིའི་ཆོས། །ཟབ་དོན་རོ་བརྒྱའི་བཅུད་དེ་ཤེས་བྱའི་གཞི། །རྒྱ་གཞུང་ཙམ་གྱི་ཚིག་དྲི་ལ་བསྟེན་ནས། ཁུངས་བྲལ་རྟོག་བཟོའི་དཀྱིལ་ཆོག་དབང་བསྐུར་བཅས། །གྲུབ་གཉིས་ཐོབ་འདོད་སྨྲིག་རྒྱུར་ཆུ་སྙེགས་བཞིན། །ངལ་བ་ལྷུར་ལེན་འབྲས་མེད་ཅིར་ཡང་མཐོང་། །དེ་ཕྱིར་ཐར་


RTZ012_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་སྐལ་བཟང་གདུལ་བྱའི་ཚོགས། །ངེས་གསང་འཆི་མེད་གྲུབ་པའི་བུམ་བཟང་ལས། །ཚེ་དཔལ་བདུད་རྩི་འདོད་པའི་དད་ཅན་དོན། །སྙན་བརྒྱུད་འབྲི་ལ་རྩ་གསུམ་གནང་བ་སྩོལ། །དེ་ལ་འདིར་གཏེར་སྟོན་རྒྱ་མཚོའི་སྤྱི་ཕུད་འཁྲུལ་པའི་དྲི་མ་བྲལ་བ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལས་ཉེ་བར་བརྒྱུད་པའི་རྩ་གསུམ་ཚེའི་དཀྱིལ་འཁོར་གྱི་ཆོ་ག་འདྲི་བ་ལ་དོན་གསུམ་སྟེ། གང་ལས་བྱུང་བའི་བརྒྱུད་པའི་རྣམ་གྲངས་མདོ་ཙམ་བསྟན་པ། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་ཀྱི་སྒོ་ནས་དཀྱིལ་འཁོར་གྱི་ཆོ་གས་གཞི་བཟུང་བ། དབང་ལེན་ཅིང་བསྐུར་བས་རང་གཞན་གྱི་དོན་སྒྲུབ་པའི་ཚུལ་ཏེ་གསུམ་ལས། དང་པོ་ནི། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོས་ཆོས་སྐུའི་དབྱིངས་ལས་མ་གཡོས་པར་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་ཟློས་གར་དུ་མས་གསང་ཆེན་རྒྱ་མཚོའི་ཆོས་བསྟན་པ་དེ་དག །རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་བདག་


RTZ012_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སོགས་ལས་བརྒྱུད་དེ། གང་དང་རྣམ་དབྱེར་མེད་པ་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ཞེས་གྲགས་པ་དེ་ཉིད་ལ་བབ་པ་ཡིན་ཞིང་། གྲུབ་པའི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་ཕྱོགས་མཐའི་སྐྱེ་བོ་རྣམས་ལ་གནང་སྟེ། ཟབ་མོའི་ཆོས་གཏེར་མཐའ་ཡས་པ་ཞིག་མི་ཕྱེད་རྡོ་རྗེའི་ཕྱག་རྒྱས་བཏབ་ཏེ་སྦས་པ་འདི་དག་གང་གི་རྣམ་སྤྲུལ་རིམ་པར་བྱོན་པའི་སྐྱེས་ཆེན་རྣམས་ཀྱིས་སྤྱན་དྲངས་ཏེ་འགྲོ་བའི་དོན་མཛད་པ་ཡིན་ལ། ཁྱད་པར་བོད་ཆོས་སྐྱོང་བའི་རྒྱལ་པོ་གདུང་རབས་བོད་འབངས་དང་བཅས་པ་ལ་ནན་ཏར་གཅེས་པའི་གདམས་པ་རྣམས། བྱང་ཕྱོགས་ཟང་ཟང་ལྷ་བྲག་གི་གནས་སུ་སྦེད་པར་མཛད་པ་ལོངས་སྤྱོད་པའི་གང་ཟག་་་ཨོ་རྒྱན་ཆེན་པོའི་ཐུགས་སྲས། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་སྤྲུལ་དུ་གཏེར་ཁ་དུ་མ་ལས་ལུང་བསྟན་པ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ཞེས་གྲགས་པའི་རྒྱལ་རྔ་ཆེན་པོས་ས་གསུམ་གཡོ་བར་མཛད་པ་གང་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་ཐར་པ་བསམ་ལས་འདས་པ་ཞིག་མཆིས་ནའང་། འདིར་མ་སྤྲོས་ལ། སྐབས་དོན་གཏེར་སྟོན་ཆེན་པོ་དེ་ཉིད་དགུང་ལོ་དྲུག་ཅུ་པའི་སྟེང་། མེ་ཕོ་བྱི་བའི་ལོ་འགོ་ཟླ་བའི་ཉི་ཤུ་གསུམ་གྱི་ནུབ་མོ་གནས་ཆེན་རི་རྒྱལ་བཀྲ་བཟང་གི་ཤར་མདུན་སྣ་མོ་ལུང་གི་གཟིམ་ཁང་དུ་མནལ་བའི་ཚུལ་གྱི་དག་པའི་སྣང་བར་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་གུ་རུ་གཙོ་འཁོར་གསུམ་དང་སློབ་དཔོན་ཤྲཱི་སིང་ཧ་པཎ་ཆེན་བི་མ་ལ་སྟེ།


