Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་དམ་ཟབ་པ་སྐོར་བདུན་ལས་གཤིན་རྗེའི་སྒྲུབ་ཐབས་འཁོར་ལོ་རོལ་པ། མཆོག་གྱུར་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་དམ་ཟབ་པ་སྐོར་བདུན་ལས་གཤིན་རྗེའི་སྒྲུབ་ཐབས་འཁོར་ལོ་རོལ་པ། མཆོག་གྱུར་གླིང་པ།next

ཐུགས་དམ་ཟབ་པ་སྐོར་བདུན་ལས་གཤིན་རྗེའི་སྒྲུབ་ཐབས་འཁོར་ལོ་རོལ་པ། མཆོག་གྱུར་གླིང་པ།


RTZ018_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ དྲག་སྔགས་ཟབ་པ་གཤིན་རྗེ་ཡི༔ སྒྲུབ་ཐབས་འཁོར་ལོ་རོལ་པ་བཞུགས༔


RTZ018_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ དེ་ཉིད་མ་ཧཱ་ཡོ་ག་ལྟར་སྒྲུབ་པར༔ དུར་ཁྲོད་བས་མཐའ་རྣམས་སུ་དཀྱིལ་འཁོར་བཞེངས༔ སྐུ་གསུང་ཐུགས་རྟེན་ཁྲམ་བྱང་ལྷ་གྲངས་བཀོད༔ སྐྱབས་འགྲོ་སེམས་བསྐྱེད་སྲུང་བའི་འཁོར་ལོ་བསྒོམ༔ རྟགས་གདབ་མཆོད་པ་བྱིན་རླབས་བཤགས་དམ་བཅའ༔ དཀྱིལ་འཁོར་སྒོ་དབྱེ་ལྷ་ལ་ཕྱག་ཀྱང་བྱ༔ དེ་ནས་དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཆོས་རྣམས་སྐྱེ་མེད་རྣམ་དག་མཁའ་ལྟར་དག༔ མ་རྟོགས་སེམས་ཅན་བསྒྲལ་ཕྱིར་ཐུགས་རྗེས་ཁྱབ༔ རང་རིག་ཧཱུྃ་གི་འཕྲོ་འདུས་སྣོད་བཅུད་སྦྱང༔ རཾ་ཡཾ་ཁཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ལས་གནམ་ལྕགས་མཐིང་ནག་ཆོས་ཀྱི་དབྱིངས༔ ཡཾ་ལས་རླུང་ནག་སྲ་ཞིང་བརྟན་པའི་ནང༔ ར་ལས་ཁྲག་མཚོ་དམར་ནག་ཟླུམ་ཞིང་འཁྲུག༔ སུཾ་ལས་རིན་ཆེན་ས་གཞི་བརྡལ་བའི་སྟེང༔ ཀེཾ་ལས་རུས་པའི་རི་རབ་དཔངས་མཐོ་བརྗིད༔ རཾ་ལས་བསྐལ་པའི་མེ་ཆེན་འཚུབས་ཀྱིས་འབར༔ སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱི་དབུས༔ བྷྲཱུྃ་ལས་ཕོ་བྲང་ཐོད་པ་རིམ་གསུམ་བརྩེགས༔ གནམ་ལྕགས་འབར་བའི་གཟེར་ནི་རབ་ཏུ་གཏམས༔ གཟའ་ཀླུ་ལ་སོགས་དྲེགས་པའི་ཀ་གདུང་བཀྲམ༔ ཆུ་སྲིན་ལ་སོགས་བྱོལ་སོང་རྣམས་ཀྱིས་བརྒྱན༔ ཞིང་གི་


