Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུ་བསྟན་པ། རྒོད་ལྡེམ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུ་བསྟན་པ། རྒོད་ལྡེམ་ཅན།next

སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུ་བསྟན་པ། རྒོད་ལྡེམ་ཅན།


RTZ015_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུ་བསྟན་པ་བཞུགས་སོ༔ རང་བྱུང་རང་ཤར་དགོངས་པའི་རྒྱུད་དོ།།


RTZ015_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨེ་མནྟྲ་རོ་མ་པ་ནི་མ་ཧཱ་ས་མ་ཏཱི་ན་མ༔ བོད་སྐད་དུ༔ དྲག་པོ་རང་བྱུང་རང་ཤར་ཆེན་པོའི་དགོངས་པ་བསྟན་པ་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འོག་མིན་ཆོས་ཀྱི་དབྱིངས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ན༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ༔ འཁོར་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཐབས་ཅིག་ཏུ་བཞུགས་སོ༔ དེའི་ཚེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་བཞེངས་ཏེ་འདི་སྐད་ཅེས་ཞུས་སོ༔ ཀྱཻ༔ རང་བྱུང་གི་སངས་རྒྱས་ཀུན་ཏུ་བཟང་པོ༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི༔ ཐུགས་ཀྱི་དགོངས་པ་ཇི་ལྟར་ལགས༔ ཞེས་ཞུས་སོ༔ བཀའ་བསྩལ་པ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ཡེ་ཤེས་དཀྱིལ་འཁོར་བཀའ་བརྒྱད་ཀྱི༔ དགོངས་པ་ང་དང་དབྱེར་མེད་ཀྱི༔ སེམས་ཅན་མ་རིག་སྙིང་རེ་རྗེ༔ དེ་དག་བཀའ་བརྒྱད་སྒྲུབ་པ་རྣམས༔ དགོངས་པ་ལེན་ན་འདི་ལྟར་ལོངས༔ མ་རིག་འཁྲུལ་པའི་རྒྱུན་ཡིན་པས༔ སྐྱེ་འཆི་སྡུག་བསྔལ་འཕོ་འགྱུར་དང༔ ཡིན་དང་མ་ཡིན་ཆགས་སྡང་ཀུན༔ མ་རིག་པ་ཡི་ལོ་འདབ་ཡིན༔ དེ་ཀ་འཆི་བདག་གཤིན་རྗེ་ཡིན༔ ཀུན་གཞི་ལུང་མེད་ཡིན་པས་རྨུགས༔ དྲན་མེད་ཡེངས་པོར་མ་གཏང་ཞིག༔ སྤྲོས་མེད་མ་བཅོས་ལྷུག་པ་ལ༔ ཤེས་པ་རླུངས་འདོན་ངར་དང་བཅས༔


RTZ015_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདངས་ས་ལེར་བཞག་པ་ཡིན༔ ཡེ་ཤེས་ལྔ་པོ་རྟོགས་པར་འགྱུར༔ དེ་ཚེ་འཆི་བདག་བདུད་ལས་ཐར༔ སྣང་སྲིད་འཁྲུལ་སྣང་ཁྲོམ་ལ་ཐོབས༔ འཇམ་དཔལ་སྐུ་ཡི་དགོངས་པ་ཡིན༔ ཞེས་གསུངས་སོ༔ སྒྲོལ་ལམ་གཤིན་རྗེའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་དང་པོའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ རང་རིག་དྲི་མ་མེད་པ་སྟེ༔ རྣམ་དག་སངས་རྒྱས་ཀུན་གྱི་ལམ༔ ཅིར་སྣང་རྟོག་པས་མ་བསླད་པར༔ སྣང་སྲིད་ང་བདག་མེད་པ་རུ༔ གཟུགས་སྣང་ཐམས་ཅད་སྣང་སྟོང་ཡིན༔ སྒྲ་རྣམས་གྲགས་སྟོང་ངོ་བོ་མེད༔ དྲན་རྟོག་འགྱུ་བ་རླུང་དང་འདྲ༔ ཐམས་ཅད་དབྱེར་མེད་སོ་མར་བཞག༔ དེ་ཚེ་འཁོར་བ་ཟིལ་གྱིས་གནོན༔ པདྨ་གསུང་གི་དགོངས་པ་ཡིན༔ ཞེས་གསུངས་སོ༔ གསུང་མཆོག་པདྨའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ཀུན་གཞི་དྲན་པ་མེད་པ་ཡིས༔ སྒོ་བཞི་མ་རིག་པ་རུ་སོང༔ སེམས་ཀྱང་མ་རིག་པ་ལས་བྱུང༔ རྟོག་པ་སེམས་ཀྱི་ཡན་ལག་ཡིན༔ ཡང་དག་དགོངས་པ་ལེན་འདོད་ན༔ སེམས་ཀྱི་འགྱུ་བ་ན་བུན་འདྲ༔ མ་དགག་མ་འབྲོངས་རང་སར་ཞོག༔ དེ་ཀས་གཟུང་འཛིན་རྟོག་པ་སངས༔ རིག་པ་རང་བྱུང་ས་ལེ་བ༔ རང་བཞིན་དྲན་རིག་བསྲེས་ལ་ཞོག༔ དེ་ལ་རང་བྱུང་ཡེ་ཤེས་འཆར༔ ཡང་དག་ཐུགས་ཀྱི་


