Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ། ཆོས་ཀྱི་གྲགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ། ཆོས་ཀྱི་གྲགས་པ།next

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ། ཆོས་ཀྱི་གྲགས་པ།


RTZ021_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


RTZ021_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་ཀྱི་ཡན་ལག་དྲུག་སྐོར་དྲུག་པ། ལག་ཏུ་བླང་བའི་རིམ་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ། ལྷག་པའི་ལྷ་བདེ་སྟོང་གི་སེམས་དཔའ་ཆེན་པོ་གཉིས་ལ་ཕྱག་འཚལ་ལོ། །གང་གི་སྟོང་ཉིད་ཡེ་ཤེས་མེས། །ཉོན་མོངས་སྲེག་མཛད་སྨྲ་བའི་བདག །བདེ་ཆེན་དགྱེས་རོལ་བརྩེ་བ་ཅན། །དེ་དག་བདག་ཉིད་པདྨོར་མཆོད། །འདིར་གང་རྗོད་པར་བྱེད་ན་འཕགས་པ་ཐུགས་རྗེ་ཆེན་པོ་ལྷག་པའི་ལྷར་བཟུང་ནས་བསྐྱེད་རིམ་བཟླས་པ་དང་བཅས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས། གཞན་ལ་ཕན་པ་འབའ་ཞིག་ཡིད་ལ་བརྣགས་པས་ལས་རབ་འབྱམས་བསྒྲུབ་པ་ལ་སྤྱི་དོན་དྲུག་སྟེ། རྟེན་གྱི་ཆོས་དྲུག །གསོན་གྱི་ཆོས་


RTZ021_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །གཤིན་པོ་ལ་ཕན་གདགས་པའི་ཆོས་དྲུག །ཕྲིན་ལས་དྲུག །གསང་སྔགས་ཀྱི་གནད་དྲུག །ཐུན་མཚམས་ཀྱི་ཆོས་དྲུག་རྣམས་ཡིན་ལ། དེ་ལྟར་དྲུག་ཚན་རེ་རེ་ལ་ཆོས་དྲུག་དྲུག་དང་། ཆོས་རེ་རེ་ལའང་ཕྱི། ནང་། གསང་བ། དོན། རྟགས། མཚོན་པ་སྟེ་དྲུག་དྲུག་ཏུ་ཕྱེ་བས་ལས་ཀྱི་ཁ་ཚར་ཉིས་བརྒྱ་དང་བཅུ་དྲུག་ཏུ་ངེས་པ་ལས། སྤྱི་དོན་དང་པོ་རྟེན་གྱི་ཆོས་དྲུག་ལ། རབ་གནས། མཆོད་པ། བསྟོད་པ། གསོལ་བ་གདབ་པ། སཱཙྪ། སྐུ་ཁྲུས་དང་དྲུག་ལས། དང་པོ་རབ་གནས་ལ། ཕྱིའི་རབ་གནས་ནི། རྟེན་གང་རབ་ཏུ་གནས་བྱ་དེ་ཉིད་དྲི་ཆབ་ཀྱིས་བཀྲུ། མཆོད་པ་ལྔ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བཅའ། བུམ་བསྐྱེད་དབང་ཆོག་ལྟར་


RTZ021_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་བགེགས་ལ་གཏོར་མ་བྱིན་ལ་བསྐྲད། རྟེན་ཞི་བ་ཡིན་ན་ཐུགས་རྗེ་ཆེན་པོ་ཞི་སྒྲུབ་གང་རུང་དང་། ཁྲོ་བོ་ཡིན་ན་རྟ་མགྲིན་དུ་བསྐྱེད་པ་སོགས་ཁྲིད་ཡིག་པད་དཀར་ཕྲེང་བའི་དངོས་གཞིའི་སྐྱེད་རིམ་གྱི་སྐབས་ལྟར་བྱ། ཡེ་ཤེས་པ་དགུག་གཞུག །དབང་བསྐུར་རྒྱས་གདབ། མཆོད་བསྟོད། ཞལ་བསྒྱུར། བརྟན་བཞུགས། ཡེ་དྷརྨཱས་རབ་གནས་ཤིས་བརྗོད་བྱའོ། །ནང་གི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་རྟེན་གང་ཡིན་པ་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམས་པས་སྔར་བས་གཟི་བརྗིད་ཆེས་ཆེར་གྱུར་པར་བསམ་ལ་མཆོད་ཅིང་བསྟོད་དོ། །གསང་བའི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་འོག་མིན་ནས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་བསྟོད། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ལྷ་མོ་བུམ་པ་ཐོགས་པ་མང་པོ་བྱུང་བས་རྟེན་ལ་དབང་བསྐུར། དབང་རྟགས་སུ་ལྷ་རྟེན་དེའི་རིགས་མཐུན་གྱི་ལྷས་རྒྱས་གདབ། རིགས་ལྔ་ཡབ་ཡུམ་མི་དམིགས་པར་བསམ་མོ། །དོན་གྱི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་ག་ཡོད་པ་ལས་འོད་འཕྲོས། རྟེན་གྱི་གནས་གསུམ་དུ་ཐིམ་པས་དེའི་དཔྲལ་བར་འཁོར་ལོ་