RTZ018_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཕུབ་འཁོར་ལོ་ཙིཏྟའི་ཏོག༔ དུར་ཁྲོད་འཇིགས་པའི་ཕོ་བྲང་ཆེན་པོའི་དབུས༔ གྲུ་ཆད་འཁོར་ལོ་རྡོ་རྗེ་བྲག་གི་སྟེང༔ མཐིང་ནག་གྲུ་གསུམ་འབར་བ་ཨེ་ཡི་ཀློང༔ པདྨ་ཉི་ཟླ་ཆུ་གླང་གཤིན་རྗེའི་གདན༔ རྒྱུ་ཡི་ཧཱུྃ་ཡིག་གདན་ལ་བབ་པ་ཡི༔ ས་བོན་ཕྱག་མཚན་འཕྲོ་འདུས་དོན་གཉིས་བྱས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་རྡོ་རྗེ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན་གྱིས་འཛིན༔ ཁྲོ་གཏུམ་མི་བཟད་དུར་ཁྲོད་ཆས་ཀྱིས་བརྒྱན༔ རྡོ་རྗེའི་གཤོག་པ་གདེངས་ཤིང་ཞབས་བཞི་བསྒྲད༔ བཻ་ཏཱ་ནག་མོ་དགྲ་སཏྭ་དུང་དམར་སྟོབ༔ རལ་གཅིག་མཐིང་ནག་རྩེ་གསུམ་ཐོད་ཁྲག་ཐོགས༔ ཡབ་ཡུམ་སྦྱོར་བས་ཁྲོ་བོའི་སྤྲིན་འཕྲོས་པས༔ དྲེགས་པ་ཚར་བཅད་ཚུར་འདུས་ཕྱིར་འཕྲོས་པས༔ འཁོར་ལོ་རྩིབས་བཞིར་པདྨ་ཉི་ཟླའི་གདན༔ མ་ཧེ་དཀར་སེར་དམར་ལྗང་བསྣོལ་བའི་ཁྲིར༔ ཡ་མ་རཱ་ཛ་མཐིང་དཀར་དམར་བའི་ཞལ༔ འཁོར་ལོ་ཏྲི་ཤུལ་ལྕགས་ཀྱུ་གཡས་ན་འཛིན༔ ཁ་ཊྭཱཾ་དགྲ་སཏྭ་རྒྱུ་ཞགས་


RTZ018_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ན་བསྣམས༔ གཡུ་ཡི་རལ་གཅིག་གཡོན་འཁྱུད་རྒྱུ་ཞགས་འཛིན༔ རེ་ཏི་རལ་གྲི་ནེའུ་ལེའི་རྐྱལ་པ་ཐོགས༔ མྱོས་བྱེད་འབར་མ་སེར་དཀར་ནག་པོའི་ཞལ༔ བེ་ཅོན་རལ་གྲི་དགྲ་སཏྭ་གཡས་ན་འཛིན༔ བྷན་དམར་འཁོར་ལོ་ལྕགས་ཀྱུ་གཡོན་ན་བསྣམས༔ གཏུམ་མོ་དུག་ཧྲུལ་གཡོན་འཁྱུད་དུང་དམར་སྟོབ༔ ཁྲག་གི་བདག་མོ་སྤུ་གྲི་ཏི་སྟ་འཛིན༔ མེ་རུ་ཙེ་ནི་དམར་དཀར་སྔོ་བའི་ཞལ༔ བེ་ཅོན་རལ་གྲི་ཁ་ཊྭཱཾ་གཡས་ན་འཛིན༔ བྷན་དམར་འཁོར་ལོ་རྒྱུ་ཞགས་གཡོན་ན་བསྣམས༔ འོད་ཟེར་ཅན་མ་ཨུཏྤལ་བྷན་དམར་སྟོབ༔ གླིང་བཞི་གཙུག་འཇོམས་མི་སྙིང་བྷནྡྷ་ཐོགས༔ རལ་པ་ཚར་དགུ་ལྗང་དཀར་དམར་བའི་ཞལ༔ བེ་ཅོན་གཏུན་ཤིང་རྒྱ་གྲམ་གཡས་ན་འཛིན༔ བྷན་དམར་འཁོར་ལོ་རྒྱུ་ཞགས་གཡོན་ན་བསྣམས༔ རེ་ཏི་གཡོན་འཁྲིལ་ཁྲམ་ཤིང་བྷན་དམར་སྟོབ༔ སྲིན་མོ་མགོ་འཕྱང་དགྲ་སཏྭ་དུང་དམར་སྟོབ༔ ཀུན་ཀྱང་དུར་ཁྲོད་ཆས་རྫོགས་ཞབས་བཞི་བསྒྲད༔ སྟེང་ཕྱོགས་གཤིན་རྗེ་ནག་འཇོམས་སྐུ་མདོག་ནག༔ རྡོ་རྗེ་རྩེ་ལྔ་གཡས་ལ་དགྲ་སཏྭ་གཡོན༔ སྲིན་མོ་རལ་གཅིག་ནག་མོ་ཁ་ཊྭཱཾ་ག༔ བྷནྡྷ་བསྣམས་ནས་ཡབ་ལ་གཉིས་མེད་འཁྲིལ༔ སྟེང་དུ་གཤིན་རྗེ་ཕྱྭ་ཚངས་