RTZ015_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡིན༔ ཞེས་གསུངས་སོ༔ ཡང་དག་ཐུགས་ཀྱི་སྙིང་ཏིག་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ མ་རིག་པ་ལ་རྣམ་རྟོག་འོང༔ དེ་ལས་ཉོན་མོངས་དུག་ལྔ་འབྱུང༔ སེམས་ཅན་དུག་ལྔའི་རྒྱ་མཚོར་ལྷུང༔ རྟོག་པ་རང་སར་གློད་ལ་ཞོག༔ དེ་ཚེ་ཉོན་མོངས་མ་སངས་རྒྱས༔ དུག་ལྔ་མ་སྤང་རང་སར་དེངས༔ རང་བྱུང་རིག་པའི་ཡེ་ཤེས་འཆར༔ དེ་ལ་ཡེ་ཤེས་ལྔ་ཤར་བའི༔ དུག་ལྔའི་རྒྱ་མཚོ་བདུད་རྩིར་འགྱུར༔ འཆི་བ་མེད་པའི་དངོས་གྲུབ་ཐོབ༔ བདུད་རྩི་ཡོན་ཏན་དགོངས་པ་ཡིན༔ ཞེས་གསུངས་སོ༔ བདུད་རྩི་ཡོན་ཏན་སྙིང་ཏིག་བསྟན་པའི་ལེའུ་སྟེ་བཞི་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ང་བདག་གཟུང་འཛིན་བརྟས་པ་དེ༔ སངས་རྒྱས་ཆོས་སྐུའི་དགྲ་བགེགས་ཡིན༔ རང་བྱུང་རིག་པ་ངོ་ཤེས་ཡིན༔ དགྲ་བགེགས་ཆོམ་ལ་ཕེབས་པ་ཡིན༔ རིག་པ་ཡེ་ཤེས་རྒྱས་པ་དང༔ དགྲ་བགེགས་ཕུར་པས་བསྒྲལ་པ་ཡིན༔ དེ་ཚེ་རྟོག་པ་ཐལ་གྱིས་ཕྱུང༔ ང་བདག་གཟུང་འཛིན་རྩ་བ་སངས༔ ཕུར་པ་ཕྲིན་ལས་དགོངས་པ་ཡིན༔ ཞེས་གསུངས་སོ༔ ཕྲིན་ལས་ཕུར་པའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ཀུན་གཞི་ཅི་ཡང་མ་ངེས་པ༔ ངོ་ཤེས་དུས་ན་རིག་པ་ཡིན༔ དེ་ཀ་ཀུན་གཞི་སྙིང་པོ་ཡིན༔ ཐམས་ཅད་མཁྱེན་པའི་