RTZ012_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རྣམ་པ་ལྔས་དབང་བསྐུར་བར་མཛད་པའི་ཟབ་ལམ་དམ་པ་ཚེ་གུར་སྦྲགས་མར་གྲགས་པ་འདི་ཉིད་གནང་བ་ཡིན་ལ། དེ་ལྟ་བུའི་གདམས་པ་འདི་ཉིད། རང་གི་གཏེར་ལུང་ལས་ཟིན་པའི་ལས་རྒྱ་གཙང་རྒྱས་སྡེ་པ་མཚན་ལྡན་སྤྲུལ་པའི་ཡུམ་ཆེན་ཞེས་གྲགས་པ་རྒྱ་གར་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་བོད་དུ་བྱོན་པའི་སྐབས་མི་སྣང་བའི་རིལ་བུ་ལ་བརྟེན་ཏེ་གསང་ཡུམ་མཛད་པ། ཕྱིས་དགུང་ལོ་སྨིན་ཀྱང་གཞོན་ནུའི་ལང་ཚོ་ཅན་གྱི་ཡེ་ཤེས་ཀྱི་མཁའ་འགྲོ་དེ་ཉིད་ལ་སྙན་བརྒྱུད་ཕྱག་ལེན་དུ་བཅས་པ་ཆིག་བརྒྱུད་གདམས་ཏེ་གནང་། དེས་བྱང་སེམས་དགེ་བའི་བློ་གྲོས་ཞེས་གྲགས་པ་གྲུབ་པའི་དབང་ཕྱུག་དམ་པ་དེ་ལ་བསྩལ་ཞིང་། དེ་ཉིད་ཀྱིས་སློབ་མ་གཡས་རུ་བར་ཕུག་པ་སྦས་ཚུལ་གྱི་རྣལ་འབྱོར་མ་ཆེན་མོ་གྲུབ་ཆེན་མ་བརྩོན་འགྲུས་བཟང་མོར་གྲགས་པ་ཟབ་ལམ་རྫོགས་པ་ཆེན་པོའི་རྟོགས་པས་ཐུགས་རྒྱུད་རྣམ་པར་གྲོལ་ཞིང་། ལོ་གསུམ་གྱི་བཅད་རྒྱ་སོགས་འཕྲལ་ཡུན་ཕལ་ཆེར་དཀའ་ཐུབ་བཅུད་ལེན་དང་རྡོ་རྗེ་སྐྱིལ་ཀྲུང་མི་བཤིགས་པ་སོགས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པ་དེ་ལ་གནང་། ཌཱ་ཀིའི་གཙོ་མོ་དེས། །བྱང་སེམས་དམ་པ་དེ་ལས་སྙན་བརྒྱུད་ཡི་གེར་བྲི་བའི་གནང་བ་ཐོབ་ནས་རྩ་ཚིག་ཙམ་ཞིག་ཡི་གེར་འདེབས་པར་མཛད་དེ། ཐུགས་སྲས་དམ་པ་བུ་ལེ་སྤང་སྒང་པ་དཔལ་ལྡན་བློ་གྲོས་ཞེས་མཁས་བཙུན་གྲུབ་པའི་དཔའ་བོ་དེ་ཉིད་ལ་རྒྱས་པར་ལན་མང་དུ་བསྩལ་ཞིང་། མཐར་གྲུབ་ཆེན་མ་དེ་ཉིད་ཞིང་ཁམས་འཕོས་རྗེས།


RTZ012_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཐོད་ལ་དབུ་ཅན་གྱི་ཡི་གེ་ཧྲཱིཿམ་ཧ་རི་ནི་ས་ཞེས་པ་གསེར་མདོག་རང་བྱོན་དུ་འཁྲུངས་པ་སོགས་སྤང་སྒང་པ་ཆེན་པོའི་སྐུ་ཚེ་རང་དང་མཉམ་པར་བྱིན་གྱིས་བརླབས་ཤིང་རྗེ་སྤང་སྒང་པ་་ཆེན་པོས་བྱང་སེམས་ཆེན་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཞེས་ཐུགས་རྗེ་དང་མཐུ་སྟོབས་ཀྱི་མངའ་བདག་དེ་ལ་བསྩལ། དབང་པོའི་སྡེས་གྲུབ་ཆེན་མའི་རྩ་ཚིག་ལས་ཆེར་སྤྲོས་ཏེ། འགྲོ་མགོན་ཡིད་བཞིན་ནོར་བུ་འཆི་མེད་རྒྱ་མཚོའི་དཔལ་སྦྱིན་ཞེས་བྱ་བ་ཅུང་ཟད་གབ་དཀྲུགས་ཀྱི་རྣམ་པ་མ་བུ་གཉིས་མཛད་ཅིང་རྒྱ་ཆེར་སྤེལ་བ་ཡིན་ལ། ཁྱད་པར་དུ་སྐུ་སྲས་དམ་པ་ངག་དབང་རིག་འཛིན་རྡོ་རྗེ་ཆོས་རྒྱལ་དཔལ་བཟང་པོ་བསྟན་པའི་རྒྱལ་མཚན་ཞེས་གསང་ཆེན་རྒྱ་མཚོའི་མངའ་བདག་དེ་ལ་མདོ་རྒྱུད་གདམས་པའི་བདུད་རྩི་བུམ་པ་གང་འབྱོ་མཛད་ཅིང་ཟབ་ཆོས་འདི་ཉིད་ཀྱི་བཀའ་བབས་གཏད། རིག་འཛིན་མཆོག་དེས་རྡོ་རྗེ་སྙིང་པོའི་བསྟན་པ་རྒྱས་པར་མཛད། ཐུགས་སྲས་ཀྱི་གཙོ་བོ་རྒྱལ་ཚབ་དམ་པ་སྔགས་འཆང་ཡོངས་ཀྱི་སྤྱི་ཕུད་ཡོལ་མོ་བ་བསྟན་འཛིན་ནོར་བུ་ལ་ཟབ་ཆོས་དུ་མ་དང་ལྷན་ཅིག་ཏུ་བསྩལ། དེ་ཉིད་ཀྱིས་གཅུང་སྒོམ་སྨྱོན་སྤྲུལ་སྐུ་གྲུབ་པའི་འཁོར་ལོས་སྒྱུར་བ་རྒྱལ་སྲས་ཕྱག་རྡོར་ནོར་བུ་ངག་དབང་རིན་ཆེན་བསྟན་འཛིན་དཔལ་བཟང་པོ་ལ་གནང་། བླ་མ་དམ་པ་དེ་ཉིད་ཀྱིས་བདག་ལ་ལེགས་པར་བསྩལ་བ་ཡིན་ལ། གཏེར་སྟོན་ཆེན་པོའི་ཡུམ་གྱིས་སྲས་མཆོག་རྣམ་རྒྱལ་མགོན་པོ་དད་པའི་བརྒྱུད་གྲལ་དུ་འཇུག་པར་མཛད་པས་ངོ་མཚར་བརྒྱུད་པར་གྲགས་