RTZ018_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དཀར༔ གཡས་པས་ཚེ་བུམ་གཡོན་པས་ཐོང་གཤོལ་བསྣམས༔ ཤེལ་གྱི་གདོང་དགུ་སེར་པོ་རལ་གྲི་དང༔ བྷནྡྷ་བསྣམས་ནས་ཡབ་ལ་གཉིས་མེད་འཁྲིལ༔ ཤར་དུ་ཀོང་རྗེ་བྲག་འཇོམས་སྐུ་མདོག་དཀར༔ གཡས་པས་བྲག་རི་གཡོན་པས་མེ་ཕུང་བསྣམས༔ བྲག་སྲིན་ཤེལ་མིག་དཀར་མོ་ལྕགས་ཀྱུ་དང༔ བྷནྡྷ་བསྣམས་ནས་ཡབ་ལ་གཉིས་མེད་འཁྲིལ༔ ཤར་ལྷོ་ཨ་བ་གླང་མགོ་སྨུག་ནག་འབར༔ གཡས་པས་ཁ་ཊྭཱཾ་གཡོན་པས་ལྕགས་ཀྱུ་བསྣམས༔ བདུད་མོ་མཆེ་གཙིགས་སྨུག་ནག་མེ་ལོང་དང༔ སྐར་མདའ་འཕེན་ཅིང་ཡབ་ལ་གཉིས་མེད་འཁྲིལ༔ ལྷོ་རུ་གཤིན་རྗེ་ཡ་བ་ཏི་སྔོ་ནག༔ གཡས་པས་རལ་གྲི་གཡོན་པས་ལྕགས་ཀྱུ་བསྣམས༔ དྲེད་ཀྱི་ཨཾ་ཤཾ་ནག་མོ་ཁྲམ་ཤིང་དང༔ ཐོད་ཁྲག་འཐུང་ཞིང་ཡབ་དང་གཉིས་མེད་འཁྲིལ༔ ལྷོ་ནུབ་གཤིན་རྗེ་མིག་དམར་སྨུག་ནག་འབར༔ གཡས་པས་རལ་གྲི་གཡོན་པས་ཞིང་དབྱུག་བསྣམས༔ ཁྲག་མིག་དམར་པོ་གཏུན་ཤིང་འབར་བ་དང༔ ཙིཏྟ་འཛིན་ནས་ཡབ་ལ་གཉིས་མེད་འཁྲིལ༔ ནུབ་ཏུ་གཤིན་རྗེ་རྨིག་པ་དུད་ཁའི་མདོག༔ གཡས་པས་ཐོད་ཕྲེང་གཡོན་པས་ལྕགས་སྒྲོག་བསྣམས༔ ཀླུ་མོ་པུས་འགྲོ་


