Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས་ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས་ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ།next

གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས་ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ།


RTZ020_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས༔ ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ་བཅས་བཞུགས་སོ༔


RTZ020_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་རྒྱ་གར་མཁས་པ་པདྨ་བདག༔ སྐྱེ་འཆི་གཉིས་མེད་རྡོ་རྗེ་ལྟ་བུའི་སྐུ༔ འགྲོ་བའི་དོན་ཕྱིར་འཆི་མེད་ཚེ་སྒྲུབ་ནི༔ བསམ་གྱིས་མི་ཁྱབ་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལས་ཅན་བུ་དང་འདི་འཕྲད་ཤོག༔ ཚེ་ཡི་ཕྲིན་ལས་ཁ་སྐོང་དུ༔ དངོས་གྲུབ་བསྐུལ་དང་བྱིན་འབེབས་ཤིང༔ ཚེ་འགུགས་མགྱོགས་མ་བསྐུལ་བ་འོ༔ ཐུགས་དམ་གནད་ནས་བསྐུལ་རྗེས་སུ༔ དངོས་གྲུབ་བླངས་ཤིང་དབང་བསྐུར་བྱ༔ ས་མ་ཡ༔ ཧྲཱི༔ ཡང་གསང་ཐུགས་ཀྱི་ལྷ་ཚོགས་རྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ད་ནི་ཚེ་འགུགས་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱས་འདེབས་འཚལ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རི་བོ་ཏ་ལའི་ལྷོ་ནུབ་ཏུ༔ རིགས་གསུམ་མགོན་པོའི་ཕོ་བྲང་ན༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ རྡོ་རྗེའི་ཚེ་མཆོག་བསྒྲུབས་པ་ལ༔ ཚེ་དཔག་མེད་མགོན་དངོས་སུ་བྱོན༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱ་ཡིས་གདབ༔ དེ་ཚེ་རྟགས་བསྟན་བསྙེལ་ལམ་ཅི༔ ཁྱེད་ཀྱི་ཐུགས་དམ་བདག་བསྐུལ་གྱིས༔ ད་ལྟ་རིག་འཛིན་སྒྲུབ་པ་པོ༔ འདིར་ཚོགས་སྐལ་ལྡན་ཐམས་ཅད་ལ༔ འཆི་མེད་ཚེ་


RTZ020_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དངོས་གྲུབ་སྩོལ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་བ་མི་ཞུ་སྟེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ ཡང་གསང་ཨཱ་ཡུའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ནས༔ འགྲོ་བ་འདྲེན་པའི་དཔལ་གྱུར་ཤོག༔ ཅེས་བརྗོད་མདའ་དར་གཡབ་ཅིང་ཚེ་རྫས་རྣམས་སློབ་མའི་མདུན་དུ་བཞག་ལ་བྱིན་དབབ་པ་ནི༔ ཧྲཱི༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡིས་བརྙེས༔ བསྒྲེས་རྒུད་མེད་པ་སུ་ཡིས་ཐོབ༔ མགོན་པོ་ཚེ་དཔག་མེད་པ་དང༔ ཡུམ་མཆོག་གསང་བའི་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་དགའ་རབ་རྡོ་རྗེ་དང༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ་གཉིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་


RTZ020_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་ཤྲཱི་སིང་ཧ་དང༔ མཁའ་འགྲོ་རིག་འཛིན་ཞི་བ་མཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏཱི་ཀ་རུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ པཎ་ཆེན་བི་མ་མི་ཏྲ་དང༔ མཁའ་འགྲོ་དབང་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་


RTZ020_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ གནུབས་བན་ནམ་མཁའི་སྙིང་པོ་དང༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གཡའ་མ་ལུང་གི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ གུ་རུ་འཆི་མེད་རྡོ་རྗེ་དང༔ ལས་ཅན་རྗེ་འབངས་གྲོགས་བཅས་ཀྱིས༔ བསམ་ཡས་དབུ་རྩེ་རིགས་