RTZ012_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དངོས་བསྟན་བྱང་གཏེར་ལ་བརྒྱུད་ལུགས་ཆེན་པོ་གསུམ་ཡོད་པ་ལས། འདི་ཉིད་ཡུམ་བརྒྱུད་ཁོ་ན་གཙོ་ཆེ་བར་བྱས་པའོ། །དེ་ལྟར་གང་ལས་བྱུང་བའི་བརྒྱུད་པའི་རྣམ་གྲངས་མདོ་ཙམ་བསྟན་ནས། གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པའི་སྒོ་ནས་དཀྱིལ་འཁོར་གྱི་ཆོ་གས་གཞི་བཟུང་བ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །སྦྱོར་བ་ནི། སྒྲུབ་ཆེན་གྱི་གཞུང་རྣམས་ལས་བྱུང་བའི་གནས་མཚན་ཉིད་དང་ལྡན་པའམ། དམ་པ་གོང་མས་བྱིན་གྱིས་བརླབས་པའི་བཀྲ་ཤིས་པའི་གནས་གང་ཡང་རུང་བར། ས་ཡི་ཆོ་ག་བྱས་ཏེ་དཀྱིལ་འཁོར་ཚུལ་བཞིན་དུ་བྲིས་པ་དང་། དཀྱིལ་འཁོར་གྱི་དབུས་སུ་དབང་རྫས་དཔལ་གཏོར་རྒྱས་བསྡུས་གང་རུང་། ཚེའི་བུམ་པ་རྒྱན་ཅན། ཀ་པཱ་ལ་མཚན་ལྡན་བདུད་རྩིས་གང་བ། ཚེ་རིལ་ཚེ་བཅུད། མདའ་དར་སྣ་ལྔ། དབང་གི་ཙཀླི་སོགས་ཕྱག་ལེན་ལྟར་བཀོད་པའི་མཐར། ཆུ་གཉིས་སྔོན་དུ་འགྲོ་བའི་ཕྱི་མཆོད་རྣམ་ལྔ། དབང་པོའི་མེ་ཏོག་ལ་སོགས་པའི་ནང་མཆོད། གསང་མཆོད་སྨན་རག་སོགས་ཇི་ལྟར་དགོས་པའི་ཡོ་བྱད་མཐོང་བརྒྱུད་ལྟར་བཀོད་པའི་མདུན་དུ་འཁོད་ལ། དངོས་གཞིའི་ཆོ་ག་ཡང་གསང་ཐུགས་ཀྱི་སྒྲུབ་པའི་ཕྲིན་ལས་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བའམ། སྐབས་འབྲེལ་ཕྱག་ལེན་ལྟར་ལས་བྱང་འབྲིང་པོའི་གཞུང་བསྲངས་ལ། གཟེར་ལྔ་བརྒྱུད་འདེབས་བདག་བསྐྱེད་རྒྱལ་ཆེན་བགེགས་གཏོར་མཆོད་བསྔོ་བཤགས་པ་བྱིན་དབབ་སྨན་རཀ་གཏོར་མ་བྱིན་གྱིས་བརླབ། ཏིང་འཛིན་རྣམ་གསུམ་འབྱུང་རིམ། གཞལ་ཡས་ལྷ་བསྐྱེད་


RTZ012_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕྱི་དཀྱིལ་དང་ལུས་དཀྱིལ་གསལ་འདེབས་རྣམས་ཇི་བཞིན་པར་སོང་མཚམས། ཚེའི་དཀྱིལ་འཁོར་བསྐྱེད་པ་ནི། ཆོས་རྒྱལ་དབང་པོའི་སྡེས་ཁྲིགས་སུ་མཛད་པའི་རྩ་བ་ལས་བདག་བསྐྱེད་རང་དྲག་པོ་རྩལ་དུ་གསལ་བའི་སྤྱི་བོར་ཚེ་དཔག་མེད་བསྐྱེད། མདུན་བསྐྱེད་ནི་ཐུན་མོང་གི་སྲུང་འཁོར་དབུས་སུ་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཞེས་སོགས་བཤད་པས། དེའི་དོན་བཞིན་དུ་ཉམས་སུ་ལེན་དགོས་ཤིང་ཆོས་རྒྱལ་དབང་པོའི་སྡེས་མཛད་པ་འདི་ཁའི་ལྷན་ཐབས་སུ་ལག་ལེན་དྲན་པའི་གསལ་འདེབས་སུ་དཀྱིལ་འཁོར་ཚོམ་བུ་བྱེད་པར་གསུངས་པ་གབ་དཀྲུགས་ཀྱི་རྣམ་པ་དང་། ཡང་མདུན་བསྐྱེད་སྒྲུབ་དུས་གོང་གི་འཕྲོས་ལས་པད་འདབ་དང་ཁྱམས་སྒོ་བཅས་པའི་ལྷ་དང་། མཚན་ཉིད་ཀུན་ལྡན་གྱི་རྟེན་གཞལ་ལས་ཁང་ཡང་བཤད་པས། དཀྱིལ་འཁོར་རྡུལ་ཚོན་བྱེད་པར་མི་འགལ་ཞིང་ལེགས་པར་མངོན་ལ། དེ་ནས་གོང་གི་རྩ་བ་ལས་བཤད་པ་ལྟར་སྐབས་འདིར་ཐུན་མོང་གི་སྲུང་འཁོར་དབུས་སུ་མདུན་བསྐྱེད་སྒྲུབ་ཅིང་། བདག་བསྐྱེད་དྲག་མཐིང་གི་ལུས་དཀྱིལ་སྐབས་ཤུགས་བསྟན་དུ་འབྱུང་ངོ་། །དེའི་ཚུལ་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་པད་ཟླའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོའི་ནང་དུ་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྨ་བྱ་ཆེན་པོ་བརྒྱད་ཀྱིས་


RTZ012_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཏེགས་པའི་རིན་པོ་ཆེའི་ཁྲི །དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེགས་དྲག་དང་བཅས་པ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བྱི་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་དམར་བ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟའ་སྣ་ཚོགས་གསོལ་བ་འོད་ཀྱི་རང་བཞིན་ཅན་དུ་གྱུར། འདབ་མ་བཞི་ལ་ཤར་ནས་རིམ་བཞིན་ཧ་རི་ནི་ས་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་ཚེའི་མཁའ་འགྲོ་མ་དཀར་མོ་ཤེལ་གྱི་བུམ་པ་བསྣམས་པ། ལྷོ་རུ་རིན་ཆེན་ཚེའི་མཁའ་འགྲོ་མ་སེར་མོ་གསེར་གྱི་བུམ་པ་བསྣམས་པ། ནུབ་ཏུ་པདྨ་ཚེའི་མཁའ་འགྲོ་མ་དམར་མོ་བྱི་རུའི་བུམ་པ་བསྣམས་པ། བྱང་དུ་ལས་ཀྱི་ཚེའི་མཁའ་འགྲོ་མ་སྔོན་མོ་གཡུའི་བུམ་པ་བསྣམས་པ། ཐམས་ཅད་ཀྱང་མཉམ་པའི་སྟབས་ཀྱིས་བཞེངས་པ་རུས་པ་དང་རིན་པོ་ཆེས་བརྒྱན་པ། དར་གྱི་ན་བཟའ་ཅན་དུ་གྱུར། ཤར་ལྷོ་ནས་མཚམས་བཞིར་རིམ་བཞིན་ར་ཙ་ཧྲི་ཡ་ཡོངས་སུ་གྱུར་པ་ལས། ཤར་ལྷོར་རྡོ་རྗེ་རིགས་ཀྱི་གིང་དཀར་པོ་རྡོ་རྗེ་འཛིན་པ། ལྷོ་ནུབ་ཏུ་རིན་ཆེན་རིགས་ཀྱི་གིང་སེར་པོ་རིན་ཆེན་བསྣམས་པ། ནུབ་བྱང་དུ་པདྨ་རིགས་ཀྱི་གིང་དམར་པོ་པདྨ་བསྣམས་པ། བྱང་ཤར་དུ་ལས་ཀྱི་རིགས་ཀྱི་གིང་


