Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག །བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   
   
   
   
   
   
   
   


 
previousདཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག །བསྟན་གཉིས་གཡུང་དྲུང་གླིང་པ།next

དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག །བསྟན་གཉིས་གཡུང་དྲུང་གླིང་པ།


RTZ015_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །


RTZ015_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་མ་ཧཱ་ཤྲཱི་ཡེ། འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ་བའི་མཆོག །གདོད་ནས་རང་བྱུང་དཀྱིལ་འཁོར་ཀུན་གྱི་མགོན། །འགྲོ་ངོར་རྡོ་རྗེ་སློབ་དཔོན་རྣམ་རོལ་གྱིས། །ཕྲིན་ལས་འདོད་རྒུར་སྒྱུར་ལ་གུས་ཕྱག་འཚལ། །དཔྱིད་ཀྱི་དབྱངས་སྙན་ལྟར་གྲགས་ཀྱང་། །སྨིན་གྲོལ་གདམས་སྲོལ་ཉིན་མོའི་སྐར། །གང་དེའི་སྙིང་པོ་ངོ་མཚར་ཕུལ། །གསང་བ་རྒྱ་མཚོའི་བཅུད་འདི་འོ། །དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་དོན་གྱི་དབང་བཞི་ཁྲིད་དང་སྦྲེལ་མར་འབོགས་པའི་ཕྱག་བཞེས་མདོར་བསྡུས་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་དཔལ་ཆེན་པོ་རིག་འཛིན་བརྒྱུད་པར་བཅས་པའི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་ཚོམ་བུ་ཉེར་གཅིག་གི་ཕོ་བྲང་དང་ལྡན་པའི་དཀྱིལ་འཁོར་གཞུང་མཐུན་རས་བྲིས་ཡོད་ན་བཀྲམ། མ་འཛོམ་ན་མེ་ཏོག་གམ་འབྲུ་དཀར་དྲི་བཟང་གིས་གཤེར་བའི་ཚོམ་བུ་དབུས་སུ་གཅིག །ཕྱོགས་བཞིར་ཐད་བསྒྲིགས་བཞི་རེ། མཚམས་བཞིར་རེ་རེ། དེ་རྒྱབ་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ། རྒྱས་པར་འཛོམ་ཞིང་སྤྲོ་ན་འཕྲུལ་སྟེགས་ཁར་སྣོད་གཅིག་གི་དབུས་སུ་འབྲུ་ལྔ། ཤར་དུ་སྨན་ལྔ། ལྷོར་རིན་པོ་ཆེ་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་རྣམས་བླུགས་པའི་བུམ་པ་དྲི་བཟང་གི་ཆུས་བཀང་ཞིང་མགུལ་ཆིངས་ཕྱོགས་མདོག་ཅན་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཞག །གཡས་སུ་སྣོད་གཅིག་གི་ནང་དུ་ཐོད་ཆུང་ལྔ་ཆང་གིས་བཀང་བའི་དབུས་མར་བྱང་སེམས་སེང་ཤ །ཤར་དུ་དྲི་ཆེན་གླང་ཤ །ལྷོར་ཤ་ཆེན་རྟ་ཤ །ནུབ་ཏུ་རཀྟ་བྱ་ཤ །བྱང་དུ་དྲི་ཆུ་ཁྱུང་ཤ་རྣམས་གཏེར་བྱོན་སོགས་ཀྱི་ཕབ་


RTZ015_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལ་སྐྱོབས་དང་སྦྱར་བའི་ཕྱེ་མ་སོགས་བཏབ་པ། གཡོན་དུ་རིག་ཙཀ་དཀར་མཐིང་སེར་དམར་ལྗང་ལྔ། མདུན་དུ་འཇའ་ཤེལ་བཟང་པོ། རྒྱབ་ཏུ་དཔལ་གྱི་གཏོར་ཆེན་བང་རིམ་བཞིའི་སྟེང་དཔལ་གཏོར་པད་འདབ་ཀྱིས་བསྐོར་བ་ལ་རྒྱན་སྤྲོས་དང་གདུགས་ཀྱིས་སྤྲས་པ་རྣམས་བཀོད། དཀྱིལ་འཁོར་དབུས་སུ་སྨན་གྱི་ཕོ་བྲང་། མདུན་ངོས་ལྟ་བུ་གང་བདེར། ཚེ་འབྲང་ཚེ་རིལ་ཚེ་ཆང་། སྲུང་མའི་གཏོར་འབུལ། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། ལས་བུམ། མིག་དར། མེ་ཏོག་སོགས་དབང་ཆས་དང་། མཆོད་གཏོར་ཚོགས་རྫས་རྣམས་རྒྱས་པར་འདུ་བྱའོ། །ཆོ་གའི་སྦྱོར་བ་ལ། ཚིག་བདུན་དང་གྲུབ་ན་བརྒྱུད་པའི་གསོལ་འདེབས་འབྲིང་པོ་སྔོན་དུ་འགྲོ་བས། བགེགས་གཏོར་བསྔོས་ལ། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་བགེགས་བསྐྲོད་ནས་བརྩམ་མཐར་ཆགས་སུ་གཏང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། བསྟོད་པ་ཡན་གྲུབ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་སོ་སོར་བཟླས་དམིགས་གསལ་བཏབ། ཞི་བ་རིགས་འདུས། སྤྱི་དཔལ་ཆེན་པོ། སྤྱི་དྲིལ་རྣམས་ཅི་འགྲུབ་བུང་བསྐྱེད། ཚོམ་བུ་ཉི་ཤུ་པོ་རྣམས་ཆ་སྙོམས་པར་ཉུང་ཙམ་རེ་བཟླ། བུམ་པར་ལྷ་དང་གཞལ་ཡས་གསལ་བཏབ། ཛཔ྄་དམིགས་སྤྱི་འགྲེ་བྱས་ལ་སྙིང་པོ་ཚང་བའམ། ཞི་བ། གཙོ་བོ། སྤྱི་དྲིལ་རྣམས་བརྒྱ་རྩ་སོགས་བཟླ། དེ་ནས་རྒྱུན་གྱི་ལས་སྦྱོར་ལྟར། ཧཱུྃ༔ སྙིང་པོ་རང་བྱུང་བདུད་རྩིའི་དཀྱིལ་འཁོར་སོགས་ཀྱིས་སྨན་ཕྱེ་མར་བསྒྲུབ་པའི་དགོངས་པ་གསལ་བཏབ་ལ་སྔགས་བཟླ། རིག་འཛིན་བསྐུལ། བསྐྱིལ་བ་དང་དབབ་པའི་སྔགས་རྣམས་ཀྱང་ཁྱུག་ཙམ་རེ་བཟླས་ལ་དམིགས་པ་གསལ་བཏབ་ཡན་བྱ། དེ་ནས་གཤམ་གྱི་ཚེ་སྒྲུབ།