RTZ020_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ ཤུད་པུ་དཔལ་གྱི་སེང་གེ་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁའ་འགྲོ་དྲྭ་བའི་གསང་ཕུག་ཏུ༔ མ་འོངས་བུ་འབངས་འགྲོ་བའི་དོན༔ སྐྱེ་འཆི་མེད་པར་སྨོན་ལམ་བཏབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྐུར༔ སྐུ་ཡི་སྤྲུལ་པ་གློག་སྟོང་འཁྱུག༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་སྡུས༔ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ནས༔ རང་བྱུང་ཚེ་ཡི་བཅུད་ཁུག་སྟིམས༔ བླ་ཚེ་ཉམས་པ་སོར་ཆུད་དེ༔ ཚེ་ཡི་དངོས་གྲུབ་བུམ་པར་སྡུས༔ དཔལ་དང་བསོད་ནམས་བདག་ལ་སྐྱེད༔ རྟགས་དང་མཚན་མ་བསྟན་པ་དང༔ ཚེ་ཡི་དངོས་གྲུབ་བསྩལ་དུ་


RTZ020_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཅེས་བྱིན་དབབ་བོ༔ དེ་ནས་ཚེ་འགུགས་ནི༔ ལས་ཀྱི་རྡོ་རྗེས་སྤོས་ཐོགས་ལ་མདའ་དར་བཅས་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧྲཱི༔ རང་གསལ་ལྷུན་གྲུབ་གཞལ་ཡས་ནས༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་རུ༔ གུ་རུ་པད་འབྱུང་ཚེ་དཔག་མེད༔ རང་འདྲའི་ཡུམ་མཆོག་ཙཎྜ་ལཱི༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཚེ་ཡི་འོད་ཟེར་ཁྲ་ལ་ལ༔ ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས༔ འཆི་མེད་ཚེ་ཡི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ གསང་བ་ཡེ་ཤེས་ཤེས་རབ་ཡུམ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཡང་གསང་ཨཱ་ཡུའི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ དབུས་ཕྱོགས་དཀར་གསལ་ཐིག་ལེའི་དབུས༔ གུ་རུ་བུདྡྷ་ཚེ་དཔག་མེད༔ མནྡཱ་ར་བ་སངས་རྒྱས་སྤྱན༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ དབུས་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ འོད་


RTZ020_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་བཛྲ་ཚེ་དཔག་མེད༔ ཡེ་ཤེས་མཚོ་རྒྱལ་མཱ་མ་ཀཱི༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཤར་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ལྷོ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་རཏྣ་ཚེ་དཔག་མེད༔ ཀ་ལ་སིདྡྷི་རིན་ཆེན་སྒྲོལ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ལྷོ་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ནུབ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་པདྨ་ཚེ་དཔག་མེད༔ ཤཱཀྱ་དེ་བ་གོས་དཀར་མོ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ བྱང་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་ཀརྨ་ཚེ་དཔག་མེད༔ བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ དཀར་མོ་ཞི་བའི་ལས་མཛད་མ༔ གཡས་


RTZ020_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱི་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དཀར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ སེར་མོ་རྒྱས་པའི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱི་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་སེར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔


RTZ020_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ དམར་མོ་དབང་གི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱིས་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དམར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྗང་མོ་དྲག་པོའི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱིས་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་ལྗང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་


RTZ020_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ཤར་སྒོ་རུ༔ ཚེ་ཡི་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་མཆོག་ལྷ་མོ་ལྕགས་ཀྱུ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ཞི་བ་ལྷུན་གྲུབ་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟད་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་རུ༔ ཚེ་ཡི་ཁྲོ་བོ་གཤིན་རྗེའི་གཤེད༔ ཡུམ་མཆོག་ལྷ་མོ་ཞགས་པ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ལྷུན་གྲུབ་


RTZ020_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་རུ༔ ཚེ་ཡི་ཁྲོ་བོ་རྟ་མགྲིན་རྒྱལ༔ ཡུམ་མཆོག་མཁའ་འགྲོ་ལྕགས་སྒྲོག་སྦྱོར༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ལོ་ཀ་དབང་གི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་


RTZ020_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་རུ༔ ཚེ་ཡི་ཁྲོ་བོ་བདུད་རྩི་འཁྱིལ༔ ཡུམ་མཆོག་མཁའ་འགྲོ་དྲིལ་བུ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ རྩལ་ལྡན་དྲག་པོའི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ ཚེ་ཡི་ལས་བྱེད་བཀའ་སྲུང་དང༔ གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་སྐྱོང་བར་ཁས་བླངས་རྣམས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་