RTZ012_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་རལ་གྲི་བསྣམས་པ། གཡོན་པ་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་མེ་ཕུང་འབར་བའི་དབུས་ན་འགྱིང་བག་ཏུ་བཞུགས་ཤིང་། ཚེའི་བར་ཆད་ཐམས་ཅད་བསྲུང་བར་གྱུར། ཕྱི་རོལ་གྱི་ཁྱམས་ལ། ཤར་དུ་དཀར་མོ་འབུམ་སྡེ། ལྷོ་རུ་སེར་མོ་འབུམ་སྡེ། ནུབ་ཏུ་དམར་མོ་འབུམ་སྡེ། བྱང་དུ་སྔོན་མོ་འབུམ་སྡེ། གཡས་པ་ཐམས་ཅད་རང་མདོག་དང་མཐུན་པའི་མདའ་དར་དང་། གཡོན་པ་ཐམས་ཅད་རང་མདོག་དང་མཐུན་པའི་བུམ་པ་བསྣམས་པ། ཚེ་འགུགས་པའི་ཕྲིན་ལས་མཛད་ཅིང་བཞུགས་པར་གྱུར། སྒོ་བཞིའི་ཤར་དུ་ལྕགས་ཀྱུ་མ་དཀར་མོ། ལྷོ་རུ་ཞགས་པ་མ་སེར་མོ། ནུབ་ཏུ་ལྕགས་སྒྲོག་མ་དམར་མོ། །བྱང་དུ་དྲིལ་བུ་མ་ལྗང་གུ་རྣམས་གཡས་རང་རྟགས་ཀྱི་མདོག་དང་མཐུན་པའི་མདའ་དར་དང་། གཡོན་པ་ཐམས་ཅད་རང་མདོག་དང་མཐུན་པའི་བུམ་པ་བསྣམ་པའི་སྐུ་ཅན། སྣང་ལ་རང་བཞིན་མེད་པར་གྱུར། ཞེས་བརྗོད། དབང་བསྐུར་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་གྱིས་བརླབས་པ་ལྟར། །རིགས་ཀྱི་བདག་པོས་དབང་བསྐུར་བས། །སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ། སྤྱན་འདྲེན་ནི། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་པ་ནས་བཞེངས་བསྐུལ་བར་བཏང་། དེ་རྗེས། ཧཱུྃ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས།


RTZ012_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་རྣམས། །འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས། །རང་བྱུང་ཡེ་ཤེས་བརྡ་ཡི་གླུས་བསྐུལ་ནས། །ཕྱག་རྒྱ་རོལ་པའི་གར་གྱིས་སྤྱན་འདྲེན་ན། །ལྷུན་གྲུབ་གཞལ་ཡས་གནས་འདིར་གཤེགས་སུ་གསོལ། །ལྷུན་གྲུབ་གཞལ་ཡས་གནས་སུ་གཤེགས་ནས་ཀྱང་། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །དེ་རྗེས། སྐྱེ་འགག་འགྱུར་མེད་ཀྱི་རྗེས། འཇིག་རྟེན་འདྲེན་པའི་ཞེས་སོགས་ཀྱིས་བསྟོད། ཕྱི་ནང་སྦྱོར་སྒྲོལ་སྨན་རཀ་གཏོར་གསུམ་གྱིས་མཆོད། རྟགས་བསྟོད་སོགས་གཞུང་ལྟར་བྱ། བསྙེན་པ་སུམ་བརྒྱ་ཉེར་གཅིག་གི་རྗེས་སུ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླ་ཞིང་འོད་ཟེར་སྤྲོ་བསྡུ་སོགས་ཀྱི་རྗེས་ཛཔ྄་བསྐུལ་དང་། ལེའུ་བདུན་གསོལ་འདེབས་སོགས་སྐབས་དང་སྦྱར། དོན་བསྟོད་དང་ཆོས་སྲུང་མཆོད་པ། ཚོགས་ཀྱི་འཁོར་ལོའི་མཆོད་པ་རྩ་གསུམ་སྐོང་གསོལ་ཡན་བཏང་བ་སོགས་ཀྱིས་དཀྱིལ་འཁོར་གྱི་ཆོ་གས་གཞི་བཟུང་བ་ལེགས་པར་སོང་ནས། རྩ་བའི་ས་བཅད་གསུམ་པ། དབང་ལེན་ཅིང་བསྐུར་བས་རང་གཞན་གྱི་དོན་སྒྲུབ་པའི་ཚུལ་ལ་གཉིས་ཏེ། རང་ཉིད་ཀྱི་དོན་དུ་གཞུང་ལྟར་དབང་ལེན་པ་དང་། སློབ་མ་རྗེས་སུ་འཛིན་པའི་ཆོ་གའོ། །དེ་ཡང་དང་པོ་སྔ་འགྱུར་བཀའ་གཏེར་གྱི་གཞུང་ཆེན་ཕལ་ཆེ་བ་ལས་བཤད་ཅིང་། དཔྱོད་ལྡན་རྣམས་ཉམས་སུ་བཞེས་མོད་ཀྱང་། དེང་