RTZ021_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་སྔོན་པོ་བསམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཤིང་རྒྱས་གདབ་བོ། །རྟགས་ཀྱི་རབ་གནས་ནི། རྟེན་གྱི་ལྷ་ལ་མཆོད་བསྟོད། བུམ་པས་དབང་བསྐུར། མངའ་གསོལ། བཀྲ་ཤིས་བརྗོད་དོ། །མཚོན་པའི་རབ་གནས་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར། འཁོར་བ་ཇི་སྲིད་བར་དུ་བརྟན་པར་བཞུགས་པར་གསོལ་བ་གདབ་བོ། །གཉིས་པ་མཆོད་པ་ལ་ཕྱིའི་མཆོད་པ་ནི། མཎྜལ། སྤོས། མེ་ཏོག །ཡོན་ཆབ། དྲི་ཆབ། །ཞབས་བསིལ། ཞལ་ཟས། མར་མེ། རོལ་མོ་སོགས་ཅི་འབྱོར་པ་བཤམས་ལ། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡིག་དྲུག་བརྗོད་པས་བླ་མ་དཀོན་མཆོག་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་པ་འབུལ་ལོ། །ནང་གི་མཆོད་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་མང་པོ་སྤྲོས། རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་མཆོད་པར་བསམ་མོ། །གསང་བའི་མཆོད་པ་ནི། ལྷ་མོ་དེ་རྣམས་བདག་ལ་ཐིམ་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཐབས་ཤེས་དབྱེར་མེད་དུ་མཆོད་པར་བསམ། དོན་གྱི་མཆོད་པ་ནི། མཆོད་པ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་ཐིམ། རང་ཤར་རང་གྲོལ་དུ་མ་འགགས་


RTZ021_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཆོད་དོ། །རྟགས་ཀྱི་མཆོད་པ་ནི། སྨན་འབྲུ་ཆུ་སོགས་གང་ཡིད་དུ་འོང་བ་མཐོང་བ་ཐམས་ཅད་བློས་བླངས་ཏེ་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་འབུལ་ལོ། །མཚོན་པའི་མཆོད་པ་ནི། རང་ལུས་ཕུང་པོ་མཆོད་པའི་རྫས་སུ་ཆགས་པ་དང་ཞེན་པ་མེད་པར་འབུལ་ལོ། །དེ་ཐམས་ཅད་ལ་འཛིན་པ་མེད་ན་མཆོད་པ་གནས་སུ་འཁྱོལ་བ་ཡིན་ནོ། །གསུམ་པ་བསྟོད་པ་ལ། ཕྱིའི་བསྟོད་པ་ནི། ལྷ་དང་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་མདོག་རྒྱན་ཆ་ལུགས་ལ་བསྟོད་པས་དགྱེས་ནས་དངོས་གྲུབ་གནང་བར་བསམ་ལ་བསྟོད་དོ། །ནང་གི་བསྟོད་པ་ནི། རང་ལྷར་གསལ་བཏབ། སྔར་བས་གཟི་བརྗིད་ཆེ་བར་བསམ་ལ་བསྟོད་དོ། །གསང་བའི་བསྟོད་པ་ནི། ལྷ་དང་རང་ཉིད་གཉིས་སུ་མེད་པས་ལོགས་ནས་བསྒྲུབ་ཏུ་མེད་པར་ཤེས་པས་བསྟོད་དོ། །དོན་གྱི་བསྟོད་པ་ནི། ཆོས་ཉིད་མཉམ་པ་རིས་མེད་པའི་ཕྱིར་བདག་དང་ཐུགས་རྗེ་ཆེན་པོའི་ཐུགས་དགོངས་དབྱེར་མེད་པར་བསམ་ལ་བསྟོད་དོ། །རྟགས་ཀྱི་བསྟོད་པ་ནི། ཐུགས་རྗེ་ཆེན་པོའི་སྐུ་མདོག་ཞལ་ཕྱག་རྒྱན་ཆས་སོ་སོར་དོན་རྟགས་མཚོན་པ་གསུམ་གྱི་དགོས་པའི་སྒོ་ནས་བསྟོད། མཚོན་པའི་བསྟོད་པ་ནི། ཚིག་དང་དབྱངས་སུ་བཅད་ནས་བསྟོད་པས་ལྷ་མཉེས་ནས་བདག་ལ་བྱིན་གྱིས་བརླབས་པར་བསམ་ལ་བསྟོད། བཞི་པ་གསོལ་འདེབས་ལ། ཕྱིའི་གསོལ་འདེབས་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་ལ། ཡི་གེ་དྲུག་པས་གསོལ་བ་ཕར་བཏབ་