RTZ015_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྤྱི་དཔལ་ཆེན་པོའི་ཐུགས་ཀ་སོགས་ཀྱིས་གསལ་བཏབ་ལ་ཚེ་བསྙེན་བཟླ། ཚེ་འགུགས་བཏང་། དེ་ནས་ལས་གཞུང་གི་སྟོང་ཚིགས་མཆོད་པ། ང་རྒྱལ་བསྐྱེད་པའི་བསྟོད་པ། ཡིག་བརྒྱས་བརྟན་པར་བྱ་བའི་བར་གྲུབ་ནས། བུམ་པར་དུང་ཆུ་ཕུལ་ལ་འོད་ཞུ་བྱ། བཀའ་སྲུང་མཆོད་ཐབས་ཀྱི་གཏོར་མ་དང་གསེར་སྐྱེམས་བྱིན་རླབས་ནས། བཟླས་པའི་བར་དུ་བཏང་། ལས་གཞུང་ལྟར་ཚོགས་བྱིན་རླབས་ནས། བསྒྲལ་བསྟབ་ཡན་སོང་མཚམས་འགྲུབ་ན་སྐོང་བསྡུས་རིན་ཆེན་སིལ་མ་བཤགས་པ་བཅས་སྦྱར། གང་ལྟར་བཀའ་སྲུང་གི་ཚོགས་སྐོང་བཤགས་པའི་བར་བཏང་ནས་སྔ་མའི་འཕྲོས་ཐུགས་དམ་བསྐུལ། ཚོགས་ཀྱི་དངོས་གྲུབ་གསོལ། སྨན་སྒྲུབ་འཕྲོས་སུ་ཡོད་པའི་སྨན་དབང་བླང་། ལས་བུམ་དུ་འཁྱིལ་བའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་བས་བདག་ཉིད་ཞུགས་ཤིང་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ལ་གཉིས་འཇུག་པ་དང་། དབང་ངོ་། །དང་པོ་ནི། སྣོད་དུ་རུང་བའི་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ །སྲུང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་འོས་པ་དང་། བྱེ་བྲག་ཏུ། དེའང་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡོམས་ཏེ་ཐུབ་པའི་དབང་པོའི་བསྟན་པ་ལ་དུས་གསུམ་དུ་འབྱོན་པར་དཀའ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པར་བཞེངས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཀྱིས་གཞན་སྣང་གདུལ་བྱ་འདུལ་བའི་ཐབས་སུ་སྔགས་ཀྱི་སྟོན་པ་དང་རིག་འཛིན་གྲུབ་ཐོབ་རྣམས་ལས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཡོངས་


RTZ015_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པ་གསན་པའི་ཚུལ་བསྟན། ཁྱད་པར་འོག་མིན་བཀོད་པ་ལྷུན་གྲུབ་ཏུ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ལས་ཕྱི་ནང་སྒྲུབ་གསང་ལྟ་བ་སྤྱི་འབྱམས་བཅས་རྩ་དབང་ལྔ་དང་སྦས་པའི་དབང་ལྔ་རྣམས་གསན། ཕྱིས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་པའི་ཚེ་རྒྱལ་པོ་གཙུག་ལག་འཛིན་པས་རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ། སྒོམ་ཁོག་གནད་གདམས་དང་བཅས་པ། ཕྲིན་ལས་ཕྱག་ལེན་དང་བཅས་པ། ལས་ཁ་ཚར་དགོས་དོན་དང་བཅས་པ། སྤྱི་གནད་སྐོར་འགོ་དང་བཅས་པ། ཡིད་ཆེས་ལོ་རྒྱུས་དང་བཅས་པ། རང་གཞན་ཀུན་གྱི་དོན་མྱུར་དུ་འགྲུབ་ཅིང་དཀྱིལ་འཁོར་གྱི་རིགས་སུ་གྱུར་པའི་ལྷ་ཚང་བ། ཐེག་པ་གོང་འོག་གང་དང་ཡང་མི་འགལ་ཞིང་ཐམས་ཅད་གཅིག་ཏུ་འདྲིལ་བའི་ཆོས་ཤིག་གནང་བར་གསོལ་བ་བཏབ་པ་ལ་བརྟེན། མཁའ་འགྲོ་འཁྲིགས་པའི་ཡང་དབེན་དགའ་བ་ཚལ་དུ་སྐལ་ལྡན་རྗེ་འབངས་ཉི་ཤུ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་སྐོར་ལོ་གཅིག་ཏུ་གནང་ནས་ཐམས་ཅད་སྨིན་གྲོལ་ལ་བཀོད། དེ་ནས་ཨོ་རྒྱན་ཡུལ་དུ་མི་ལོ་ཉིས་བརྒྱར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སངས་རྒྱས་ཀྱི་ས་ལ་བཀོད། བོད་ཡུལ་དུ་ཞབས་བཅགས་ནས་སངས་རྒྱས་ཀྱི་བསྟན་པ་རྨངས་ནས་བཙུགས་ཏེ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན། ལྷ་སྲས་མུ་ཏིག་བཙད་པོས་གསོལ་བ་བཏབ་པའི་ངོར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་


RTZ015_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་ཆོས་རྒྱལ་མུ་ཏིག་བཙད་པོ་དང་རྒྱལ་སྲས་ལྷ་རྗེ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཉེར་གཅིག །དེ་བ་སམྦྷ་སོགས་ལོ་ཙཱ་ཉེར་གཅིག །བཙུན་མོ་རྣམ་གསུམ་གཙོས་སྐལ་ལྡན་དུ་མ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པའི་དབང་མོ་ཆེ་ཉེར་གཅིག་གནང་། རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་སྲས་ལྷ་རྗེའི་སྐལ་བར་གདམས་ནས། ལྟ་བ་རྫོགས་ཆེན་པདྨའི་སྙིང་ཐིག །བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་རྣམས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པར་གཏེར་དུ་སྦས་པ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱོན་པར་ལུང་བསྟན་པ་ལྟར། སངས་རྒྱས་བླ་མ། རྒྱ་ལོ་ཙཱ། ཉི་མ་སེང་གེ་རྣམས་རིམ་པར་བྱོན་ཅིང་འགྲོ་དོན་རྒྱ་ཆེར་མཛད་པའི་ཕྱི་མ་ནི། ཇི་སྐད་དུ། ཡར་ཀླུངས་མཐིལ་ནས་རྣམ་སྨིན་སྐྱེད་རྒྱལ་འབྱུང་། །ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ། །བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་། །ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་། །ཞེས་ལུང་བསྟན་པ་ལྟར། ཁྱད་འཕགས་གླིང་པ་རྣམ་བཞིའི་གཙོ་བོར་བྱོན་པ་དེ་ཉིད་ཀྱིས་སྤྱན་དྲངས་ཀྱང་གངས་ཅན་བསོད་ནམས་ཀྱི་སྐལ་བར་མ་ཤོང་བས་ཆོས་སྡེ་ཐམས་ཅད་སླར་ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གསང་བའི་མཛོད་དུ་རྒྱས་བཏབ་པ་ལས། ཡི་དམ་བཀའ་


RTZ015_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རྒྱུན་གྱི་རྣལ་འབྱོར་སྨིན་གྲོལ་སྙིང་པོ་ལས་ཚོགས་དང་བཅས་པ་ཟབ་མོའི་བཅུད་བསྡུས་འདི་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་བྱའི་རི་ཡི་འོག །ཀླུ་དབང་འཁྱིལ་བའི་བྲག་གི་སྟེང་། །མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང་། །བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད། །ཅེས་པ་གནས་དང་མཚན་སྒྲས་ཤིན་ཏུ་གསལ་བར་བསྟན་པ་དང་། གུ་རུ་ཆོས་དབང་། མངའ་རིས་པཎ་ཆེན་སོགས་ཀྱི་གཏེར་ལུང་ལས་ཀྱང་གསལ་བར་འབྱུང་བ། མངའ་བདག་ཁྲི་ལྡེའི་སྐུ །རྒྱལ་སྲས་ལྷ་རྗེའི་གསུང་། ནམ་མཁའི་སྙིང་པོའི་ཐུགས། བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་དཀོན་འབྱུང་གི་ཕྲིན་ལས་རྣམ་རོལ་གཅིག་ཏུ་བསྡུས་པ། སྙིགས་མ་ཤིན་ཏུ་མཐར་ཐུག་པའི་དུས་འདིར་འཇིག་རྟེན་གྱི་སྒྲོན་མེ་གཅིག་པུར་གྱུར་པ། ངོ་མཚར་གྱི་བཀའ་བབས་བདུན་དང་ལྡན་པའི་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྔོན་བྱོན་གཏེར་རྙིང་ཕལ་མོ་ཆེའི་སྨིན་གྲོལ་དང་ཡང་གཏེར་གྱི་བཀའ་བབས་བཞུགས་པའི་ནང་ཚན། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་སྙིང་པོའི་སྐོར་འདི་ཡང་གཏེར་རྣམས་ཀྱི་ཐོག་མར། དུས་རྟགས་དང་མཐུན་པར་གཏན་ལ་ཕབ་པས་ནག་ཕྱོགས་སྡིག་ཏོའི་འཚུབས་འགྱུར་ཆེན་པོ་ཚེགས་མེད་དུ་བཟློག་ཅིང་། བསྟན་འགྲོ་ཡོངས་ལ་ཕན་བདེ་བླ་ན་མེད་པའི་རྟེན་འབྲེལ་གྱི་སྒོ་ཆེན་པོ་