RTZ015_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འཆར༔ རིག་པ་མ་བཅོས་མ་ཡེངས་པ༔ ཧྲིག་གེ་རང་སར་གསལ་བ་དེ༔ ཆོས་སྐུ་སྐྱེ་མེད་ཡུམ་གྱི་མཁའ༔ དེ་ལས་འགག་མེད་ཡེ་ཤེས་འཆར༔ རྦོད་གཏོང་མ་མོའི་དགོངས་པ་ཡིན༔ ཞེས་གསུངས་སོ༔ ཆགས་ལམ་མ་མོའི་སྙིང་ཏིག་བསྟན་པའི་ལེའུ་དྲུག་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ཀུན་གཞི་ཀུན་གྱི་བྱུང་ས་སྟེ༔ རང་བྱུང་ཡིན་ཏེ་ཡེ་ཤེས་མིན༔ རྣམ་རྟོག་དུག་ལྔ་མི་གཡོ་བར༔ མ་ཡེངས་པ་རུ་བཞག་པ་དེ༔ རིག་པ་དབྱིངས་སུ་འཛིན་པ་ཡིན༔ རྐྱེན་སྣང་སྣ་ཚོགས་གློ་བུར་བ༔ བུན་གྱིས་སྐྱེས་ཀྱང་སངས་ཀྱིས་དག༔ རང་བྱུང་གཡོ་བ་མེད་པ་དེ༔ རིམ་གྱིས་བརྟན་པ་ཐོབ་པ་དང༔ གཅིག་ཆར་ཐོབ་པ་ངེས་མེད་པ༔ ཉོན་མོངས་རྟོག་པ་སངས་པར་འགྱུར༔ དེ་ལ་ལྟ་སྟངས་གསུམ་གཅུན་པས༔ རིག་པ་ཡེ་ཤེས་ལྔ་རུ་རྒྱས༔ རིག་པ་སྨིན་པས་འབྲས་བུ་ཐོབ༔ སྐྱེ་འཆི་མེད་པའི་ཚེ་ལ་དབང༔ དགོངས་པ་ལོངས་པ་ཕྱག་རྒྱ་ཆེ༔ ཡེ་ཤེས་ཤར་བ་རྫོགས་པ་ཆེ༔ རིག་འཛིན་བླ་མའི་དགོངས་པ་ཡིན༔ ཞེས་གསུངས་སོ༔ རིག་འཛིན་བླ་མའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་བདུན་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ ང་དང་བདག་ཏུ་འཛིན་པ་དེ༔ ཀུན་བརྟགས་མ་རིག་པ་ལས་བྱུང༔ དེ་ཡི་བག་ཆགས་མཐུ་བརྟས་པས༔ དགྲ་གཉེན་


RTZ015_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེའི་ཕན་གནོད་དང༔ ཅིར་སྣང་ང་བདག་གཉིས་སུ་བྱུང༔ སེམས་ལ་འཛིན་པའི་རྒྱུ་མེད་པས༔ འཛིན་མེད་རང་རིག་མ་བཅོས་ན༔ རྟོག་པ་རང་གྲོལ་འཁྲུལ་པ་འཇིག༔ དེ་ཚེ་འཇིག་རྟེན་འཁོར་བ་སྒྲོལ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ༔ བདག་མེད་རྟོགས་པས་འཁོར་བ་གྲོལ༔ འཇིག་རྟེན་མཆོད་བསྟོད་དགོངས་པ་ཡིན༔ ཞེས་གསུངས་སོ༔ འཇིག་རྟེན་དྲེགས་པའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ སྲིད་གསུམ་འཁོར་བའི་ངེས་པ་ནི༔ རྩ་བའི་རྣམ་རྟོག་སྙེམ་བྱེད་ཡིན༔ ཐེ་ཚོམ་གཉིས་འཛིན་བྱུང་ནས་འཁྲུལ༔ ངར་འཛིན་བྱུང་བས་རང་གཤེད་ལངས༔ སྐྱེ་འཆི་འཁོར་ལོ་རྒྱུན་མི་ཆད༔ འཁོར་བ་གཞི་མེད་གློ་བུར་བ༔ རྩ་བྲལ་ཡིན་པར་ཤེས་པ་དེ༔ དང་པོ་ཤེས་པའི་རིག་པ་ཡིན༔ རིག་ནས་རང་སོར་བཞག་པ་དེ༔ རིག་པ་རང་བྱུང་ཆེན་པོ་ཡིན༔ དེ་ལྟར་གནས་ན་སྒོམ་པ་ཡིན༔ ཉོན་མོངས་དུག་ལྔ་རང་སར་དག༔ རང་གཤེད་རང་མདུད་རང་གིས་གྲོལ༔ དུག་ལྔ་གནས་འགྱུར་ཡེ་ཤེས་ཤར༔ དམོད་པ་དྲག་སྔགས་དགོངས་པ་ཡིན༔ ཞེས་གསུངས་སོ༔ དྲག་སྔགས་དམོད་པའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་དགུ་པའོ༔ ཉོན་ཅིག་གསང་བདག་རྡོ་རྗེ་འཛིན༔ སྤྱི་དྲིལ་རྒྱལ་བའི་དགོངས་པ་ནི༔ ཀུན་གཞི་འབྲས་བུར་མི་འདོད་དེ༔ གཞི་ནི་རང་བྱུང་གཡོ་མེད་ཡིན༔


