Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག །པདྨ་གར་གྱི་དབང་ཕྱུག
   
   
   
   
   


 
previousབཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག །པདྨ་གར་གྱི་དབང་ཕྱུགnext

བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག །པདྨ་གར་གྱི་དབང་ཕྱུག


RTZ015_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག་ཅེས་བྱ་བ་བཞུགས་སོ། །


RTZ015_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀ་གུ་ར་བེ་ན་མོ་ན་མ༔ །སྲིད་པའི་འཁྲུལ་འཁོར་ཟློག་པའི་ཕྱག་རྒྱ་ནིཿ ཡེ་ཤེས་ཀློང་དགུའི་འཁོར་ལོར་ཤར་དེ་ཡིས། །ཐུགས་བརྩེར་མཛོད་ཅིག་གང་དེར་མོས་པའི་བློས། །སྨིན་བྱེད་སྒོ་འབྱེད་བློ་དམན་དོན་དུ་བརྩམ། །བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་སྙིང་པོ་བསྡུས་པས་སྨིན་བྱེད་ཀྱི་སྒོ་འབྱེད་པར་འདོད་པས། དཀྱིལ་འཁོར་རས་བྲིས་དང་ཚོམ་བུ་གང་ཡང་རུང་བའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པའི་ཁར་ཙ་ཀ་ལི་བཀོད་པར་གསུངས་ཀྱང་། མི་བདེ་ན་མདུན་དུ་བཀོད། བུམ་པའི་ཤར་དུ་དབུ་རྒྱན། གཡས་གཡོན་དུ་རྡོར་དྲིལ། རྒྱབ་ཏུ་ཐོད་པའི་བདུད་རྩིའི་ཁར་མེ་ལོང་དང་ཤེལ་རྡོ། རིག་མའི་གཟུགས་བརྙན། མདུན་དུ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལྷ་ཙཀ་ཞི་བ་རིགས་བཞི་དང་དཔལ་དགུ་བྱ་ཁྱུང་། རྫས་དབང་དུར་ཁྲོད་ཆས་བརྒྱད་


RTZ015_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བསྡུས། གདབ་ཕུར། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་ཉེར་བསྡོག་ཏུ་བྱའོ། །དེ་ནས་བརྒྱུད་འདེབས་དང་། ལས་གཞུང་བར་ཆད་ཀུན་སེལ་ལྟར་སྐྱབས་སེམས་ནས་བརྩམ་བཟླས་པའི་བར་དུ་གཏང་ཞིང་། སྔགས་དམིགས་སྤྲོ་བསྡུ་སྤྱི་འགྲེ་ལ་ཁྱད་པར་སློབ་མའི་སྒྲིབ་པ་སྦྱོང་བར་དམིགས་པ་དང་། བསྙེན་གཤམ། ཀཱ་ཡ་ཝཱ་ཀྩིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་གདགས། བཟླས་པའི་སྟོང་ཚིགས་གྲུབ་པ་དང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །


RTZ015_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་ལ་གཟུངས་ཐག་འཇུས་ཏེ་སྔགས་ཚན་སོ་སོ་དང་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་རྣམས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླས་ལ་མཐར། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས། ལས་བུམ་དུ་རྡོར་སེམས་བསྐྱེད་ལ་ཡིག་བརྒྱ་བཟླ། དེ་ནས་ཆོས་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག །སློབ་མ་རྣམས་འདུས་ལ་ཁྲུས་བྱ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ལས་བྱང་ལྟར་བཀའ་བསྒོ །དྲག་སྔགས་ཀྱིས་མཚམས་བཅད། སྲུང་འཁོར་འདོན་བསྒོམ་དང་། མཎྜལ་བཀྱེ་བསྡུ་གྲུབ་ནས། སེམས་བསྐྱེད་གསལ་གདབ། དེའང་གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟའི་རིང་སྲོལ་ཆེན་པོ་བརྒྱད་དུ་བྱོན་པ་ཐམས་ཅད་ཀྱི་ཐོག་མར་གྱུར་པ། སྔ་འགྱུར་རྙིང་མའི་རང་སྐད་དུ་རྒྱུད་སྡེ་དང་སྒྲུབ་སྡེའི་ལམ་སྲོལ་ཆེན་པོ་གཉིས་སུ་བཞུགས་པ་ལས་འདིར་ཕྱི་མའི་དབང་དུ་