RTZ018_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་ནག་མདའ་མདུང་དང༔ བྷནྡྷ་ཐོགས་ནས་ཡབ་ལ་གཉིས་མེད་འཁྲིལ༔ ནུབ་བྱང་གཤིན་རྗེ་ཏེལ་པ་སྔོ་ནག་འབར༔ གཡས་པས་སྤུ་གྲི་གཡོན་པས་དབྱུག་ཏོ་བསྣམས༔ རླུང་ལྷ་སྤྱན་གསུམ་ནག་མོ་སྤུ་གྲི་དང༔ བྷནྡྷ་བསྣམས་ནས་ཡབ་ལ་གཉིས་མེད་འཁྲིལ༔ བྱང་དུ་གཤིན་རྗེ་བདུད་འཇོམས་སྐུ་མདོག་སྨུག༔ གཡས་པས་དགྲ་སཏྭ་གཡོན་པས་ཐོ་བ་བསྣམས༔ ཆུ་སྲིན་ནག་མོ་སྨུག་ནག་རལ་གྲི་དང༔ བྷནྡྷ་ཁྲག་རྐང་བསྣམས་ནས་ཡབ་ལ་འཁྲིལ༔ བྱང་ཤར་གཤིན་རྗེ་ཆོས་རྒྱལ་དཀར་སེར་མདོག༔ རྡོ་རྗེ་རྩེ་གསུམ་གཡས་ལ་ཁྲམ་ཤིང་གཡོན༔ ནམ་གྲུ་སེར་མོ་ལས་ཀྱི་མེ་ལོང་དང༔ ཉི་ཟེར་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྲིལ༔ འོག་ཏུ་གཤིན་རྗེ་འབར་བ་དམར་ནག་འབར༔ ཁྲམ་ཤིང་གཡས་ལ་རྩིས་ཀྱི་བྱང་བུ་གཡོན༔ ནག་མོ་མགོ་དགུ་དམར་ནག་རྩེ་གསུམ་དང༔ བྷནྡྷ་ཁྲག་བཀང་བསྣམས་ནས་ཡབ་ལ་འཁྲིལ༔ འོག་ཏུ་གཤིན་རྗེ་ཐོད་དབྱུག་སྐུ་མདོག་ནག༔ རོ་ཡི་དབྱུག་པ་རྩིས་ཀྱི་རྡེ་འུ་བསྣམས༔ ས་བདག་ནག་མོ་ཕག་མགོ་རྡོ་རྗེའི་ཞགས༔ བྷནྡྷ་བསྣམས་ནས་ཡབ་ལ་གཉིས་མེད་འཁྲིལ༔ ཤར་སྒོར་དུང་གི་བྱ་རྒོད་མགོ་ཅན་དཀར༔ གཡས་པས་རྡོ་རྗེ་གཡོན་པས་ལྕགས་ཀྱུ་འཛིན༔