RTZ015_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པའི་ཟབ་ཆོས་གཞན་ལས་ཀྱང་དགོས་པ་ཁྱད་པར་ཅན་དང་ལྡན་པ་སྟེ། དེ་ཉིད་ཀྱི་སྨིན་བྱེད་སྙིང་པོ་དོན་གྱི་དབང་བསྐུར་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་འོས་རྣམས་གྲུབ། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་འཇུག་པ་དང་དབང་བསྐུར་དངོས་གཉིས་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གཙོ་མཆོག་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པ་ལ་མོས་གུས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྤྱི་དཔལ་ཆེན་པོ་ཧེ་རུ་ཀ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ སྙིང་པོ་དོན་གྱི་དབང་བསྐུར་གསོལ༔ ལན་གསུམ། སློབ་དཔོན་གྱིས་རྡོ་རྗེ་གདེངས་ལ། ང་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ དམ་ཚིག་གཅན་འཕྲང་ཟབ་པས་ན༔ དབང་བསྐུར་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དཔལ་ཆེན་པོ་དང་དབྱེར་མེད་པའི༔ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ རྟག་ཏུ་ཡིད་ལ་འཆང་བ་དང༔ སྲོག་ལ་བབས་ཀྱང་དམ་ཚིག་བསྲུང༔ ཞེས་ཁས་བླང་། དེ་ལྟར་ན་གསང་བའི་དཀྱིལ་འཁོར་གཉན་པོར་གཞུག་ཏུ་རུང་བས་ཐོག་མ་ཉིད་དུ་རྒྱུད་རྣམ་པར་དག་པ་བྱ་དགོས་ཏེ། བཀའ་འདུས་རྩ་བའི་རྒྱུད་ལས། ལྷ་མིའི་ཐེག་པས་སོགས་སྙིང་པོ་དོན་གྱི་ཐུགས་ཁྲིད་ཀྱི་དབུ་ནས་བརྩམ། ཁྲིད་གོ་ཆོོད་ངེས་ཀྱིས་གོ་བརྡའ་འཕྲོད་པ་དལ་བར་


RTZ015_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བཀླགས་ནས། སྐྱབས་འགྲོ་དང་སེམས་བསྐྱེད་རྗེས་ཟློས་ལན་གསུམ་རེ། ཡན་ལག་བདུན་པ་དང་མཎྜལ་ཡང་དེ་ལྟར་བྱ། རྡོར་སེམས་དམིགས་པ་ཕོག་ལ་ཡིག་བརྒྱ་བདུན་ནམ་ཉེར་གཅིག་སྐབས་བསྟུན། སཏྭ་བརྒྱ་རྩ་ལྷན་ཅིག་བཟླས་ལ། ངང་ལ་བཞག་གོའི་བར་བརྗོད། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་ཅོད་པན་སྦྱིན། དེ་ལ་ཐོག་མར་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོ་སློབ་དཔོན་དང་ཐ་དད་མེད་པ་དང་རྩ་གསུམ་ལྷ་ཚོགས་དཔང་པོར་བྱས་ཏེ་དམིགས་པར་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འདོད་པ། སྒྲུབ་པར་བྱེད་པའི་ཐབས་སོ་བྱང་སྔགས་གསུམ་གྱི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་པ་ལ་བརྟེན་ནས། གྲུབ་པའི་འབྲས་བུ་མཐའ་ཡས་པའི་ཡིད་ཅན་ཐམས་ཅད་ཕན་བདེ་བླ་ན་མེད་པ་ལ་དགོད་པར་བགྱིའོ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་


RTZ015_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་གསང་བ་མཆོག་གི་དུར་ཁྲོད་ཡེ་ཤེས་འབར་བའི་གཞལ་མེད་ཁང་རྒྱ་ཚད་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། བཅུད་རྣམ་པར་དག་པ་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་རང་རིག་པའི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རང་འོད་ཀྱི་ཡུམ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཞབས་འདོར་ཐབས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་མོས་ཤིག །རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་འབར་བ་ཆེན་པོའི་ཧཱུྃ་ཡིག་དང་།


RTZ015_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དཀྱིལ་འཁོར་བའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་ནམ་མཁའ་གང་བ་འཕྲོས། དཔལ་ཆེན་དཀྱིལ་འཁོར་ཉེར་གཅིག་གི་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་སྤྱི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །འབེབ་པའི་རྫས་བསྲེག །རོལ་མོ་སྣ་ཚོགས་དང་དབྱངས་བཅས་ལས་བྱང་གི་བྱིན་འབེབ་སྔགས་བཅས་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྒྱ་གྲམ་མེ་ཏོག་མགོར་བཞག །ཏིཥྛ་བཛྲ། སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། པྲ་ཏཱིཙྪ་བཛྲ། ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་དུ་གཞུག །ཕྱོགས་ཀྱི་རིགས་བརྟགས་ལ་གསང་མཚན་སྤྱིའི་རིགས་པས་གདགས། སྤྱི་ཙམ་དུ། མེ་ཏོག་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྤྱི་དཔལ་ཆེན་པོ་ལ་ཕོག་པས་ཁྱེད་རང་རྣམས་ཀྱི་མིང་ཡང་དཔལ་ཆེན་འདུས་པ་རྩལ་ཞེས་བྱ་བའོ། །རིགས་ཀྱི་བདག་པོས་མེ་ཏོག་དབང་རྟགས་ཅོད་པན་དུ་གནང་བར་མོས་ཤིག །པྲ་ཏཱི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་ཅོད་པན་སྤྱི་བོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཡེ་ཤེས་འོད་ཟེར་ཐུར་མ་ལྟ་བུས་མ་རིག་པའི་སྒྲིབ་གཡོགས་


RTZ015_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སངས་ཀྱིས་བསལ་བར་མོས་ཤིག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི༔ དེ་ལྟར་མཐོང་བ་དག་པས་མདུན་གྱི་དཀྱིལ་འཁོར་དབུས་སུ་ཀུན་ཁྱབ་ཡེ་ཤེས་སྤྱི་དཔལ་ཆེན་པོའི་ལྷ་ཚོགས་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཤར་དུ་ཚད་མེད་བཞི། ལྷོར་བསྡུ་དངོས་བཞི། ནུབ་ཏུ་ཟག་མེད་བཞི། བྱང་དུ་རྣམ་ཐར་བཞི། མཚམས་རྣམས་སུ་དྲན་པ་ཉེར་བཞག་བཞི་རྣམས་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་ཉི་ཤུའི་རང་བཞིན་ཅན་གྱི་དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པར་ཞུ། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། དབང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟརབསྩལ་པ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས། བླ་མ་ཧེ་རུ་ཀ་འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོས་དགྱེས་པས་དགོངས་ཏེ་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་ལྡན་པ་རྣམས་ཀྱིས་དབང་བསྐུར་བས། རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་དུག་ལྔའི་སྒྲིབ་པ་དག །ཕུང་པོ་ལྔ་སྐུ་ལྔར་གནས་