RTZ015_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ་དང་འདས་་མ་འདས་ཐུན་མོང་བ་གསུམ་སྟེ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དུ་གྲགས་ཤིང་། དེ་ལའང་བྱེ་བྲག་སོ་སོའི་སྒྲུབ་ལུགས་ཆེན་པོ་རྣམས་དང་། ཐུན་མོང་སྤྱིར་སྒྲུབ་པའི་ཚུལ་གཉིས་སུ་མཆིས་པ་ལས། འདིར་ནི་རྒྱ་བོད་མཁས་པ་མི་བཞིའི་ཐུགས་བཅུད། ཡེ་ཤེས་ཀློང་དགུ་རང་རིག་ཆོས་ཉིད་ཀྱི་དབྱིངས་གཅིག་ཏུ་རྫོགས་པ་མཚོན་བྱའི་དོན་དམ་དཀྱིལ་འཁོར་འཁོར་ལོའི་རྟགས་སུ་ཤར་བ་སྒྲུབ་པ་སྡེ་བརྒྱད་སྤྱིར་དྲིལ་ནས་སྒྲུབ་པའི་ཐབས་ཡིན་ཅིང་། དེ་ལའང་བཀའ་མ་རྫོང་འཕྲང་དང་། གཏེར་མའི་ཕྱོགས་སུ་བཀའ་བརྒྱད་ལྔ་དང་དགུ་ལ་སོགས་པར་གྲགས་པའི་ནང་ཚན་སྙིང་གི་ཐིག་ལེ་དང་མཚུངས་པ་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་འདི་ནི། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བདུན་གྱི་ཐ་མ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པས་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་གཉིས་བཞེས་པར་མཛད་པ་ལས་བཅུ་དྲུག་པ། མོན་བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ། རྣམ་སྣང་སྐུའི་གཡས་ངོས་ནས་གདན་དྲངས་ཤིང་། མཁས་གྲུབ་ཆོས་རྗེ་རྣམ་གཉིས་སོགས་རིམ་པར་བརྒྱུད་དེ་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྤེལ་བར་མཛད་པ་སྟེ།


RTZ015_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལ་བརྟེན་པའི་བསྐྱེད་རྫོགས་སྒྲུབ་ཐབས་སྔ་ཕྱི་བར་གསུམ་དུ་བྱོན་པའི་གསང་རྫོགས་དང་པོ་གུ་རུ་ཆོས་དབང་། བར་པ་རྡོ་རྗེ་གླིང་པ། ཕྱི་མ་པདྨ་གླིང་པས་སྤྱན་དྲངས་པས་གཏེར་ཁ་འདི་གསུམ་ཀའི་ཚིག་དོན་གྱི་ཆ་ཕལ་ཆེར་ཞུ་དག་ཕེར་བ་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ཕྱིར་གཅིག་ཐོབ་པས་ཀུན་གོ་ཆོད་པའང་བཞེད་ཅིང་། དེ་ལས་སྐབས་འདིར་ཡང་གསང་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་སྨིན་བྱེད་ཀྱི་སྒོ་འབྱེད་ཉིད་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། མིག་དར་མེ་ཏོག །ཨཱ་ཁཾ་བཱི་ར་ཧཱུྃ། གིས་སྦྱིན། བླ་མ་དང་མདུན་བསྐྱེད་ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ལུས་ཅན་རྣམས་དང་ལྷན་ཅིག་པར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་