RTZ015_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པས་མ་ཟིན་གཏི་མུག་དངོས༔ རིག་པ་རང་སང་གསལ་བ་ལ༔ ཡང་དག་དྲན་པའི་ས་ཚུགས་པས༔ ལྷང་ངེ་ལྷན་ནེ་ལྷམ་མེ་བ༔ རྒྱ་མཚོ་རླབས་དང་བྲལ་བ་ལྟར༔ ས་ལེ་སེང་ངེ་ཡེར་རེ་བ༔ མཁའ་ལ་གཟའ་སྐར་ཤར་བ་ལྟར༔ དེ་ལྟར་གནས་པས་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཆེན་པོའི་དགོངས་པ་ཡིན༔ སྐྱེ་མེད་ཆོས་ཀྱི་དབྱིངས་ཞེས་བྱ༔ དེ་དུས་ཉོན་མོངས་རྩ་བ་ཆོད༔ རྣམ་རྟོག་གློ་བུར་ལངས་གྱུར་ཀྱང༔ རྩ་བྲལ་རིག་པས་འཁོར་བ་ཆད༔ དེ་ཡང་དགོངས་པ་མི་འགྱུར་པ༔ རྟོག་མེད་ཡིན་ཏེ་ཡེ་ཤེས་མིན༔ ནམ་མཁའ་སྤྲིན་དང་བྲལ་བ་ལ༔ མིག་དང་རིག་པ་ཧུར་བཏོན་ནས༔ དབྱིངས་དང་རིག་པ་བསྲེས་པ་ཡིས༔ ནང་དུ་སྟོང་པའི་ཉམས་ཤར་བས༔ ཕྱི་རུ་གསལ་བའི་རྟགས་མཐོང་འགྱུར༔ རིག་པའི་རྟགས་དང་ཡེ་ཤེས་རྟགས༔ མི་འགྱུར་ངེས་པ་མཐོང་བ་དང༔ ནང་དུ་བརྟན་པ་ཐོབ་པ་ཡིན༔ སྣང་སྟོང་ཟུང་དུ་ཆུད་པ་ཡིན༔ དེ་ཚེ་དགོངས་པ་ལོན་པ་ཡིན༔ ཞེས་གསུངས་སོ༔ སྤྱི་དྲིལ་སྙིང་པོའི་སྙིང་ཏིག་བསྟན་པའི་ལེའུ་སྟེ་བཅུ་པའོ༔ དྲག་པོ་རང་བྱུང་རང་ཤར་ཆེན་པོའི་དགོངས་པ་བསྟན་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ཨྀཐི༔ སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་གདན་དྲངས་པའོ། །དགེའོ།། །།


previousསྒྲུབ་ཆེན་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་རྫོགས་རིམ་སྙིང་ཏིག་རྣམ་པ་བཅུ་བསྟན་པ། རྒོད་ལྡེམ་ཅན།next