འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་སྔོན་འགྲོའི་རྣལ་འབྱོར་སྙིང་པོ་བཞུགས། མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ།


RTZ017_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས༔ སྔོན་འགྲོའི་རྣལ་འབྱོར་སྙིང་པོ་བཞུགས༔ ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་སྔོན་འགྲོའི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ནི། གཞུང་རྩ་བ་ལས། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱང༔ སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། དབང་དང་མན་ངག་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གནས་དབེན་པར་སྟན་བདེ་བ་ལ་དུག།ལུས་གནད་བསྲང་། རླུང་རོ་བསལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། བླ་མ་སྤྱི་བོར་བསྒོམ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མཐར་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ལ་དྲན་པ་མངོན་དུ་བཞག་སྟེ་ཁྲིད་ཀྱི་སྔོན་འགྲོའི་དམིགས་རིམ་ལ་འཇུག་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དཔལ་ཆེན་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་འབྱུང་དྲག་ཏུ་བསྐྱེད༔ ཅེས་གསུངས་པ་ལྟར་རེ་རེ་ནས་ཞིབ་ཏུ་དཔྱད་ཅིང་སེམས་བཟུང་ལ་


RTZ017_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ཐོན་པར་བྱའོ། །གཉིས་པ་ཐུན་མིན་ལ་གསུམ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པ་ལས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། དྲེགས་པ་མ་ཧེ་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་ཁྲག་འཐུང་ཆེན་པོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བྱ། གཉིས་པ་སེམས་སྐྱེད་ནི། སྐྱབས་ཡུལ་དཔང་པོར་བཞུགས་པའི་ཚུལ་གྱིས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ཇི་ལྟར་རིགས་པ་བརྗོད་པའི་སྒོ་ནས་གསལ་གདབ། མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་དོན་དམ་བྱང་སེམས་ཀྱི་ངང་དུ་མཉམ་པར་བཞག །གསུམ་པ་བླ་མའི་རྣལ་འབྱོར་ལ་དྲུག །རྟེན་བསྐྱེད་པ། ཚོགས་གསག་པ། སྡིག་སྒྲིབ་སྦྱོང་བ། གསོལ་བ་གདབ་པ། དབང་


RTZ017_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ། དེ་ཁོ་ན་ཉིད་ལ་བློ་བཞག་པའོ། །དང་པོ་ནི། ཨ༔ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་འཇམ་པའི་དབྱངས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ རང་འོད་རིག་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་ཟིལ་གནོན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་བེ་ཅོན་འཛིན༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ བདེ་དྲོད་མེ་དཔུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ གཉིས་པ་ཚོགས་གསག་ལ་གཉིས། ཡན་ལག་བདུན་པ་བྱ་བ་དང་། མཎྜལ་འབུལ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་


RTZ017_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ གཉིས་པ་མཎྜ་ལ་ནི། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜལ་པཱུ་ཛ་ཨཱཿཧཱུྃ༔ གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི། ཐུགས་ཀར་ཟླ་སྟེང་མཱུཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆག་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་ཝཱ་གཱི་ཤྭ་རི་ཡ་མཱནྟ་ཀ་མཱུཾ་ཧཱུྃ༔ ཞེས་འཇམ་དཔལ་ཞི་ཁྲོའི་སྔགས་སྦྲེལ་བ་ཅི་ནུས་སུ་བཟླ །བཞི་པ་གསོལ་འདེབས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་


RTZ017_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་སྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་ཡང་ནས་ཡང་དུ་གསོལ་བ་གདབ། ལྔ་པ་དབང་ལེན་ནི། རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་སེམས་བཟུང་། དྲུག་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། ཐུན་བསྡུ་བའི་ཚེ། བླ་མ་ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་ཏེ་ཐུགས་ཡིད་བསྲེས་ལ། རིག་པའི་གཤིས་དམིགས་མེད་དུ་རྗེན་ནེ། གདངས་བརྗོད་བྲལ་དུ་ལམ་མེ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་གཉུག་མའི་ངང་བསྐྱང་ཞིང་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །ཞེས་པའང་གཞུང་རྩ་བ་དང་། དཔལ་ཆེན་ཡང་དག་གི་ཟབ་ཏིག་ལས་ཇི་ལྟར་འབྱུང་བ་བཞིན་ངག་འདོན་སྙིང་པོར་དྲིལ་བའི་ཚུལ་གྱིས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྦྱར་བའི་དགེ་བས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མ་འཇམ་དཔལ་ཞི་ཁྲོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་


RTZ017_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་མེ་འབར་ཞེས་བྱ་བ་བཞུགས། རྒྱལ་ཀུན་ཡབ་གཅིག་ཆོས་སྐུ་ཀུན་ཏུ་བཟང་། །མཁྱེན་རབ་མངའ་བདག་ལོངས་སྐུ་འཇམ་པའི་དབྱངས། །སྤྲུལ་སྐུ་འཁོར་འདས་ཕྱག་རྒྱ་ཟིལ་གནོན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །སྐུ་ཡི་རིག་འཛིན་མཉྫུ་ཤྲཱི་མི་ཏྲ། །སྨྲ་བའི་སེང་གེ་བློ་ལྡན་མཆོག་སྲེད་ཞབས། །དྲག་སྔགས་གཤིན་རྗེའི་བཀའ་བབས་གནུབས་ཆེན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །འཇམ་དཔལ་ཆོས་རྒྱལ་ཚུལ་བཟུང་ཁྲི་སྲོང་རྗེ། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ། །སྙན་བརྒྱུད་མཛོད་འཆང་འཇིགས་བྲལ་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །གནས་པའི་འཁོར་ལོ་གཞི་དབྱིངས་གཏན་ལ་ཕེབས། །སྲིད་པའི་འཁོར་ལོ་འཁྲུལ་སྣང་དབྱིངས་སུ་བསྒྲལ། །སྤྲུལ་པའི་འཁོར་ལོའི་སྨིན་གྲོལ་ནུས་མཐུ་ཐོབ། །གཅོད་པའི་འཁོར་ལོས་འགྲོ་ཀུན་ཡོངས་སྒྲོལ་ཤོག །ཅེས་པའང་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་མདོ་གཞུང་ཨེ་ཝཾ་ཆོས་སྒར་དུ་མེ་ཡོས་ཁྲུམས་སྟོད་ཟླ་བའི་ཉེར་དགུའི་སྲོད་ལ་བྲིས་པ་ཕྱི་ནང་གསང་བའི་བདུད་སྡེ་ཚར་གཅོད་པར་གྱུར་ཅིག། །།འདིའང་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་གིས་གདམས་པའོ།། །།