RTZ015_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་ཅིང་ཚོགས་རྣམ་པ་གཉིས་སྤེལ་བའི་སླད་དུ་ཡན་ལག་བཅུ་པའི་ཚོགས་གསག་པ་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་འཁོར་བཅས་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ བདག་གཞན་འགྲོ་ཀུན་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ལན་གསུམ། རྡོ་རྗེ་ཐེག་པའི་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་འཚལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་


RTZ015_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་ཞིག༔ རྩ་ལག་དམ་ཚིག་རྟག་པར་སྲུངས༔ ས་མ་ཡ་ཧཱུྃ༔ རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་དཀར་ལྟར་དྭངས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་ཞབས་ཀྱི་མཐེ་བོང་ནས་ཐོན་སྤྱི་བོར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་བྱང་བར་བསམས་ལ་ཡི་གེ་བརྒྱ་པ་ཟློས་ཤིག །ཅེས་ཡིག་བརྒྱ་དང་ཡང་སྙིང་ལན་ཁ་ཤས་བཟླར་གཞུག་ཅིང་ལས་བུམ་གྱི་ཆུ་འཐོར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་སྤྱན་སྔར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་དཀྱིལ་འཁོར་དུ་འཇུག་པར་གནང་བ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་འདིར༔ བདག་


RTZ015_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དད་པས་འཇུག་པར་འཚལ༔ ཐུགས་ཀྱི་དཀྱིལ་འཁོར་བསྟན་པར་ཞུ༔ མེ་ཏོག་དོར་བའི་འགྲིམ་དཀྱིལ་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ཕོ་བྲང་ཆེན་པོའི་ཤར་སྒོ་ནས་རིགས་ཀྱི་ལྷ་ལ་བབས་པར་ཤོག་ཅིག་པའི་འདུན་པ་དང་ཚིག་འདིའི་རྗེས་ཟློས་ལྷན་ཅིག་པས་ལྷ་ལ་དོར་བའི་མོས་པས་མཎྜལ་དུ་འདོར་བར་ཞུ། ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་བར་ཤོག༔ རཏྣ་པུཥྤེ་པྲ་བྷེ་ཤ་ཡ་ཨཱ༔ ཞེས་འབུལ། རིགས་དང་མཐུན་པའི་གསང་མཚན་གདགས་ཤིང་མེ་ཏོག་སླར་སྤྱི་བོར་བཞག་ལ། པྲ་ཏི་གྲྀཧྞ་བ་ལ་ཏིཥྛ༔ མ་རིག་བག་ཉལ་དང་བཅས་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་བ་ལྟར༔ མ་རིག་ལྡོངས་པའི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱའོ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་ཕྱེས་ལ་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཡེ་ཤེས་རྣམ་པ་དགུའི་རང་བཞིན་ཕོ་བྲང་གླིང་དགུར་སྒྲུབ་པ་སྡེ་བརྒྱད་རིག་འཛིན་སློབ་


RTZ015_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དཔལ་གྱི་བཀའ་སྡོད་དང་བཅས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད་ཅིག །སྐབས་འདིར་ནུས་པའི་དབང་ལྔ་སྦྱར་བ་སྤྲོ་ན་གསང་རྫོགས་ལྟར་སྦྱོར་ཆོག་ཅིང་། རྣལ་འབྱོར་རྒྱུན་དབང་ལ་ནི་མི་དགོས་སོ། །ཡེ་ཤེས་པ་དབབ་པ་ནི། སློབ་མ་རྣམས་ལུས་གནད་བཅིངས་ཏེ། ཁྱེད་རང་རྣམས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ་ལ་སེམས་བཟུང་ནས། རྩ་བའི་དཀྱིལ་འཁོར་གྱི་ནམ་མཁའི་གནས་སུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་དུ་འཐིབས་ཀྱིས་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་། སྤྱི་བོ་ནས་ཞུགས་སྙིང་གའི་ཧཱུྃ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །སྤྲོ་ན་བླ་མ་བརྒྱུད་པའི་གསོལ་འདེབས་བྱས་མཐར། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུག །ཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་དྲག་པོ་ཡུན་རིང་དུ་བྱས་པས་ལུས་འཕར་གཡོ། ངག་སྨྲ་དགོད་སེམས་རྟོག་མེད་ཀྱི་རྟགས་བྱུང་ན། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱའོ། །འདིར་སྒྲུབ་ལུང་འབོགས་པར་གསུངས་པ་