RTZ015_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པའི་མོས་པ་མཛོད་ཅིག །བུམ་པ་གཅིག་གམ་ཕྱོགས་བསྡུས་སྤྱི་བོར་བཏེགས་ལ། ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་གཞལ་ཡས་ཁང༔ ནང་ནི་ལྷ་དང་དབྱེར་མེད་བདུད་རྩིས་བཀང༔ སྣོད་བཅུད་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ དཔལ་ཆེན་ལྷ་ཚོགས་སྐུ་ཡི་དབང་ཐོབ་ཤོག༔ སྨན་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་ཐོབ་ཤོག༔ རིན་ཆེན་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་ཐོབ་ཤོག༔ དྲི་མཆོག་རྣམ་པ་ལྔ་ཡི་དབང་བསྐུར་བས༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ་ཤོག༔ སྙིང་པོ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་ཤོག༔ འབྲས་བུ་རྣམ་པ་ལྔ་ཡི་དབང་བསྐུར་བས༔ རྣམ་པར་སྣང་མཛད་མིང་གི་དབང་ཐོབ་ཤོག༔ དུག་ལྔ་གནས་དག་ཕུང་པོ་གནས་སུ་གྱུར༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་སྤྱི་བོའི་གནས་ལྔར་བཞག༔ ཨ་བྷི་ཥིཉྩ་ཧཱུྃ་ཞེས་ཁྲུས་བྱ༔ མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན༔ བཀྲ་ཤིས་ཅི་ལྟར་འོས་པ་བརྗོད་ཅིང་མེ་ཏོག་འཐོར། རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན་པ་ལ་རིམ་པ་བཞིན་སྤྱན་དམིགས་འདི་བཞིན་མཛོད་ཅིག །དཀྱིལ་འཁོར་ཚོམ་བུ་ཉེར་གཅིག་གི་གཙོ་བོ་སོ་སོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་


RTZ015_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་དཔལ་ཆེན་བཀའ་འདུས་ཀྱི་ལྷ་ཚོགས་གཙོ་འཁོར་ཡོངས་སུ་རྫོགས་པའི་སྐུའི་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཐོབ་པར་མོས་ཤིག །ཞི་བ་ཀུན་ཏུ་འཆང་དང། དཀྱིལ་འཁོར་ཉེར་གཅིག་གི་གཙོ་བོ་རྣམས་ཀྱི་ཙཀ་ལིས་རིམ་པར་དབང་བསྐུར་ལ། ཧཱུྃ་ཧྲཱི༔ ཕུང་ཁམས་སྐྱེ་མཆེད་རང་བཞིན་གནས་དག་པ༔ རིགས་ལྔ་བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡབ་ཡུམ་ཐབས་དང་ཤེས་རབ་སྤྲུལ་པའི་འཁོར༔ སུམ་བརྒྱ་སུམ་ཅུ་འདུས་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་རྩ་བའི་དཀྱིལ་འཁོར་ནས༔ རིགས་ཀུན་བདག་པོ་སྤྱི་དཔལ་ཧེ་རུ་ཀ༔ གཉིས་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་བརྒྱ་རེ་བཞི་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྟོད་བྱམས་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཁྱབ་བདལ་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྲིབ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ནས༔ སྟོབས་ལྡན་ཡེ་ཤེས་རྡོ་རྗེ་ཕྲེང་བ་ཆེ༔ སྣང་དབྱིངས་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔


RTZ015_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་མཱ་ལ་དྷེ་བ་ག་ཎ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་དབུས་དགའ་བའི་དཀྱིལ་འཁོར་ཆེན་པོ་ནས༔ འབར་བའི་ཡེ་ཤེས་དཔལ་ཆེན་གསང་བའི་བདག༔ དབང་སྡུད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྷ་ཚོགས་བརྒྱད་ཅུ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦྷ་ར་དྷཱ་ར་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་སྨད་བཏང་སྙོམས་ཆེན་པོའི་དཀྱིལ་འཁོར་ནས༔ ཡིད་བཞིན་ཡེ་ཤེས་རྡོ་རྗེ་རྩལ་ཆེན་རྫོགས༔ བདེ་མ་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ སུམ་ཅུ་རྩ་དྲུག་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་དྷཱུ་ཤ་ཏེ་ཀེཾ་རཱུ་པ་ཀཱ་ཡ་ཀྲོ་དྷཱི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྟོད་སྦྱིན་པ་ཆེན་པོའི་དཀྱིལ་འཁོར་ནས༔ ཆགས་བྲལ་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ མཁའ་འགྲོ་བརྒྱད་ཅུ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྲིབ་ངག་སྙན་སྨྲ་བའི་དཀྱིལ་འཁོར་ནས༔ བདེ་ཆེན་ཡེ་ཤེས་འཁོར་ལོ་བདེ་བའི་མཆོག༔ རྣལ་འབྱོར་མས་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་གཉིས་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔


RTZ015_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ལྷོ་དབུས་དོན་མཐུན་རོལ་པའི་དཀྱིལ་འཁོར་ནས༔ གཏུམ་རྔམ་ཡེ་ཤེས་བཅོམ་ལྡན་གཤིན་རྗེའི་གཤེད༔ ཟ་བྱེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་སྨད་དོན་སྤྱོད་རོལ་པའི་དཀྱིལ་འཁོར་ནས༔ བསམ་འཕེལ་ཡེ་ཤེས་ཀུན་འབྱུང་རཏྣ་རྩལ༔ སྦྱོར་བའི་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་རཏྣ་དྷཱུ་ཤ་ཏི་རཱུ་པ་ཀཱ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྟོད་འདོད་པ་ཟག་མེད་དཀྱིལ་འཁོར་ནས༔ སོར་རྟོག་ཡེ་ཤེས་པདྨ་རྟ་མགྲིན་རྒྱལ༔ རལ་གཅིག་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ ལྔ་བཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་སྲིབ་མ་རིག་ཟག་མེད་དཀྱིལ་འཁོར་ནས༔ དགའ་ཆེན་ཡེ་ཤེས་དགྱེས་པའི་རྡོ་རྗེ་བཞད༔ བདག་མེད་ཡུམ་འཁྱུད་རིག་མདངས་སྤྲུལ་པའི་འཁོར༔ དྲུག་ཅུ་རྩ་ལྔ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་དེ་བ་པི་ཙུ་བཛྲ་དྷཱ་ཀི་ནཱི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་དཀྱིལ་སྲེད་པ་ཟག་མེད་དཀྱིལ་འཁོར་ནས༔ འོད་གསལ་ཡེ་ཤེས་བདེ་གཤེགས་གསང་བ་འདུས༔ མཁའ་སྤྱོད་


RTZ015_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་འཁྱུད་རིག༴ བརྒྱ་དང་སུམ་ཅུ་རྫོགས༴ ཨོཾ་ཨཱཿབཛྲ་དྷྲྀཀ྄་མ་ཧཱ་ཀྲོ་དྷ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་སྨད་ལྟ་བ་ཟག་མེད་དཀྱིལ་འཁོར་ནས༔ རྣམ་དག་ཡེ་ཤེས་པདྨ་རྩལ་ཆེན་པོ༔ འོད་སྐོར་ཡུམ་འཁྱུད་རིག་མདངས༴ དགུ་བཅུ་རྩ་བརྒྱད་རྫོགས༴ ཨོཾ་པདྨ་དྷཱུ་ཤ་ཏི་ཨཱ་ཡུར་བྷནྡྷ་བྷྲཱུྃ་སྭཱ་ཧཱ༔ ཀཱ་ཡ༴ ཧཱུྃ༔ བྱང་སྟོད་ཆོས་ཀུན་སྟོང་ཉིད་དཀྱིལ་འཁོར་ནས༔ ཟུང་འཇུག་ཡེ་ཤེས་ཁྲག་འཐུང་ཆེ་བའི་མཆོག༔ དབྱིངས་ཕྱུག་ཡུམ་འཁྱུད་རིག་མདངས༴ བདུན་ཅུ་རྩ་གཉིས་རྫོགས༴ ཨོཾ་ཤྲཱི་མ་ཧཱ་ནཱ་ཡ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་སྲིབ་མཚན་མ་མེད་པའི་དཀྱིལ་འཁོར་ནས༔ རྟོག་བྲལ་ཡེ་ཤེས་དུས་ཀྱི་འཁོར་ལོ་དཔལ༔ ཛྙཱ་ན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་རེ་བཞི་རྫོགས༴ ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་དཀྱིལ་སྨོན་པ་མེད་པའི་དཀྱིལ་འཁོར་ནས༔ འདོད་འབྱུང་ཡེ་ཤེས་ཟག་མེད་མཁའ་ཀློང་འཁྱིལ༔ ཨུ་ཙུཥྨར་འཁྱུད་རིག་མདངས༴ བརྒྱ་དང་བཅུ་བདུན་རྫོགས༴ ཨོཾ་ཀེ་གུ་པ་ཡཾ་རཏྣ་བཱ་སུ་དེ་ཤ་ཀེ་བྷྱོ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་སྨད་འདུ་མི་བྱེད་པའི་དཀྱིལ་འཁོར་ནས༔ ཤུགས་འཆང་ཡེ་ཤེས་ཐོགས་མེད་ཀརྨ་རྩལ༔ ཟིལ་གནོན་ཡུམ་འཁྱུད་རིག་མདངས༴ བརྒྱ་དང་ལྔ་བཅུ་རྫོགས༴ ཨོཾ་ཀརྨ་ཀྲོ་དྷ་དྷཱུ་ཤ་ཏི་ཏིཥྛ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔


RTZ015_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོ་ལུས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ ཐིག་ལེའི་ཡེ་ཤེས་བླ་མེད་མངོན་རྫོགས་རྒྱལ༔ ཉིད་བཞི་ཡུམ་འཁྱུད་རིག་མདངས༴ བདུན་ཅུ་རྩ་བཞི་རྫོགས༴ ཨོཾ་གུ་ཧྱ་དྷཱ་ཏུ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ལྷོ་ནུབ་ཚོར་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ བདུད་འཇོམས་ཡེ་ཤེས་བཛྲ་ཀཱི་ལ་ཡ༔ རྒྱས་འདེབས་ཡུམ་འཁྱུད་རིག་མདངས༴ བརྒྱད་ཅུ་རྩ་བཞི་རྫོགས༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་བྱང་སེམས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ བགེགས་འདུལ་ཡེ་ཤེས་དྲེགས་པ་ཐམས་ཅད་འདུལ༔ སྤྱི་འདུལ་ཡུམ་འཁྱུད་རིག་མདངས༴ དྲེགས་པ་བཞི་བཅུ་རྫོགས༴ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་ཤར་ཆོས་དྲན་ཉེར་བཞག་དཀྱིལ་འཁོར་ནས༔ མངོན་སྤྱོད་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ནག༔ འབྱུང་ལྔའི་བདག་འཁྱུད་རིག་མདངས༴ ཉི་ཤུ་རྩ་བརྒྱད་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཛྭ་ལ་མནྟྲ་སརྦ་དུཥྚཱན་བྷནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་སྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་


RTZ015_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསུང་བཟླས་པའི་ལུང་གི་སླད་དུ། དཀྱིལ་འཁོར་བའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཧཱུྃ་ཡིག་འབར་བ་ལ་སྔགས་ཕྲེང་གིས་བསྐོར་བ། མོས་གུས་བསྐྱེད་པའི་རྐྱེན་གྱིས་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་སྤྱི་དཔལ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཧཱུྃ་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་རྡོ་རྗེ་གསུམ་གྱི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་གསང་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་མཚམས་སྦྱར་ལ། ལས་བྱང་ལྟར། ཞི་བ་དང་། སྤྱི་དཔལ་གཙོ་བོ། ཚོམ་བུ་ཉི་ཤུ། སྤྱི་དྲིལ་བཅས་སོ་སོར་ལན་གསུམ་རེ་བཟླར་གཞུག །མཐར་ཕྲེང་བ་མགྲིན་པར་བཞག་ལ། དཔལ་ཆེན་བཀའ་འདུས་ཚོམ་བུ་ཉེར་གཅིག་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་ཡེ་དྷར་བརྗོད། དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་


RTZ015_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྡན་གྱི་བཟླས་བརྗོད་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང་། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས། ཐ་མལ་གྱི་སྒྲ་བརྗོད་དང་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །ཐུགས་ཀྱི་དགོངས་པ་ངོ་སྤྲོད་པ་ནི། འདི་ལྟར་ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་གདོད་ནས་དབྱིངས་རིག་གཉིས་མེད་སྤྱི་དཔལ་ཆེན་པོའི་ངོ་བོར་རྫོགས་པ་ཡིན་པས་དེའི་དོན་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས༔ ལྷ་སྔགས་ཆོས་སྐུ་ཐམས་ཅད་དེ་ལ་རྫོགས༔ དབྱིངས་དང་རིག་པ་གཉིས་མེད་ཧེ་རུ་ཀ༔ ཡང་དག་ངེས་པའི་དོན་མཆོག་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབས་ཀྱི་བསམ་གཏན་དང་མ་བྲལ་བས། གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་ཐེབས་པར་གྱིས་ཤིག །དེ་དག་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་


RTZ015_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་བུམ་དབང་གིས་ལུས་སྨིན་པར་བྱས་པའི་རྗེས་སུ། རྒྱུད་ལས། དབང་དང་ལམ་ནི་ཟུང་དུ་འབྲེལ་བ་སྟེ༔ སྣོད་བཅུད་ཕུང་ཁམས་གཞལ་ཡས་ལྷ་རུ་བསྟན༔ ཤར་བ་གསུམ་གྱིས་འཁྲུལ་རྟོག་ཞེན་པ་བསྒྱུར༔ ཅེས་གསུངས་པའི་དོན། ལྔ་པ་མ་ཧཱ་ཡོ་ག་ལ་སོགས་ཐུགས་ཁྲིད་ལྟར་ལ། དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་རོ༔ བར་གྱིས་ཁྲིད་འབོགས། གཉིས་པ་གསང་བའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་སྤྱི་དཔལ་ཆེན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ། ལུས་ལ་ཞུགས་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རོ་གཅིག་ཏུ་ཞུ་བའི་རྒྱུན་མཁའ་གསང་ནས་ཐོན། ཐོད་པའི་བདུད་རྩི་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་ཅན་དང་རོ་གཅིག་ཏུ་འདྲེས་པས་ཁྱེད་རང་རྣམས་ལ་དབང་བསྐུར་ཅིང་མགྲིན་པར་མྱང་བས། འཆིང་བྱེད་རྩ་ཡི་མདུད་པ་གྲོལ། གཡོ་བའི་རླུང་ལྔ་དབུ་མར་ཐིམ། ཐིག་ལེའི་འཕོ་བ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བརྟན་པར་བྱས་པར་མོས་ཤིག །བདུད་རྩིའི་ཐོད་པ་ཐོགས་ལ། ཧཱུྃ༔


RTZ015_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ནི་མཚན་ལྡན་རང་བྱུང་ཀ་པཱ་ལར༔ བཅུད་ཀྱི་དྭངས་མ་ཤ་ལྔ་བདུད་རྩི་ལྔ༔ གཉིས་མེད་མཉམ་སྦྱར་བྱང་ཆུབ་སེམས་ཀྱི་ཆུས༔ དཔལ་ཆེན་ལྷ་ཚོགས་གསུང་གི་དབང་ཐོབ་ཤོག༔ བདུད་རྩི་དྲི་ཆེན་གླང་ཤས་དབང་བསྐུར་བས༔ ཁྱབ་བྱེད་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་ཤ་ཆེན་རྟ་ཤས་དབང་བསྐུར་བས༔ ཐུར་སེལ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་རཀྟ་བྱ་ཤས་དབང་བསྐུར་བས༔ གྱེན་རྒྱུའི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་དྲི་ཆུ་ཁྱུང་ཤས་དབང་བསྐུར་བས༔ མེ་མཉམ་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ བདུད་རྩི་བྱང་སེམས་སེང་ཤས་དབང་བསྐུར་བས༔ སྲོག་གི་རླུང་རྣམས་དབུ་མར་ཐིམ་པར་ཤོག༔ རྩ་ཡི་མདུད་གྲོལ་རླུང་ལྔ་དབང་དུ་འདུས༔ ཐིག་ལེ་ཟག་མེད་བདེ་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཐོད་པ་གནས་ལྔར་བཞག༔ བཛྲ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན༔ སྔགས་འདི་བརྗོད་ལ་བྱང་སེམས་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམས་ལ་མྱང་བར་ཞུ། ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ ཞེས་བདུད་རྩི་མྱང༔ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་