RTZ012_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཕལ་ཆེར་ལག་ལེན་མི་བྱེད་པའི་རྒྱུན་འབྱམས་སྣ་ཚོགས་འདུག་ཅིང་། འཁྲུལ་མེད་རིག་འཛིན་དམ་པ་རྣམས་ཀྱི་གསུང་སྒྲོས་དང་ཕྱག་རྒྱུན་ལ། གང་ཟག་དབང་པོ་རབ་འབྲིང་ཐ་མ་དང་སྦྱར་བས། དང་པོ་ལྟར་ན། བདག་མདུན་གྱི་དཀྱིལ་འཁོར་ཆིག་ཆོད་བློ་འདས་གདོད་མའི་འཁོར་ལོར་ཐག་ཆོད་པས། ཕྱི་རོལ་དུ་དཀྱིལ་འཁོར་བསྒྲུབས་ཏེ་དབང་ལེན་པ་སོགས་མི་དགོས་ལ། དབང་པོ་འབྲིང་ལ་སྤྱི་བོར་བླ་མ་དང་འཁོར་ལོའི་མགོན་པོ་དབྱེར་མེད་ལ་དབང་བཞི་བྱིན་གྱི་རླབས་ཀྱི་ཚུལ་དུ་ལེན་པ་ཡིན་ནོ། །ཕྱི་མ་ལྟར་ན་རང་བྱུང་རང་ཤར་གྱི་རྒྱུད་ལས། རང་ཉིད་དབང་ལེན་བླ་མ་ཡིས། །ལས་ཀྱི་སློབ་དཔོན་བྱེད་པར་བསམ། །དབང་གིས་སྒྲིབ་སྦྱོང་དངོས་གྲུབ་ཐོབ། །དངོས་གྲུབ་བླང་བའི་ཆོ་ག་བྱ། །ཞེས་གསུངས་པ་ལྟར་ཡིན་པས། སློབ་མ་ལ་བསྐུར་བ་ཇི་བཞིན་དུ་རང་གིས་ལེན་ཞིང་། རྩ་བའི་བླ་མས་ལས་སློབ་བྱེད་པར་མོས། དེ་ལྟར་ལེན་པའི་ཚུལ་ནི། ན་མོ་ཤེས་བྱའི་སྒྲིབ་དག་ཕྱིར། །བུམ་པ་བཀྲ་ཤིས་རྫས་ཀྱིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །དབང་མཆོག་བསྐུར་བའི་སྣོད་དུ་ཤོག །ཅེས་ལས་བུམ་གྱི་ཆུས་བཀྲུས་བགེགས་བསྐྲད་ཕྲིན་ལས་ལྟར་བྱ། མཎྜལ་འབུལ་བ་ནི། གསང་སྔགས་ལམ་རིམ་ལས། སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ། །ཅེས་གསུངས་པས། སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་དང་། མཆོད་པའི་མཎྜལ་བདུན་མར་བཤད་པས། འདིར་མཆོད་པའི་མཎྜལ་ལྟར་བྱ་བ་སྐབས་སུ་བབས་པས་འབུལ་བའི་ཚུལ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་


RTZ012_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུའི་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ། གང་ཡང་མ་ཚང་བ་མེད་ཅིང་ཚང་ཞིང་ཡིད་དུ་འོང་བ་དང་བཅས་པ་འདི་ཉིད་བླ་མ་དང་འཁོར་ལོའི་མགོན་པོ་ཐ་མི་དད་པའི་སྤྱན་ལམ་དུ། བདག་ཉིད་འཇུག་ཅིང་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕུལ། དེ་རྗེས་གསོལ་བཏབ་ནི། བླ་མ་ཚེ་དཔག་མེད་པ་ཡིས། །བདག་སོགས་འཁོར་བ་ལས་བསྒྲལ་ནས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །འཆི་མེད་ཚེ་དབང་བསྐུར་དུ་གསོལ། །ལན་གསུམ། སྐྱབས་སུ་འགྲོ་བ་ནི། འགྲོ་བའི་དཔལ་མགོན་ཐུགས་རྗེ་ཅན། །བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ལ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །བདག་དང་འགྲོ་ཀུན་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །འཆི་མེད་ལྷ་ཚོགས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དོན་སྐྱོང་བར་སེམས་བསྐྱེད་དོ། །ལན་གསུམ། ཡེ་ཤེས་དབབ་པ་ནི། སྭ་བྷཱ་ཝས་སྦྱང་། སྐད་ཅིག་གིས་སྟོང་


RTZ012_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོའི་ཞེས་པ་ནས་སྒོ་མའི་བར་དུ་བསྐྱེད། སྣང་ལ་རང་བཞིན་མེད་པར་གྱུར་པའི་གནས་གསུམ་ལས་འོད་ཟེར་འཕྲོས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ། རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་གྱུར། ཧཱུྃ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཞེས་གཞུང་ལྟར་སྤྱན་འདྲེན་ཚིག་གིས་ཡེ་ཤེས་པ་དབབ། ཚེ་མདའ་གཡབ་ཅིང་། ཧྲཱིཿ དཀར་མོ་མགྱོགས་མ་ཞི་བའི་ལས་མཛད་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ སེར་མོ་མགྱོགས་མ་རྒྱས་པའི་ལས་མཛད་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ དམར་མོ་མགྱོགས་མ་དབང་གི་ལས་མཛད་མ། །པདྨ་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧྲཱིཿ སྔོན་མོ་མགྱོགས་མ་དྲག་པོའི་ལས་མཛད་མ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ་


RTZ012_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །ཚེ་བདག་ཆེན་མོ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། དེ་རྗེས་དབང་རྫས་རྣམས་རིམ་པར་སྤྱི་བོའི་ཐོག་ཏུ་ལེན་ཞིང་། རྣམ་བུམ་སློབ་དཔོན་གྱི་སྤྱི་བོར་བཞག་སྟེ། ཨོཾ། བདེ་ཆེན་སྐུ་ཡི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད། །བླ་མ་ལྷ་ཡིས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་པ་ཀུན་དག་ནས། །འཇིག་མེད་སྐུ་ཡི་དབང་ཐོབ་ཤོག །ཚེ་ལྷའི་སྐུ་མགྲིན་པར་བཞག་སྟེ། ཨཱཿ བདེ་ཆེན་གསུང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད། །ཡི་དམ་ལྷ་ཡིས་དབང་བསྐུར་བས། །ངག་གི་སྒྲིབ་པ་ཀུན་དག་ནས། །འགག་མེད་གསུང་གི་དབང་ཐོབ་ཤོག །ཁྲོས་ནག་གི་སྐུ་སྙིང་ཁར་བཞག་ལ། ཧཱུྃ། བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད། །མཁའ་འགྲོ་མ་ཡིས་དབང་བསྐུར་བས། །ཡིད་ཀྱི་སྒྲིབ་པ་ཀུན་དག་ནས། །འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག །དཔལ་གཏོར་གྱི་སྟེང་དུ་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་བསྒོམས་པ་ཐམས་ཅད་ཀྱིས་ཕྱག་ན་ཚེ་བུམ་བསྣམས་ཏེ་རིམ་བཞིན་དུ་དབང་བསྐུར་བར་མོས་ལ་དཔལ་གཏོར་ལག་ཏུ་བླངས་ཏེ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ལོངས་སྐུ་ཞི་ཁྲོ་རབ་འབྱམས་