RTZ015_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་འགྲེ་ཙམ་ལ་མེད་ཀྱང་རུང་ཞིང་སྤྲོ་ན་གསང་རྫོགས་ལྟར་བྱས་པས་འཐུས་སོ། །དེ་ནས་དབང་བསྐུར་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་སླད་དུ་མཎྜལ་ཕུལ། ཐོག་མར་བུམ་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་བསྙེན་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་ཤིག །ཅེས་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་སྤྱི་བོར་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུག །དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཏེ། ཧཱུྃ༔ སྙིང་པོ་ལྔ་ལས་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་


RTZ015_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བརྒྱན་པས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭི་ཨ་ཧཾ༔ ཞེས་མགོ་བོར་བཀོན། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་ཤེས་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །རྡོར་དྲིལ་ལག་གཡས་གཡོན་དུ་གཏད་དེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔའི་རྡོ་རྗེ༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གཎྜེ་ཨ་ཨ༔ ཨོཾ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་མཾ༔ ཏིཥྛ་བཛྲ་ས་མ་ཡ༔ ཞེས་བརྗོད་ཅིང་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་དུ་འཇུག །སྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་ཚོགས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་དང་དམ་ཅན་རྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ སྨན་རཀ་ལག་གཡས་གཡོན་དང་གཏོར་མ་སྤྱི་བོར་བཞག་སྟེ། ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ དེ་བཞིན་དུ་རཀྟ་དང་། བ་ལིཾ་ཏ་ཞེས་པའི་མཐར་


RTZ015_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྦྱར་བས་དབང་བསྐུར་རོ། །དུར་ཁྲོད་ཆས་བརྒྱད་བཀོན་པས་དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་སྒྱུར་བར་མོས་ཤིག །ཧཱུྃ༔ དེ་རིང་དུས་འདིར་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པས༔ བརྒྱན་པའི་དཔལ་ཆས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ༔ ཞེས་ཆས་གོས་རྣམས་ཀྱིས་བརྒྱན། དེ་དག་ནི་ཕྱི་རྫས་ལ་བརྟེན་པའི་དབང་ངོ་། །ནང་ལྷའི་དབང་ལ་གཉིས་ལས། ཞི་བའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་མ་དཔལ་ཆེན་པོར་གསལ་བའི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཤིག ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔ མགྲིན་པར་སྤྱན་རས་གཟིགས་དབང་སྟེ༔ ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད༔ ལྟེ་བར་དྲུག་པ་རྡོ་རྗེ་འཆང༔ རྒྱལ་བ་རིགས་བཞིས་དབང་བསྐུར་བས༔ སྐུ་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨཱརྻ་ཨ་བ་ལོ་ཀེ་ཤྭ་རཱ་ཡ༔ བཛྲ་སཏྭ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་བཞིར་བསྐུར་བས་བདེ་གཤེགས་ཞི་བ་ཡོངས་རྫོགས་ཀྱི་མཐུ་དབང་ཐོབ་པར་བསམ་མོ། ཁྲོ་བོའི་དབང་ནི།


RTZ015_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན་སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིག །ཆེ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་པ་རྡོ་རྗེ་རྣམ་གསུམ་བསྣམས༔ གཡོན་པ་བྷཉྫ་རྣམ་གསུམ་འཛིན༔ གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཡོན་ཏན་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྲོག་རྩ་བཞིའི་ལྷ་དང་དབྱེར་མེད་དུ་བསམ། གཤིན་རྗེའི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔ བཻ་ཏ་ཛ་ཊཱི་གཉིས་མེད་འཁྲིལ༔ གཤེད་པོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཥྚཱི་ཝཱི་ཀྲྀ་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔


RTZ015_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དབང་ཆེན་མགྲིན་པར་བཞག་སྟེ། ཧཱུྃ༔ དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔ དམར་ནག་དབུ་གསུམ་ཕྱག་དྲུག་པ༔ ཨེ་ཀ་ཛ་ཊཱི་ཡུམ་དང་འཁྲིལ༔ ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན༔ རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གསུང་དབང་ལྷུན་རྫོགས་ཐོབ་པར་ཤོག༔ ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཡང་དག་ཐུགས་ཀར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་འཁྲིལ༔ ཡང་དག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཐུགས་མཆོག་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཕུར་པ་ལྟེ་བར་བཞག་སྟེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་བསྣམས༔ ཐ་མ་གཉིས་ན་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ ཕུར་པའི་ལྷ་ཚོགས་


RTZ015_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཕྲིན་ལས་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བླ་མེད་ཧེ་རུ་ཀ་གསང་བར་བཞག་ལ། ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས༔ བྷཉྫ་ཞིང་གཡབ་ག་འུ་གཡོན༔ ཀུན་བཟང་ཡུམ་དང་གཉིས་མེད་འཁྲིལ༔ མ་མོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མ་མོ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིག་འཛིན་སྤྱི་གཙུག་ཏུ་བཞག་ལ། ཧཱུྃ༔ རིག་འཛིན་ཐོད་པ་རྩལ་སོགས་དང༔ བརྒྱུད་པ་རྩ་བའི་བླ་མ་རྣམས༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མཐུ་དང་བྱིན་རླབས་ཕུན་ཚོགས་ཤོག༔ ཨོཾ་བཛྲ་གུ་རུ་སརྦ་ཡོ་གི་ནཱི་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དྲེགས་འདུལ་པུས་མོ་གཡས་པར་བཞག་ལ། ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པས་ལྷ་བརྒྱད་མགོ་བོ་ལ༔ གཡོན་པས་ཀླུ་བརྒྱད་མགོ་བོ་བསྣམས༔ ཁམས་


RTZ015_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ དྲེགས་པ་དབང་དུ་སྡུད་པར་ཤོག༔ སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྟོབས་ལྡན་པུས་མོ་གཡོན་པར་བཞག་ལ། ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་ཙིཏྟ་ལ༔ གཡོན་པ་ཀླུ་བརྒྱད་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔ སྔགས་བདག་དྲེགས་པ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག༔ སརྦ་དུཥྚཱན་ཨེ་ཛ་བྷྱོ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བྱ་ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་སྟེ། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་ནག་རྣམ་པ་གཉིས༔ རྡོ་རྗེའི་མཆུ་ཡིས་གདུག་པ་ཟ༔ རལ་གྲིའི་གཤོག་པ་ལྕགས་ཀྱུའི་སྡེར༔ རིགས་ལྔ་སྤྲུལ་པའི་ཁྱུང་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གདུག་པ་མ་ལུས་འདུལ་བར་ཤོག༔ ཁྲོཾ་ག་རུ་ཎ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པས་སྒྲུབ་སྡེ་དགུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་


RTZ015_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་ཟེར་འཕྲོ་བཞིན་པར་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཞི་ཁྲོའི་སྔགས་རྣམས་ལན་གསུམ་གསུམ་བཟླར་གཞུག །དཔལ་ཆེན་པོའི་གསུང་གསང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཆ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་ནི་ནང་གི་དབང་ངོ་། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ལྕེ་ལ་བཞག་སྟེ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་