RTZ021_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱིན་རླབས་ཚུར་བསྩལ་བར་འོང་ངོ་། །ནང་གི་གསོལ་འདེབས་ནི། རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ལ་མཆོད་པ་ཕུལ་བས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ། གསང་བའི་གསོལ་འདེབས་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཡབ་ཡུམ་སྦྱོར་མཚམས་ནས། འོད་ཟེར་བྱུང་བ་བདག་གི་ལུས་ལ་ཕོག་པས་དབུགས་དབྱུང་བདེ་བ་སྐྱེས་པར་བསམ། དོན་གྱི་གསོལ་འདེབས་ནི། རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་ནས། སེམས་ཉིད་རང་ཤར་རང་གྲོལ་དུ་གྱུར་པར་བསམ་མོ། །རྟགས་ཀྱི་གསོལ་འདེབས་ནི། དུས་རྟག་ཏུ་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་གཙུག་རྒྱན་དུ་བཞུགས་ནས་བྱིན་གྱིས་རློབས་པར་བསམ་མོ། །མཚོན་པའི་གསོལ་འདེབས་ནི། ཚིག་དང་དབྱངས་སུ་གསོལ་བ་འདེབས་ཤིང་མོས་གུས་ཐུན་མོང་མ་ཡིན་པ་བྱས་པས་བར་གཅོད་སེལ་ཞིང་ལམ་སྣ་འདྲེན་པ་ཡིན་ནོ། །ལྔ་པ་སཱཙྪ་ལ། ཕྱིའི་སཱཙྪ་ནི། འདག་ས་ལ་རིན་པོ་ཆེ་དང་སྨན་སྣ་ཚོགས་བཏབ་ལ་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། ཡི་གེ་དྲུག་པ་བཟླ་ཞིང་འབི་འབི་ཆོས་སྐུ །སྐུ་སྤར་ལོངས་སྐུ །སཱཙྪ་དེ་ཉིད་ཕྱི་མཆོད་རྟེན་ལ་ནང་ཐུགས་རྗེ་ཆེན་པོར་བྱོན་པར་བསམ་མོ། །ནང་གི་སཱཙྪ་ནི། ཟས་གང་ཟ་བ་རིན་པོ་ཆེའི་ཕུང་པོར་བསམ། ཁམ་དུ་བཅད་དུས་ཆོས་སྐུ། ཁོང་དུ་མིད་