RTZ015_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་གསང་བའི་དབང་གིས་ངག་རྩ་རླུང་སྨིན་ནས། རྒྱུད་ལས། འཁྲུལ་འཁོར་རླུང་དང་འབར་བའི་གདམས་པ་བསྟན༔ འདུས་པ་གསུམ་གྱིས་སྒོ་གསུམ་ལས་སུ་རུང༔ ཞེས་གསུངས་པའི་དོན། དྲུག་པ་ཨ་ནུ་ཡོ་གའི་ཐེག་པ་སོགས་ཐུགས་ཁྲིད་ལྟར་ལ། དེ་ལྟ་བུ་སྤེལ་ལ་བྱའོ༔ བར་གྱིས་ཁྲིད་བསྟན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། ངོ་བོ་ཡེ་ཤེས་རིགས་ལྔའི་རང་བཞིན། རྣམ་པ་རིགས་ཅན་རྣམ་ལྔའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རྒྱུད་རྣམ་པར་དག་པའི་ཕྱག་རྒྱ་རིམ་པར་གཏད་པ་ལ་བསྟེན་ནས། བདེ་བ་ཆེན་པོའི་ཡེ་ཤེས་ཁྱབ་བརྟན་རྒྱས་ཤིང་འབར་བ་དང་སྨིན་པའི་སྒོ་ནས་ལུགས་འབྱུང་གི་དགའ་བཞི་རིམ་པར་འཕེལ་བ་དང་། ལུགས་ལྡོག་དགའ་བཞི་མཐར་ཕྱིན་ནས་རང་བྱུང་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་བྱས་པར་མོས་ཤིག །རིག་ཙཀ་ལྔ་རིམ་པར་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་རིགས་ལྔ་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱིས་བསྟེན་བྱའི་དམ་ཚིག་མཆོག༔ ཟག་མེད་བདེ་བའི་འབྱུང་གནས་འདི་གཏད་པས༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་དབང་ཐོབ་ཤོག༔ བདེ་གཤེགས་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་ཁྱབ་པའི་དབང་ཐོབ་ཤོག༔ རྡོ་རྗེའི་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་བརྟན་པའི་དབང་ཐོབ་


RTZ015_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ རིན་ཆེན་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག༔ པདྨའི་རིགས་ཀྱི་གཟུང་མ་ལ་བསྟེན་ནས༔ བདེ་ཆེན་ཡེ་ཤེས་འབར་བའི་དབང་ཐོབ་ཤོག༔ ལས་ཀྱི་རིགས་ཀྱི་གཟུངས་མ་ལ་བརྟེན་ནས༔ བདེ་ཆེན་ཡེ་ཤེས་སྨིན་པའི་དབང་ཐོབ་ཤོག༔ ལུགས་འབྱུང་དགའ་བ་རྣམ་བཞི་འཕེལ་བ་དང༔ ལུགས་ལྡོག་ལྷན་སྐྱེས་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ལྟར་བྱིན་པའི་རིག་མ་རྣམས་དང་ཁྱེད་རང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པར་མོས་ཤིག །མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡས་བབ་དང་མས་བརྟན་གྱི་དགའ་བཞི་རིམ་པར་མྱོང་བའི་མཐར་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་དེའི་རང་ངོ་ལ་བཟོ་མེད་དུ་བསྐྱང་འཚལ། མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཨཱ༔ ཞེས་བདེ་བ་ངོ་སྤྲད༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དང་ཐིག་ལེ་སྨིན་པར་བྱས་པ་ལ། རྒྱུད་ལས། དབབ་དང་ལྡོག་དང་བསྟིམ་པའི་མྱུར་ལམ་བསྟན༔ ལྷན་སྐྱེས་གསུམ་གྱིས་བདེ་སྟོང་ཟུང་དུ་ཆུད༔ ཅེས་


RTZ015_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན། ཨ་ནུ་ཡོ་ག་དང་བདེ་ཆེན་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ལམ་གཉིས་པ་ཕོ་ཉའི་ལམ་ལ་བརྟེན་པ་ནི། རླུང་ལ་དབང་ཐོབ་ནས་སོགས་ཐུགས་ཁྲིད་ལྟར། མངོན་དུ་བྱེད་པར་འགྱུར་རོ༔ བར་གྱིས་ཁྲིད་བསྟན། བཞི་པ་ཚིག་དང་དཔེ་ཙམ་ལ་བརྟེན་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། འདི་ལྟར་རྡོ་རྗེ་སེམས་དཔའི་མེ་ལོང་འདིའི་ཤེལ་འོད་ནང་དུ་འཁྱིལ་བ་ནི་རང་གི་རིག་པའི་ངོ་བོ་སྟོང་པ་ཆོས་སྐུ །དེ་ལས་འོད་སྣང་ཕྱིར་གསལ་དུ་ཤར་བ་རིག་པའི་རང་བཞིན་གསལ་བ་ལོངས་སྐུ །གསལ་སྟོང་ངོ་བོ་གཅིག་པ་ནི་དབྱེར་མེད་བློ་འདས་ཁྱབ་བརྡལ་ཆེན་པོ། འཇའ་འོད་ཁ་དོག་ལྔར་སྣང་བ་ནི་རིག་པ་ཉིད་སྐུ་ལྔ་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པར་མཚོན་པ་ཡིན་ལ། གཞི་དབྱིངས་ཀ་དག་ཤེལ་གྱི་ངོ་བོ་ལྟ་བུ་དང་། ལམ་སྣང་ལྷུན་གྲུབ་འཇའ་ཚོན་ལྟ་བུ་ཟུང་དུ་འབྲེལ་བའི་དོན་སྒོམ་པ་དང་རྟག་ཏུ་མ་བྲལ་བར་གྱིས་ཤིག །འཇའ་ཤེལ་བསྟན་ལ། ཨ༔ ཤེལ་འོད་ནང་དུ་འཁྱིལ་བ་ནི༔ རང་རིག་ཆོས་སྐུ་སྟོང་པ་ཉིད༔ དེ་ལས་འོད་ཟེར་འབྱུང་བ་ནི༔ རང་གསལ་ལོངས་སྐུ་ཡེ་ཤེས་ལྔ༔ དབྱེར་མེད་ངོ་བོ་གཅིག་པ་ནི༔ བློ་འདས་ཁྱབ་གདལ་ཆེན་པོ་སྟེ༔ འོད་ཟེར་དཀར་པོ་བདེ་གཤེགས་རིགས༔ སེམས་ཉིད་འདུས་མ་བྱས་པ་མཚོན༔ འོད་ཟེར་སྔོན་པོ་རྡོ་རྗེའི་རིགས༔ རིག་སྟོང་འགྱུར་བ་མེད་པ་མཚོན༔ འོད་ཟེར་སེར་པོ་རིན་ཆེན་རིགས༔ འཁོར་འདས་མཉམ་ཉིད་