RTZ015_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་པའི་བདུད་རྩི་དེ་ཉིད། ཨ་ཧོ་མ་ཧཱ་སུ་ཁ༔ ཞེས་མྱང་པས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་སྟོང་གསལ་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་གཟུང་མ་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་པར་མོས་ཤིག ཧཱུྃ༔ མཚན་ལྡན་བཀྲ་ཤིས་གཟུང་མ་འདི༔ བསྟེན་ན་གཉིས་མེད་བདེ་བ་སྐྱེ༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ


RTZ015_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་། ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུཾ་གྱིས་མཚན་པར་བསམས་ནས་འདོད་པའི་ཡོན་ཏན་ལྔའི་བདེ་བ་དང་རོ་མཉམ་པས་རྡོ་རྗེ་པདྨར་རེག་ཅིང་ཞུགས་པ་དང་བསྲུབས་པས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་བསྒོམ་པ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། གཟུགས་བརྙན་གསལ་བའི་མེ་ལོང་དང་མེ་ཤེལ་


RTZ015_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། སློབ་མ་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྗེས་སུ་དྲན་པའི་ངོ་བོ་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་མདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་


RTZ015_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་བསྒྲལ་དབང་ནི། སློབ་མའི་ལག་ཏུ་ཕུར་བུ་གཏད་དེ། ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲིལ་ཏེ་འདེབས་པར་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ ཅེས་གཏད་ནས། སློབ་མའི་མདུན་བྲུབ་ཁུང་དུ་ལིངྒ་བཀོད་པར་དམིགས་བྱ་གསལ། སློབ་མ་དཔལ་ཆེན་པོ་དང་། ལག་གི་ཕུར་བུ་སྲས་མཆོག་ཀཱི་ལ་ཡར་བསྐྱེད་པ་སྟེ་གསལ་བ་གསུམ་དང་ལྡན་པས་བདེན་པའི་སྟོབས་བརྗོད་པའི་ཚེ་དམིགས་བྱ་དགྲ་བགེགས་བཀུག་ཅིང་བསྟིམ་པ་སོགས་དམིགས་པའི་རིམ་པ་རྣམས་སོ་སོར་མཛོད་ཅིག །བདེན་སྟོབས་འགུགས་གཞུག་དང་། ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་བཀུག་བཅིངས་བསྡམས་མྱོས་སུ་བྱས་ནས་སྐྱབས་བྲལ་མགོན་མེད་ཉམ་ཐག་པའི་ཚུལ་དུ་གནས་པར་གྱུར། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ སོགས་དང་དྲག་སྔགས་སོ་ལྔ་ཕུར་སྐོར་དང་བཅས་པ་བྱ། ཁྱེད་རང་རྣམས་གསལ་བ་གསུམ་ལྡན་གྱི་ངང་ཕུར་བུ་ལིངྒ་ལ་བཏབ་པས་དགྲ་བགེགས་ཀྱི་ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པར་རང་ལ་བསྡུས་པས་བདག་ཉིད་ཀྱི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པར་གྱུར། རྣམ་པར་ཤེས་པ་ཨ་ཡིག་དཀར་པོའི་


RTZ015_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དཔལ་ཆེན་པོའི་ཐུགས་ཀར་འཕངས་པས་ཆོས་ཉིད་དང་རོ་གཅིག་ཏུ་གྱུར་ནས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་རྟེན་མཚོན་ཆས་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་དཀྱིལ་འཁོར་བ་དང་སློབ་མར་བསྟབས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱས་ཐེབས་པར་མོས་ཤིག །བྱས་ལ་ཕུར་གདབ་དང་མཚོན་གྱིས་བསྒྲལ་དུ་གཞུག་ཅིང་ལིང་རོ་སློབ་མ་རྣམས་ལ་བཀྱེའོ། །དེ་ལྟར་དབང་བསྐུར་བས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད་སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། འདི་ཉིད་ལས། བླ་མ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ ཞེས་དང་། དབང་གིས་སྒྲིབ་སྦྱོང་ཉམས་ཆག་སྐོང༔ ཡོན་ཏན་དངོས་གྲུབ་མ་ལུས་འགྲུབ༔ ཅེས་གསུངས་ཤིང། དབང་མ་ཐོབ་ན་བསྙེན་སྒྲུབ་ལས་ཀྱི་རིམ་པར་ལ་ནམ་ཡང་སྤྱོད་དུ་མི་དབང་ཞིང་། དབང་ཆེན་ཡོངས་རྫོགས་ལ་རག་མ་ལུས་པ་འདི་ཉིད་སྨིན་བྱེད་མཐར་ཕྱིན་