RTZ018_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་སྒོར་གསེར་གྱི་སྟག་མགོ་སེར་ནག་འབར༔ གཡས་པས་རིན་ཆེན་གཡོན་པས་ཞགས་པ་འཛིན༔ ནུབ་སྒོར་བསྭེ་ཡི་ཀངྐའི་མགོ་ཅན་དམར༔ གཡས་པས་པདྨ་གཡོན་པས་ལྕགས་སྒྲོག་འཛིན༔ བྱང་སྒོར་ལྕགས་ཀྱི་སྤྱང་མགོ་ལྗང་ནག་འབར༔ གཡས་པས་རྒྱ་གྲམ་གཡོན་པས་དྲིལ་བུ་འཛིན༔ གཞལ་ཡས་ཁང་གི་ཕྱི་རིམ་མུ་ཁྱུད་ལ༔ ཤར་གིང་དཀར་པོ་ཤེལ་གྲི་ཤེལ་ཁྲབ་ཅན༔ ལྷོ་གིང་སེར་པོ་གསེར་གྲི་གསེར་ཁྲབ་ཅན༔ ནུབ་གིང་དམར་པོ་བསྭེ་གྲི་བསྭེ་ཁྲབ་ཅན༔ བྱང་གིང་ལྗང་གུ་གཡུ་གྲི་གཡུ་ཁྲབ་ཅན༔ ཤར་བདུད་རོལ་པོ་བདུད་ཀྱི་ཁྲམ་ཤིང་ཐོགས༔ ལྷོ་བདུད་མཆེ་ཅན་བདུད་ཀྱི་ཁྲམ་ཤིང་ཐོགས༔ ནུབ་བདུད་ཡོར་པོ་བདུད་ཀྱི་ཁྲམ་ཤིང་ཐོགས༔ བྱང་བདུད་གསེར་གྱི་སཏྭ་རེ་བདུད་ཁྲམ་ཐོགས༔ ཀུན་ཀྱང་ནག་པོ་རལ་པ་སྤྲིན་ལྟར་གཏིབས༔ དང་པོའི་རྩིབས་ལ་དཀར་པོ་ཤྭ་རྡིལ་ཐོགས༔ གཉིས་པའི་རྩིབས་ལ་སེར་པོ་ཤྭ་རྡིལ་ཐོགས༔ གསུམ་པའི་རྩིབས་ལ་དམར་པོ་ཤྭ་རྡིལ་ཐོགས༔ བཞི་པའི་རྩིབས་ལ་སྔོན་པོ་ཤྭ་རྡིལ་ཐོགས༔ ནད་གཏོང་མ་མོའི་ཤན་པ་ཁྭ་གདོང་ནག༔ ལག་གཉིས་ཐུན་དང་རལ་གྲི་ནད་རྐྱལ་ཐོགས༔ མྱོས་པ་བཙན་གྱི་ཤན་པ་དམར་


RTZ018_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མདོག༔ ཤིན་ཏུ་གཏུམ་ལ་བཙན་གྱི་བཤའ་གྲི་ཐོགས༔ བཤན་པ་ཀླུ་ཡི་ཤན་པ་མཐིང་ནག་འབར༔ སྦྲུལ་ཞགས་ཐོགས་ནས་སྦྲུལ་ལྤགས་ནག་པོ་གྱོན༔ གདུག་རྩུབ་གཟའ་ཡི་ཤན་པ་འཇིགས་ཤིང་ནག༔ མདུང་དར་ནག་པོ་ཕྱར་ཞིང་ཙིཏྟ་ཐོགས༔ ཀུན་ཀྱང་ཡེ་ཤེས་ཆེན་པོའི་རོལ་པར་བསམ༔ དབང་བསྐུར་བྱིན་རླབས་སྤྱན་དྲངས་དབྱེར་མེད་བསྟིམ༔ མཆོད་བསྟོན་བྱས་ལ་སེམས་དཔའ་སུམ་བརྩེགས་ཀྱིས༔ སྤྲོ་བསྡུ་བྱས་ལ་སྔགས་ཀྱི་བཟླས་པ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ རྒྱུན་ཆད་མེད་པར་བཟླས་ནས་མཆོད་བསྟོད་བཤགས༔ དངོས་གྲུབ་ཞུ་ནས་རྫོགས་རིམ་ངང་ལ་བཞག༔ དེ་ཡིས་འཇམ་དཔལ་རྡོ་རྗེའི་གོ་འཕང་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནམ་མཁའ་མཛོད་ནས་ཁོ་བོ་མཆོག་གྱུར་གླིང་པས་སྤྱན་དྲངས་པའོ༔ འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།


previousཐུགས་དམ་ཟབ་པ་སྐོར་བདུན་ལས་གཤིན་རྗེའི་སྒྲུབ་ཐབས་འཁོར་ལོ་རོལ་པ། མཆོག་གྱུར་གླིང་པ།next