RTZ015_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་མཚོན༔ འོད་ཟེར་དམར་པོ་པདྨའི་རིགས༔ སོ་སོ་རང་གིས་རིག་པ་མཚོན༔ འོད་ཟེར་ལྗང་གུ་ལས་ཀྱི་རིགས༔ རང་རྩལ་ལྷུན་གྱིས་གྲུབ་པར་མཚོན༔ ཀ་དག་དབྱིངས་ནི་ཤེལ་ལྟ་བུ༔ ལྷུན་གྲུབ་རིག་པ་འཇའ་ཚོན་བཞིན༔ དབྱིངས་རིག་ཟུང་འཇུག་རྫོགས་པ་ཆེ༔ ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ པཉྩ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་མིག་ཏུ་བསྟན༔ སརྦ་ཀྲོ་དྷ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ ཞེས་སྙིང་གར་བཞག༔ ཨ་ཨ་ཨ་ཨ་ཨ༔ ཞེས་དར་གཅིག་མཉམ་པར་འཇོག་ཏུ་བཅུག །དེས་འོད་གསལ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་བཞི་པས་སྒོ་གསུམ་ཡེ་ཤེས་སུ་སྨིན་པར་བྱས་པ་ལ། རྒྱུད་ལས། རྣལ་དབབ་སོར་གཞུག་དབྱེར་མེད་དོན་ངོ་སྤྲད༔ འོད་གསལ་གསུམ་གྱིས་སྐུ་གསུམ་མངོན་དུ་འགྱུར༔ ཅེས་གསུངས་པའི་དོན། བདུན་པ་ཨ་ཏི་ཡོ་ག་སོགས་ཐུགས་ཁྲིད་ལྟར། གཅིག་ཏུ་དྲིལ་ལ་བསྐྱང་ངོ༔ ཞེས་པའི་བར་གྱིས་ཁྲིད་བསྟན། དེ་རྣམས་ཀྱིས་རྩ་བའི་དབང་བཞི་ལ་རྣམ་པ་ལྔ་ལྔར་དབྱེ་བས་མངོན་བྱང་ཡེ་ཤེས་ཉི་ཤུའི་བདག་ཉིད་ཅན་གྱི་དབང་བསྐུར་བ་གྲུབ་ནས།


RTZ015_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་སྐྱེས་པ་བརྟན་པའི་ཕྱིར་དང༔ བྱིན་རླབས་བཙན་ཐབས་སུ་འབེབ་པ་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་སྣོད་དུར་ཁྲོད་གསང་བ་མཆོག་གི་གཞལ་ཡས་ཁང་ཆེན་པོར་གཏོར་མ་བཀའ་འདུས་ཡེ་ཤེས་ཚོམ་བུ་ཉེར་གཅིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་གསལ་བའི་གནས་གསུམ་ལས་འོད་ཟེར་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་རིམ་དང་གཅིག་ཅར་དུ་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒྲིབ་བཞི་གཅིག་ཅར་དུ་དག །དབང་བཞི་རྩལ་རྫོགས་སུ་ཐོབ། བཀའ་འདུས་ཡོངས་རྫོགས་ཀྱི་ལྷ་དང་གཉིས་སུ་མེད་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཐོབ་པའི་མོས་འདུན་མཛད་པར་ཞུ། གཏོར་ཆེན་སྤྱི་བོར་བཟུང་ལ༔ ཧཱུྃ༔ གཏོར་མའི་ངོ་བོ་དབྱིངས་དང་རིག་པ་སྟེ༔ དབྱིངས་ཀྱི་སྣོད་དུ་རིག་པའི་གཏོར་ཆེན་བཤམས༔ གཏོར་མའི་ངེས་ཚིག་ཐབས་ཤེས་བདེ་སྟོང་སྟེ༔ བྷ་གའི་མཁའ་ལ་བདེ་ཆེན་ལིངྒ་སྦྱོར༔ གཏོར་མའི་རང་བཞིན་ཤ་ལྔ་བདུད་རྩི་ལྔ༔ ཤ་ལྔའི་རྒྱུ་ལ་བདུད་རྩིའི་རྐྱེན་གྱིས་བྲན༔ གཏོར་མའི་ལས་ནི་ཚིམ་དང་དངོས་གྲུབ་སྟེར༔ ལྷ་རྣམས་མཉེས་ཤིང་རྣལ་འབྱོར་འདོད་དོན་སྒྲུབ༔ གཏོར་མའི་རྣམ་པ་སྣོད་བཅུད་ཡོངས་རྫོགས་ཏེ༔ གཞལ་ཡས་སྣོད་ལ་བཅུད་ནི་ལྷ་རུ་བཞུགས༔ བང་རིམ་བཞི་ལྡན་འབྱུང་བཞི་རིམ་བརྩེགས་སྟེང༔ པད་འདབ་སྤྲུལ་པ་ཉི་ཤུའི་དཀྱིལ་འཁོར་དབུས༔ གཏོར་ཆེན་སྤྱི་དཔལ་ཆེ་བཙན་ཧེ་རུ་ཀ༔ རྟེན་དང་བརྟེན་པ་ཡོངས་རྫོགས་འཇའ་ལྟར་ཤར༔ སྐལ་


RTZ015_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྱེས་པ་ཆེན་པོའི་གནས་གསུམ་འོད་ཟེར་གྱིས༔ སྒྲིབ་དག་སྨིན་ཅིང་གྲོལ་བའི་དངོས་གྲུབ་ཐོབ༔ བཀའ་འདུས་ཡོངས་རྫོགས་ལྷ་དང་གཉིས་མེད་ཤོག༔ གཙོ་འཁོར་རྣམས་ཀྱི་སྙིང་པོ་ཡོངས་རྫོགས་བཟླས་པའི་གཤམ་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་ཤྲཱི་སརྦ་ཀྲོ་དྷ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་གནས་གསུམ་དུ་བཞག །གཏོར་མ་ལ་ཤེས་པ་བཞི་ལྡན་དུ་གསུངས་པ་ལས་ལྷར་ཤེས་པས་དབང་བསྐུར་བ་སོང་ནས། བདུད་རྩིར་ཤེས་པས་དངོས་གྲུབ་བླང་བ་ལ། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་ཁྱེད་རང་རྣམས་ཀྱིས་རོལ་པས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །གཏོར་རྫས་དང་བདུད་རྩི་སྦྱིན་ལ། སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད། དབང་རྣམས་ལེགས་པར་གྲུབ་པའི་མཐའ་རྟེན་དུ། ཕྲིན་ལས་སྒྲུབ་པའི་ཆ་ལག་ཚང་བ་དང་བཀྲ་ཤིས་པའི་དགེ་མཚན་འཕེལ་བར་བྱ་བའི་སླད་དུ་རྣལ་འབྱོར་རྒྱུན་གྱི་ཕྲིན་ལས་རྣམ་པ་ལྔའི་བྱེ་བྲག་བདུད་རྩི་སྨན་དང་བཀྲ་ཤིས་ཚེའི་དབང་བསྐུར་བ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལ་ཐོག་མར་བདུད་རྩི་སྨན་གྱི་དབང་ལ་མོས་འདུན་འདི་བཞིན་དུ་མཛོད། འཁོར་འདས་ཀྱི་བཅུད་དང་དྭངས་མ་ཐམས་ཅད་བསྐྱིལ་བའི་བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པས་གྲོལ་བ་བཞི་དང་ལྡན་པའི་བདུད་རྩི་སྨན་གྱི་དབང་དང་དངོས་གྲུབ་སྒོ་གསུམ་ལ་གཅིག་ཅར་དུ་རྫོགས་པའི་མོས་པ་མཛོད་ཅིག །བདུད་རྩིའི་ཕོ་བྲང་