RTZ021_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལོངས་སྐུ །དྲི་མ་ཕྱིར་ཕྱུང་བས་སྤྲུལ་སྐུར་བྱོན་པས་དེའི་དྲི་ཚོར་བའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དག་པར་བསམ་མོ། །གསང་བའི་སཱཙྪ་ནི། རང་ལུས་ཤའི་འདག་ས་ལ་ཡི་དམ་ཐུགས་རྗེ་ཆེན་པོའི་སཱཙྪ་བཏབ། གསལ་བར་འདུག་ན་ཐེབས་པ་ཡིན། གདབ་ཏུ་མེད་ན་བརྟན་པ་ཡིན་ནོ། །དོན་གྱི་སཱཙྪ་ནི། གཞི་དངོས་པོ་གནས་ལུགས་ཀྱི་སྐུ་སྤར་དུ། རིག་པ་མ་འགགས་པའི་འདག་ས་བཅུག་ནས། རང་ཤར་རང་གྲོལ་གྱི་སཱཙྪ་བཏབ་པས། འདེབས་མཁན་མེད་ན་ཐེབས་པ་ཡིན་ནོ། །རྟགས་ཀྱི་སཱཙྪ་ནི། སྣོད་ཀྱི་འཇིག་རྟེན་སྐུ་སྤར་དུ། བཅུད་ཀྱི་སེམས་ཅན་གྱི་འདག་ས་བཅུག་ནས། འཁོར་འདས་དབྱེར་མེད་ཀྱི་སཱཙྪ་བཏབ། སེམས་ཅན་ཐམས་ཅད་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ནི་སཱཙྪ་ཐེབས་པ་ཡིན་ནོ། །མཚོན་པའི་སཱཙྪ་ནི། ལག་པ་གཡས་པ་སྐུ་ལྔ། གཡོན་པ་ཡེ་ཤེས་ལྔ། སྐུ་ལྔ་ཡེ་ཤེས་ལྔའི་བར་ནས། ལས་དང་བྱ་བ་བྱས་པ་ཐམས་ཅད་སྐུ་གསུམ་དུ་བསམ། ཅི་བྱེད་སངས་རྒྱས་ཀྱི་མཛད་སྤྱོད་ཡིན། སེམས་སྐྱེད་ཀྱིས་ཟིན་ན་ཐེབས་པ་ཡིན་ནོ། །དྲུག་པ་སྐུ་ཁྲུས་ལ། ཕྱིའི་ཁྲུས་ནི། ཐུགས་རྗེ་ཆེན་པོའི་སྐུ་སོགས་རྟེན་རབ་གནས་དང་ལྡན་པ་མེ་ལོང་གི་ངོས་སུ་དྲི་བཟང་གི་ཆུས་སྐུ་ཁྲུས་གསོལ། རྟེན་དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ཆུ་ལ་བྱུང་བས། རང་གིས་ཁྲུས་བྱས་པས་སྒྲིབ་པ་དག་


RTZ021_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། ནང་གི་སྐུ་ཁྲུས་ནི། ཡི་གེ་དྲུག་པ་བཟླ་ཞིང་འཐུངས་པས་དྲི་ཆུ་ཕོ་བས་ནད་དང་སྒྲིབ་པ་ཐམས་ཅད་ཕྱིར་ཐོན་པར་བསམ། གསང་བའི་སྐུ་ཁྲུས་ནི། རང་ཐུགས་རྗེ་ཆེན་པོ་ལ་ལྷ་རྣམས་ཀྱིས་ཁྲུས་གསོལ་བས་རང་གི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དོན་གྱི་སྐུ་ཁྲུས་ནི། ཆོས་ཉིད་རྣམ་པར་མི་རྟོག་པའི་ཆུས་ཡེ་ཤེས་གསལ་དག་བྱི་དོར་བྱས་པར་བསམ། རྟགས་ཀྱི་སྐུ་ཁྲུས་ནི། རིག་པ་རང་ཤར་རང་གྲོལ་གྱིས་རྣམ་རྟོག་བག་ཆགས་ཐམས་ཅད་བྱང་བར་བསམ། མཚོན་པའི་སྐུ་ཁྲུས་ནི། ཐུགས་རྗེ་ཆེན་པོའི་སྐུ་ལ་ཁྲུས་གསོལ་ནས་བཀྲག་མདངས་གཟི་བརྗིད་ལྡན་པར་བསམ་པའོ།། །།སྤྱི་དོན་གཉིས་པ་གསོན་གྱི་ཆོས་དྲུག་ལ། དབང་བསྐུར། ཚེ་སྒྲུབ། བྱིན་རླབས། དབྱུག་བཅོས། སྲུང་འཁོར། ནད་འདོན་དང་དྲུག་ལས། དང་པོ་དབང་བསྐུར་ལ། ཕྱིའི་དབང་ནི། ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ཀྱི་མདུན་དུ་སྟེགས་བུ་དཀར་པོའི་སྟེང་དུ། བུམ་པ་དཀར་པོའི་ནང་། ཆུ་གཙང་མ་ལ་སྨན་དང་འབྲུ་བཏབ། དར་དཀར་པོས་མགུལ་ཆིངས་བྱ། མེ་ལོང་གིས་ཁ་བཅད། མཆོད་པ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་