RTZ012_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ༴༴ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ་གསོལ༴༴ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ༴༴ ལྷ་ལྕམ་མཁའ་འགྲོ་རྣམ་གཉིས་ལ་གསོལ༴༴ སྣ་ནམ་གཏེར་སྟོན་ཡབ་སྲས་ལ་གསོལ༴༴ མཚན་ལྡན་སྤྲུལ་པའི་ཡུམ་ཆེན་ལ་གསོལ༴༴ བྱང་སེམས་དགེ་བའི་བློ་གྲོས་ལ་གསོལ༴༴ གྲུབ་ཆེན་བརྩོན་འགྲུས་བཟང་མོ་ལ་གསོལ༴༴ དྲན་ཆོག་དཔལ་ལྡན་བློ་གྲོས་ལ་གསོལ༴༴ ཆོས་རྒྱལ་མང་གའི་མཚན་ཅན་ལ་གསོལ༴༴ རིག་འཛིན་ངག་གི་དབང་པོ་ལ་གསོལ༴༴ རིག་འཛིན་སྟོབས་ལྡན་དཔའ་བོ་ལ་གསོལ༴༴ བྱ་བཏང་ཕྱག་རྡོར་ནོར་བུ་ལ་གསོལ༴༴ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། དེ་རྗེས་དཔལ་གཏོར་གནས་གསུམ་དུ་རེག་ཅིང་མཐར་སྤྱི་བོར་བཞག་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །སྐུ་ཡི་ཚེ་དབང་ལུས་ལ་སྐུར། །གསུང་གི་ཚེ་དབང་ངག་ལ་སྐུར། །ཐུགས་ཀྱི་ཚེ་དབང་སེམས་ལ་སྐུར། །སྐྱེ་མེད་སྐུ་ལ་འགག་མེད་གསུང་། །འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག །དེ་རྗེས་མཐའ་རྟེན་རིགས་བཞིའི་དབང་ནི་རྡོ་རྗེ་རིགས་ཀྱི་དབང་རྟེན་རྒྱ་གྲམ་དཔྲལ་བར་བཞག་སྟེ། རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས། །མི་མཐུན་བར་ཆད་རྐྱེན་སེལ་ནས། །ཚེ་སྲོག་བྲག་ལས་སྲ་བ་ཡི། །འཇིག་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སྐལ་ལྡན་བདག་ཅག་རྣམས་ཀྱི་ཚེ་སྲོག་རྡོ་རྗེའི་བྲག་ལས་སྲ་བའི་དབང་དང་ལྡན་པར་གྱུར་ཅིག །


RTZ012_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འཇམ་རོལ་དང་བསྟུན་མེ་ཏོག་འཐོར། རིན་ཆེན་རིགས་ཀྱི་དབང་རྟེན་བུམ་པ་རྣ་ལྟག་གཡས་སུ་བཞག་སྟེ། རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས། །མི་མཐུན་བར་ཆད་རྐྱེན་སེལ་ནས། །ཚེ་རྒྱུན་ཆུ་ལས་རིང་བ་ཡི། །ཟད་མེད་གཏེར་གྱི་དབང་ཐོབ་ཤོག །ཨོཾ་རཏྣ་ཛྙཱ་ན་སྭཱ་ཧཱ། སྐལ་ལྡན་བདག་ཅག་རྣམས་ཀྱི་ཚེ་རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན་ལྟར་རིང་བའི་དབང་དང་ལྡན་པར་གྱུར་ཅིག །པདྨ་རིགས་ཀྱི་དབང་རྟེན་མེ་ཏོག་ལྟག་པར་བཞག་སྟེ། པདྨ་རིགས་ཀྱི་ལྷ་ཚོགས་ཀྱིས། །མི་མཐུན་བར་ཆད་རྐྱེན་སེལ་ནས། །ཚེ་དཔལ་མེ་ཏོག་རྒྱས་པ་ཡི། །དཔག་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་པདྨ་ཛྙཱ་ན་སྭཱ་ཧཱ། སྐལ་ལྡན་བདག་ཅག་རྣམས་ཀྱི་ཚེ་དཔལ་མེ་ཏོག་བཞིན་དུ་རྒྱས་པའི་དབང་དང་ལྡན་པར་གྱུར་ཅིག །ལས་ཀྱི་རིགས་ཀྱི་དབང་རྟེན་ཉི་ཟླ་རྣ་ལྟག་གཡོན་དུ་བཞག་སྟེ། ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས། །མི་མཐུན་བར་ཆད་རྐྱེན་སེལ་ནས། །ཚེ་སྲོག་ཉི་ཟླ་གསལ་བ་ཡི། །འགྲིབ་མེད་རྡོ་རྗེའི་དབང་ཐོབ་ཤོག །ཨོཾ་ཀརྨ་ཛྙཱ་ན་སྭཱ་ཧཱ། སྐལ་ལྡན་བདག་ཅག་རྣམས་ཀྱི་ཚེ་སྲོག་ཉི་ཟླ་ལྟར་གསལ་བའི་དབང་དང་ལྡན་པར་གྱུར་ཅིག །དེ་རྗེས་ཚེ་བུམ་ལྷར་གསལ་བ་རང་ལ་ཐིམ་པར་མོས་ལ་སྤྱི་བོར་བླངས་ཏེ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སྐུ་མདོག་དམར་གསལ་བྱི་རུའི་ལྷུན་པོ་འདྲ། །མཚན་ཙམ་ཐོས་པས་དུས་མིན་འཆི་བ་འཇོམས། །


RTZ012_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་དྲན་པས་ཚེ་ཡི་དངོས་གྲུབ་སྟེར། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། མེ་ཏོག་འཐོར་ཞིང་འཇམ་རོལ་བཅས། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །ལོ་བརྒྱ་ཐུབ་པར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །དེ་ནས་ཚེ་རིལ་གནས་གསུམ་དུ་གཏུགས་ཤིང་། འཇིག་པ་མེད་པ་སྐུའི་དབང་དང་ལྡན་པར་གྱུར་ཅིག །འགག་པ་མེད་པ་གསུང་གི་དབང་དང་ལྡན་པར་གྱུར་ཅིག །འཁྲུལ་པ་མེད་པ་ཐུགས་ཀྱི་དབང་དང་ལྡན་པར་གྱུར་ཅིག །བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱོས། །འདི་ཟོས་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟའོ། །ཞེས་ཚེ་རིལ་ལ་རོལ། དེ་ནས་ལག་གཡོན་གྱིས་ཚེ་ཆང་གི་ཀ་པཱ་ལ་བཟུང་། གཡས་པས་མདའ་དར་གཡབ། མདེའུའི་རྩེས་དབུས་དང་ཕྱོགས་བཞིར་དཀྲུགས་ཤིང་། མཁའ་འགྲོ་རིགས་ལྔ་འབུམ་སྡེས་ཚེའི་དབང་བསྐུར་བར་མོས་ཏེ། ཚེ་བདག་ཆེན་མོ་དཀར་མོ་འབུམ་སྡེའི་ཚོགས། །ཤར་ཕྱོགས་ཡོངས་ཀྱི་ཚེ་སྲོག་ཀུན་བསྡུས་ནས། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཚེ་འདི་སྤེལ་ལ་སྲོག་འདི་བརྟན་པར་མཛོད། །ཨོཾ་ཛྙཱ་ན་ཨཱ་ཡུ་ཥེ་