RTZ015_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་བཞག་ལ། ཧཱུྃ༔ བླ་མེད་དོན་རྫོགས་འདུས་པའི་དཀྱིལ་འཁོར་དུ༔ སྣང་སྲིད་འཁོར་འདས་ཐམས་ཅད་བསྡུས་པའི་བཅུད༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་དབང༔ སྐལ་ལྡན་ལུས་ངག་ཡིད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ རྒྱ་འགྲོལ་ལ། ཨོཾ་བི་ཤུདྡྷེ་ཀརྨ་པྲ་བེ་ཤ་ཡ་ཕཊ༔ ཁ་ཕྱེ་ལ། ཨོཾ་སརྦ་པཉྩ་མ་ཧཱ་སུ་ཁ་ཧོ༔ ཕུད་ཀྱིས་དཀྱིལ་འཁོར་ལ་སྔགས་ཙམ་གྱིས་མཆོད། རང་གིས་མྱང་། སློབ་མ་ལ་སྦྱིན་ཏེ་ཕོ་བྲང་སླར་བཀོད། འདིའི་ཡོན་ཏན་ནི། གཞུང་ལས། ཁ་དོག་མཐོང་བས་ལུས་སྒྲིབ་དག༔ ཚེ་དང་བསོད་ནམས་ལང་ཚོ་རྒྱས༔ དྲི་ལ་བསྣོམས་པས་ངག་སྒྲིབ་དག༔ ནུས་པ་འབར་ཞིང་དབང་དུ་འདུ༔ རོ་ལ་མྱང་བས་ཡིད་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འཆར༔ དཔལ་ཆེན་ཧེ་རུ་ཀ་དང་མཉམ༔ མཆོག་ཐུན་ཕྲིན་ལས་ཐམས་ཅད་འགྲུབ༔ ཅེས་གསུངས་པ་ལགས་སོ། །དེ་ནས་བཀྲ་ཤིས་ཚེའི་དབང་བསྐུར་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། ཚེ་འབྲང་དཔལ་ཆེན་བཀའ་འདུས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར་གསལ་བའི་ལྷ་


RTZ015_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱི་གནས་གསུམ་ནས། ཚེའི་འོད་ཟེར་འབྲུ་གསུམ་གྱི་རྣམ་པས་ཁྱེད་རང་ལ་ཐིམ་པས་དཔལ་ཆེན་པོའི་རྡོ་རྗེའི་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་འབྲང་གནས་གསུམ་དུ་རིམ་པར་བཞག་ལ། ཨོཾ༔ སྐུ་ཡི་སྙིང་པོ་བདེ་གཤེགས་ཚེ༔ དཀར་ལ་འཚེར་བའི་ཨོཾ་དུ་འདུས༔ སྤྱི་བོར་ཐིམ་པས་ལུས་སྒྲིབ་དག༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཀཱ་ཡ་ཨཱ་ཡུར་སིདྡྷི་ཨོཾ༔ ཨཱ༔ གསུང་གི་སྙིང་པོ་པདྨའི་ཚེ༔ དམར་ལ་དྭངས་པའི་ཨཱཿརུ་འདུས༔ མགྲིན་པར་ཐིམ་པས་ངག་སྒྲིབ་དག༔ འགག་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཝཱ་ཀ་ཨཱ་ཡུར་སིདྡྷི་ཨཱ༔ ཧཱུྃ༔ ཐུགས་ཀྱི་སྙིང་པོ་རྡོ་རྗེའི་ཚེ༔ མཐིང་ལ་འདྲིལ་བའི་ཧཱུྃ་དུ་འདུས༔ སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ སྐྱེ་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨཱ་ཡུར་སིདྡྷི་ཧཱུྃ༔ ཚེ་སྙིང་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། དེས་ནི་ཚེའི་གེགས་དང་བར་ཆད་ཐམས་ཅད་ཞི་ཞིང་ཧེ་རུ་ཀའི་རྡོ་རྗེའི་ཚེ་ཐོབ་པར་འགྱུར་བར་གསུངས་པས། བསླུ་བ་མེད་པའི་རྡོ་རྗེའི་གསུང་རྣམས་ལ་ངེས་ཤེས་བསྐྱེད་པར་མཛོད་ཅིག །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། ཕྱི་ནང་གསང་བའི་ཚོགས་ལ་རོལ་ཞིང་དགའ་སྟོན་གླུ་གར་སོགས་བྱ་བར་གསུངས་པས་སྐབས་བསྟུན་ཅི་འགྲུབ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། དབང་ཁྲིད་ཀྱི་རྗེས་རིམ་ནི། དེ་ལྟར་ན་དེ་དག་རྣམས་ཀྱིས་དཔལ་བཀའ་འདུས་སྙིང་པོ་དོན་གྱི་དབང་བཞི་ཁྲིད་དང་བཅས་པའི་དངོས་གཞི་ལེགས་པར་གྲུབ་


RTZ015_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྗེས་ཀྱི་བྱ་བའང་། གཞུང་ལས། དབང་འདི་ཐོབ་ནས་ལམ་མ་བསྒོམས་ན་དམ་ཚིག་དང་འགལ་བས་ཉམས་སུ་ལེན་པའི་དམ་བཅའ་ལེན་པར་བྱ༔ འདི་བསྐུར་བའི་བླ་མ་ལ་མིའི་འདུ་ཤེས་སྐྱེས་པས་ཀྱང་དངོས་གྲུབ་ལོ་དང་ཟླ་བས་འགྱངས་པར་འགྱུར་བས་ངེས་པར་དཔལ་ཆེན་ཧེ་རུ་ཀ་ཆེན་པོར་བལྟ་བར་བྱའོ༔ ཞེས་གསུངས་པ་དང། ཁྲིད་རིམ་ཉམས་སུ་ལེན་པའི་སྐབས་ཐམས་ཅད་དུ་སོགས་ཐུགས་ཁྲིད་ལྟར། བསྒྲིག་པར་བྱའོ༔ ཞེས་པའི་བར་བརྗོད་ལ། དེ་ལ་ཇི་སྐད་གསུངས་པའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ་དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རང་གནས་སུ་ལྡོག །ཆོ་གའི་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་ཆོག་གཏང་། ཆད་མདོའི་རྗེས་སུ་བཀའ་སྲུང་བསྡུས་པའི་གཤམ་གྱི་གཏོར་འབུལ་ཕྲིན་བཅོལ་བྱ། བརྟན་མ་རྟ་བྲོ་སོང་ནས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། རྟེན་དང་བསྟུན་པའི་གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་རྣམས་ཕྲིན་ལས་ལྟར་གྲུབ་ནས། ཟུར་གསལ་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མཐའ་རྒྱས་སུ་བྱའོ། །ཡོངས་སུ་གྲགས་མོད་ཤློ་ཀ་གཅིག་ཀྱང་། །ཐོས་པའི་སྐལ་བས་ཕོངས་པའི་ཆོས་འདོད་རྣམས། །དེང་ནས་ངོ་མཚར་ཤིང་རྟའི་གསང་ལམ་འདིར། །ཞུགས་ནས་དཔལ་ཆེན་པོ་དང་སྐལ་མཉམ་མཛོད། །བདག་ཀྱང་གསང་བ་འདིར་འབྲེལ་བྱིན་རླབས་ཀྱིས། །སྒྲུབ་


RTZ015_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་པོས་སྨིན་པའི་སྐལ་བཟང་ལྡན། །བཀའ་འདུས་རིག་འཛིན་རྒྱ་མཚོའི་གྲལ་དུ་འཁོད། །ཡེ་ཤེས་ཉེར་གཅིག་ཀློང་དུ་བྱང་ཆུབ་ཤོག །ཁྱབ་བདག་པདྨ་ཀུན་ཏུ་འཆང་དངོས་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོས་འདོར་མེད་དུ་བསྐྱངས་པ་ལ་བརྟེན། གསང་བ་འདི་ཉིད་ཀྱི་སྣོད་ལྡན་དུ་གྱུར་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཡོན་ཏན་གནས་ལྔ་གཅིག་ཏུ་འདུས་པའི་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།


previousདཔལ་བཀའ་འདུས་ལས་སྙིང་པོ་དོན་གྱི་དབང་བཞི་མཚམས་སྦྱོར་ཕྱག་ལེན་གྱིས་བརྒྱན་པ་རྒྱུད་ལུང་རྒྱ་མཚོའི་བཅུད་ཐིག །བསྟན་གཉིས་གཡུང་དྲུང་གླིང་པ།next