RTZ020_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༔ བླ་ཚེ་ཡར་བ་ད་ལྟ་ཁུག༔ ཉམས་རྒུད་ཡར་བ་ཁུག་ལ་གསོས༔ བཅོལ་བའི་ལས་འདི་མ་བྱས་ན༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྙིང་ཁྲག་འཐུངས་ནས་བརླག་པར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ སྒྲུབ་མཆོག་སྐུ་ཚེ་བསྲིང་བ་དང༔ སྔགས་ཀྱི་བསྟན་པ་སྐྱོང་བར་མཛོད༔ ཅེས་བརྗོད་གཏོར་མ་ཤ་ཆང་གིས་བརྒྱན་ལ་གཙང་སར་འབུལ་ཞིང་མདའ་དར་གཡབ༔ དེ་ནས་ཚེ་ཡི་པྲ་བརྟག་ནི༔ ཚེ་འབྲས་ཀྱི་ནང་དུ་ཉི་ཟླ་སྐར་གསུམ༔ གཡུང་དྲུང་དང༔ དུང་དཀར༔ ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་བུ་བཅས་མར་གྱི་བསྒྲུབས་ལ་བླུགས༔ ཚེ་སྔགས་བཟླ་ཞིང་ཚེ་པྲ་སྟོན་པར་གསོལ་བ་གདབ༔ ཁ་རྡོ་རྗེ་རྒྱ་གྲམ་གྱིས་གཅོད༔ ཉི་ཟླ་གཉིས་རྒྱབ་ལོགས་ནས་ནུབ་ཏུ་ཕྱོགས་ན་ཤིན་ཏུ་ངན༔ ཁ་སྤྲོད་བཟང༔ ཕྱག་མཚན་བཞི་པོ་གནས་འཆོལ་ན་ཆོས་སྲུང་བསྐང་གསོ་དང་བཟློག་པ་བྱ༔ སྐར་མ་འཐོར་ན་བུ་དང་ནོར་ལ་ངན་པས་གཡང་སྐྱབས་བྱ༔ གཡུང་དྲུང་ཡལ་ན་སྦྱིན་བདག་ལ་ངན༔ དུང་དཀར་ཡལ་ན་སློབ་དཔོན་དང་རང་གི་སྙན་གྲགས་ལ་ངན༔ དེ་རྣམས་ལ་བཙན་གཏོར་གཏང༔ བརྒྱ་བཞི༔ བདུད་ཞལ་བསྒྱུར༔ འཆི་བསླུ་རྣམས་བྱའོ༔ ཚེ་མདའ་རིང་དུ་སོང་ན་ཚེ་འཕེལ་རྟགས་ཡིན༔ སྒྲོ་ལ་སྐྱོན་སོང་ན་སྦྱིན་བདག་ལ་ངན༔ ལྟོང་གས་ན་རིག་མ་ལ་ངན༔


RTZ020_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

མདེའུ་བུད་ན་རྣལ་འབྱོར་རང་ལ་ངན༔ དར་ཚོན་རལ་ན་སློབ་མ་ལ་ངན༔ རོལ་མོ་ཆག་གམ་རྐེ་བུད་ན་གནས་ཁང་ལ་ངན༔ དེ་ལ་འབུམ་འུར་འདོན༔ འགོ་བའི་ལྷ་མཆོད༔ སྲི་མནན་བྱ༔ གཡང་སྒོ་བསྡམ༔ རྣམ་འཇོམས་ཀྱི་ཁྲུས་བྱའོ༔ ཚེ་ཟན་འཕེལ་བ༔ བདུད་རྩི་བབ་པ༔ ཚེ་གཏོར་གྲངས་ཕེབས་པ༔ མདའ་དར་འགུལ་བ༔ འོད་འཁྱུགས་པ༔ ཚེ་ཆང་ཁོལ་བ་རྣམས་བྱུང་ན་བཟང་བའི་རབ་མཆོག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔


previousགུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས་ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ།next