RTZ012_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཚེ་བདག་ཆེན་མོ་སེར་མོ་འབུམ་སྡེའི་ཚོགས། །ལྷོ་ཕྱོགས་ཡོངས་ཀྱི་ཚེ་སྲོག་ཀུན་བསྡུས་ནས། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཚེ་འདི་སྤེལ་ལ་སྲོག་འདི་བརྟན་པར་མཛོད། །ཨོཾ་རཏྣ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་བདག་ཆེན་མོ་དམར་མོ་འབུམ་སྡེའི་ཚོགས། །ནུབ་ཕྱོགས་ཡོངས་ཀྱི་ཚེ་སྲོག་ཀུན་བསྡུས་ནས། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཚེ་འདི་སྤེལ་ལ་སྲོག་འདི་བརྟན་པར་མཛོད། །ཨོཾ་པདྨ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་བདག་ཆེན་མོ་སྔོན་མོ་འབུམ་སྡེའི་ཚོགས། །བྱང་ཕྱོགས་ཡོངས་ཀྱི་ཚེ་སྲོག་ཀུན་བསྡུས་ནས། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཚེ་འདི་སྤེལ་ལ་སྲོག་འདི་བརྟན་པར་མཛོད། །ཨོཾ་ཀརྨ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་བདག་ཆེན་མོ་སྨུག་མོ་འབུམ་སྡེའི་ཚོགས། །དབུས་ཕྱོགས་ཡོངས་ཀྱི་ཚེ་སྲོག་ཀུན་བསྡུས་ནས། །བདག་དང་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཚེ་འདི་སྤེལ་ལ་སྲོག་འདི་བརྟན་པར་མཛོད། །ཨོཾ་བུདྡྷ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། སླར་ཡང་མདའ་དར་གཡབ་ཅིང་དཀྲུགས་པས། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙིཏྟ་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་སྤྱི་བོར་བླང་ལྕེ་ཐོག་ཏུ་མྱང་། དེ་ནས་ཚེ་ཆང་གི་རྒྱས་འདེབས་པ་ནི། སྲིན་ལག་གིས་བདུད་རྩིའི་སྟེང་ནས་བླངས་ཏེ། ཨོཾ། དུས་གསུམ་བདེ་གཤེགས་རྒྱལ་བས་བྱིན་བརླབས་པའི། །འཆི་མེད་ཚེ་ཡི་རང་བཞིན་ཡི་གེ་ཨོཾ། །སྐལ་ལྡན་བུ་ཡི་དཔྲལ་བར་བཞག་པ་ཡིས། །འཇིག་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག །ཀཱ་ཡ་སིདྡྷི་ཨོཾ། ཚེ་ཆང་གི་བར་ནས་སྲིན་ལག་གིས་བླངས་ཏེ་མགྲིན་པར་བཞག །ཨཱཿ དུས་


RTZ012_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདེ་གཤེགས་རྒྱལ་བས་བྱིན་བརླབས་པའི། །འཆི་མེད་ཚེ་ཡི་རང་བཞིན་ཡི་གེ་ཨཱཿ སྐལ་ལྡན་བུ་ཡི་མགྲིན་པར་བཞག་པ་ཡིས། །འགག་མེད་གསུང་གི་དབང་མཆོག་ཐོབ་པར་ཤོག །ཝཱ་ཀ་སིདྡྷི་ཨཱཿ ཚེ་ཆང་གི་ཞབས་ནས་སྲིན་ལག་གིས་བླངས་ཏེ་སྙིང་གར་བཞག །ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བས་བྱིན་བརླབས་པའི། །འཆི་མེད་ཚེ་ཡི་རང་བཞིན་ཡི་གེ་ཧཱུྃ། །སྐལ་ལྡན་བུ་ཡི་སྙིང་གར་བཞག་པ་ཡིས། །འཁྲུལ་མེད་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཙིཏྟ་སིདྡྷི་ཧཱུྃ། ཚེ་སྦ་བ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་སྟངས་སྟབས་སུ་བགྲད་དེ་བཞུགས་པ། ཕྱག་གཉིས་མདའ་གཞུ་འགེངས་པ། གཞུ་སྟོད་ལ་འབྲུག་སྒྲ་འུར་འུར་སྒྲོག་པ། གཞུ་སྨད་ལ་གློག་དམར་ཆེམ་ཆེམ་འཁྱུགས་པ། མདེའུ་ལས་ཐོག་སེར་ཆེམ་ཆེམ་འབེབ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་ཞིང་སྤྱི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་སྒྲོག་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཞབས་དབང་ཆེན་གསེར་གྱི་ས་གཞི་ལ་བཏེགས་པ། དབུ་ཚངས་པའི་འཇིག་རྟེན་ན་སླེབ་པ། སྐུ་རི་རབ་ལ་སྟེགས་མཛད་པར་གྱུར། ཧྲཱིཿཔདྨཱནྟ་ཀྲྀཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བདུན་ཙམ་བཟླ །དཔལ་རྟ་མགྲིན་་་དེའི་ང་རྒྱལ་གྱིས། སྙིང་ག་དཔུང་པ་དང་དཔུང་ཚིགས་གཉིས་སོགས་ལ་རྡོ་རྗེ་རྒྱ་གྲམ་གྱི་ཕྱག་


RTZ012_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡིས་རྒྱས་བཏབ་པ་མཐར་ལུས་ཐམས་ཅད་ལ་བསྐོར་ཏེ་སྙིང་གར་འཇོག་པ་དང་བསྟུན། དང་པོ་རྩེ་གཅིག་སེམས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་རྟ་མགྲིན་དབང་གི་རྒྱ། །བདུན་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །རྒྱ་བདུན་རིམ་གྱིས་བཏབ་པ་ལ། །སུ་ཡང་འདའ་བར་མ་བྱེད་ཅིག །སླར་ཡང་རྡོ་རྗེ་སྙིང་གར་བཞག་སྟེ། ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་སངས་རྒྱས་མི་གཟིགས་ན། །གནོད་བྱེད་བགེགས་ཀྱིས་ལྟ་ཅི་སྨོས། །དེ་ལྟར་ང་ཡིས་ཚེ་སྦས་སོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དེ་རྗེས་དམ་བཞག་གི་སླད་དུ་རྡོ་རྗེ་སྤྱི་བོར་བཞག་སྟེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །ཚེ་དཔག་མེད་མགོན་ང་ཡིན་གྱི། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །དེ་ལྟར་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་བརྙས་པར་མ་བྱེད་པར། །གུས་པར་ཅི་ནུས་མཆོད་པར་གྱིས། །ས་མ་ཡ་ན་ར་ཀན། །གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། གོང་ལྟར་མཎྜལ་འབུལ་ཞིང་། ཚང་ཞིང་ཡིད་དུ་འོང་བ་འདི་ཉིད། བླ་མ་དང་འཁོར་ལོའི་མགོན་པོ་ཐ་མི་དད་པའི་སྤྱན་ལམ་དུ་བདག་ཉིད་འཇུག་ཅིང་དབང་བསྐུར་ཞུས་པའི་བཀའ་དྲིན་གཏང་རག་ཏུ་དབུལ་བར་བགྱིའོ། །ཞེས་སོགས་ཀྱི་འདོན་པ་བསྒྱུར། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱོད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱི་སློབ་མར་