RTZ015_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ཚུལ་ཡང་། སྨིན་ལམ་དབང་གི་རིམ་པ་འདི༔ ཕྱི་རབས་རྣལ་འབྱོར་འདིར་འཇུག་པ༔ རྫོགས་དབང་ཆེ་ལ་ཁ་མ་རེག༔ སྒྲུབ་པ་མན་ངག་ཟབ་མོ་རྣམས༔ ལུང་མེད་དངོས་གྲུབ་ཡུགས་པ་རྐྱང༔ དེ་ལ་འདི་ཙམ་བྱིན་པས་འགྲུབ༔ ཅེས་གསུངས་པ་ལྟར་རོ། །དེ་ལྟར་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་སྨིན་བྱེད་སྙིང་པོ་བསྡུས་པ་ལེགས་པར་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ལ་བསྲུང་སྡོམ་ཅི་ནུས་སུ་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ་ཞིང་། རྗེས་ཚོགས་ལ་རོལ་པ་ཕྱིན་ཆད་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཀྱང་ལས་གཞུང་ལ་སྤྱི་འགྲོའི་ཁ་སྐོང་སྐབས་ཕྱེད་པར་སྦྱར་བས་འགྲུབ་བོ། །ལྷོ་གཏེར་ཕྱོགས་སུ་བཀའ་སྨན་ཕུར་གསུམ་ཞེས། །གྲགས་པའི་ཡ་གྱལ་བཀའ་བརྒྱད་ཐུགས་མེའི་སྐོར། །རྟེན་འབྲེལ་གནད་ཀྱིས་ཆོས་བཀའ་ཆ་ཚང་བ། །འབེབ་མ་གྲུབ་ཀྱང་བསྐྱེད་རིམ་ཕྲིན་ལས་སྐོར། །ཕལ་ཆེར་ཚང་ཞིང་ཉམས་སུ་བླང་བདེ་བས། །སྔགས་འཆང་མང་པོས་ཕྱག་བཞེས་མཛད་མོད་ཀྱང། །ཕྱོགས་འདིར་དབང་ལུང་རྒྱུན་གཙང་ཆེས་དཀོན་པས། །ལྷག་པའི་བསམ་པས་རང་གཞུང་སྐྱེ་ལྔའི་དུང་། །འཁྲུལ་མེད་མཚམས་སྦྱོར་ཛམྦུ་ནཱ་དས་སྤྲས། །རྙིང་བསྟན་འཛིན་ཀུན་དགྱེས་པའི་རོལ་མོ་


RTZ015_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །སྙན་པར་གྲགས་པས་བསིལ་ལྡན་ཀུན་ཁྱབ་ཤོག །ཅེས་པའི་ཚུལ་འདི་ལྷོ་གཏེར་དར་སྲོལ་ཆེ་བས་བོད་ཡུལ་ལྷོ་ཕྱོགས་ཀྱི་ལྗོངས་ལྟ་བུར་ཡོངས་སུ་གྲགས་པས་དགོས་པ་མི་ཆེ་ཡང་། ཕྱོགས་འདིར་རང་འདྲའི་བློ་དམན་ཉི་ཚེ་བ་དག་ལ་ཕན་པའི་སེམས་ཀྱིས། སྙོམ་ལས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།


previousབཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག །པདྨ་གར་གྱི་དབང་ཕྱུགnext