RTZ012_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །གཉིས་པ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ནི། སྐབས་སུ་བབས་པའི་ཚེ་དབང་བྱེད་སྤྲོ་ན། གོང་ལྟར་ལས་བརྡ་སྤྲོད་མཚམས་སྦྱར་དང་། ལག་ལེན་དང་། དམིགས་པ་གོང་འོག་སོགས་རྒྱུན་ལྡན་བླ་མའི་ཕྱག་བཞེས་ཉམས་སུ་མྱང་བར་བྱའོ། །ཆོ་གའི་རྗེས་ཀྱི་རིམ་པ་ཐུགས་སྒྲུབ་ལྟར་བྱ་ཞིང་མདུན་གྱི་དཀྱིལ་འཁོར་བསྡུ་ཚུལ་དང་གཤེགས་གསོལ་སྔ་འགྱུར་སྤྱི་ལྟར་རོ། །དེ་དག་གིས་རིམ་པ་བཤད་པ་ལྟར་མ་ཚང་བ་མེད་པ་ཉེ་བར་བསྡུས་ཏེ་བསྟན་ཟིན་ཏོ། །བསླུ་མེད་གཏན་གྱི་སྐྱབས་གནས་པདྨ་འབྱུང་། །བླ་མེད་བསྟན་པའི་གཞུང་ལུགས་རྙིང་མ་བ། །འཁྲུལ་མེད་རིག་འཛིན་བརྒྱུད་པའི་ཚོགས་བཅས་རྣམས། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱིའོ། །གངས་ཅན་ཕན་བདེའི་མྱུ་གུ་སྤེལ་བའི་སྤྲིན། །རྣམ་དཔྱོད་མདོ་རྒྱུད་བཤད་སྒྲུབ་ཟབ་མོའི་ལམ། །ལོག་རྟོག་འཐོར་རླུང་དྲག་པོའི་བྱེད་པ་འགས། །ཆོས་དབྱིངས་ནམ་མཁའི་ཀློང་དུ་ཐིམ་ཉེ་བར། །རིག་འཛིན་པདྨའི་བྱིན་རླབས་རྫུ་འཕྲུལ་གྱིས། །ད་སྐབས་གངས་ཅན་ལྷ་ལམ་ཡངས་པའི་ངོས། །དྲི་མེད་བཀའ་གཏེར་ཆོས་ཀྱི་ཉིན་བྱེད་ཀྱིས། །ཡོངས་གང་སྐལ་བཟང་པདྨོའི་གཉེན་དུ་གྱུར། །ཨེ་མ་དེ་འདྲའི་རྫོགས་ལྡན་དགའ་སྟོན་ལ། །རང་ཅག་བསྟན་སྒོར་ཞུགས་པའི་རིག་སྔགས་འཆང་། །ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡིས། །སྔ་འགྱུར་བསྟན་པ་སྤེལ་ལ་ཅིས་མི་སྤྲོ། །གནས་སྐབས་ཚེ་ཡི་དབང་ལ་རྟེན་བཅས་


RTZ012_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཐར་ཐུག་གདོད་མའི་ས་ལ་ལེགས་སྦྱོར་བ། །ཟབ་ཅིང་ཁྱེར་བདེ་དཔྱོད་ལྡན་ཚིམ་པའི་ཆོས། །ཐེག་མཆོག་སྙིང་པོའི་བསྟན་ལས་གཞན་ཅི་ཞིག །དེང་སང་བླ་མ་རྒྱུད་སྡེའི་སྙིང་པོ་དག །ཟབ་པར་སློབ་ཀྱང་ལག་ལེན་འཕྲང་རྡུགས་པའི། །སྒྲོ་བཏགས་གཅམ་བུའི་ཚིག་ལ་མི་རེ་བར། །ཚིག་ཉུང་དོན་འདུས་རྒྱ་ཆེ་འདི་བརྩམས་སོ། །དགེ་དེས་ལམ་གྱི་བར་ཆད་ཉེར་ཞི་ནས། །ཚེ་དཔལ་དབྱར་གྱི་མཚོ་བཞིན་རབ་འཕེལ་ཞིང་། །འཆི་མེད་རིག་འཛིན་པདྨཱ་ཀ་ར་ཡི། །གོ་འཕང་བདེ་བླག་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་གཏེར་སྟོན་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་གྱི་ཟབ་ཆོས་ཚེ་གུར་སྦྲགས་མར་གྲགས་པ་བླ་མ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་ཞེས་བྱ་བ་འདི་ཉིད་གྲུབ་རིགས་རྡོ་རྗེ་འཛིན་པའི་བཤེས་གཉེན་བླ་མ་ཆོས་ཉིད་རང་གྲོལ་གྱིས་བསྐུལ་ངོར། ཐམས་ཅད་མཁྱེན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ་སོགས་འཁྲུལ་མེད་དམ་པ་དུ་མའི་ཞབས་པད་སྤྱི་བོར་བརྟེན་པ། ལྷ་རིགས་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཐེག་པ་མཆོག་གི་རྣལ་འབྱོར། རིག་སྔགས་འཆང་བ་པདྨ་ཕྲིན་ལས་ཀྱིས་ཆོས་རྒྱལ་དབང་པོའི་སྡེའི་གསུང་ལ་གཞི་བྱས། དམ་པ་གོང་མའི་ཕྱག་ལེན་གྱིས་བརྒྱན་ཏེ། རང་གནས་ཆོས་སྨྲ་བའི་འདུན་ས། ཐུབ་བསྟན་རྡོ་རྗེ་བྲག་གི་བླ་བྲང་ཡང་རྩེར་དབོ་ཟླ་བའི་དམར་ཕྱོགས་དགའ་བ་གསུམ་པའི་ཚེས་ལ་སྦྱར་བའོ། །སརྦ་མངྒ་ལམ།། །།


previousརྒྱལ་བ་ཞི་ཁྲོ་ཚེ་དཔག་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིད་བཞིན་སྤྲིན་ཕུང་། པདྨ་ཕྲིན་ལས།next