RTZ021_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། བཟླས་པ་བྱ། གསོལ་བ་བཏབ། སློབ་མས་མཎྜལ་དབུལ། གསོལ་བ་གདབ། སྡིག་པ་བཤགས། བུམ་ནང་གི་ལྷ་རྣམས་བདུད་རྩིར་ཞུ་བ་སློབ་མའི་སྤྱི་བོར་བླུགས་ཁར་སྦྱིན། བདུད་རྩིས་ལུས་ཐམས་ཅད་ཁྱབ་སྡིག་སྒྲིབ་དག །དབང་རྟགས་སུ་སློབ་མ་ཐུགས་རྗེ་ཆེན་པོར་གསལ་བའི་སྤྱི་བོར་འོད་དཔག་མེད་ཀྱིས་རྒྱས་བཏབ་ལ་བཞག་གོ །ནང་གི་དབང་ནི། སློབ་མ་ཐུགས་རྗེ་ཆེན་པོར་བསྐྱེད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གསུམ་བསམ། སྐུ་གསུང་ཐུགས་ཀྱི་རྒྱས་གདབ། ཡི་གེ་དྲུག་པའི་ལུང་དབོག །ལྷ་དབང་ལུས་ལ་བསྐུར་རོ། །གསང་བའི་དབང་ནི། མེ་ལོང་ནང་དུ་བྱང་སེམས་དཀར་དམར་ཅུང་ཟད་དང་ཅུ་གང་བསྲེས་ལ་ཆང་དང་སྦྱར་བ་སློབ་མའི་ལྕེ་ཐོག་ཏུ་བཞག །བདེ་གསལ་རྒྱུད་ལ་སྐྱེས་པ་དེ་ངོས་འཛིན་དུ་བཅུག་གོ །དོན་གྱི་དབང་ནི། སློབ་མའི་སེམས་ཆོས་དབྱིངས་རྣམ་པར་དག་པ་གདོད་ནས་ཡིན་པར་ངོ་སྤྲད་ཆོས་དབང་སེམས་ལ་བསྐུར་རོ། །རྟགས་ཀྱི་དབང་ནི། རྣམ་རྟོག་རང་ཤར་རང་གྲོལ་རིག་པའི་རྒྱལ་པོ་ལ་རང་དབང་ཐོབ་པར་བསྐུར་རོ། །མཚོན་པའི་དབང་ནི། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དུ་དབང་བསྐུར། བླ་མ་ལ་ཡོན་དབུལ་ལོ། །གཉིས་པ་ཚེ་སྒྲུབ་ལ། ཕྱིའི་ཚེ་སྒྲུབ་ནི། གནས་དབེན་པར་ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ཀྱི་མདུན་དུ་མཎྜལ་དཀར་པོའི་དབུས་སུ། ཚེ་བུམ་དཀར་པོ་རྒྱུན་འབབ་ཀྱི་ཆུ་


RTZ021_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྔ་ཚན་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་དང་རས་དཀར་དང་ཤིང་འབྲས་བུ་ཅན་གྱི་ཁ་རྒྱན། འབྲུ་དཀར་གྱི་ཕྱེ་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་ཚེའི་འབྲང་རྒྱས་དང་། མཆོད་པ་དང་། གཏོར་མ་བཤམ། སྐྱབས་སེམས་སྔོན་དུ་བཏང་། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བྷྲཱུྃ་ལས་རིན་པོ་ཆེའི་ཁང་བཟང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་ཉི་ཟླའི་གདན་ལ་སངས་རྒྱས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་འཆི་མེད་ཀྱི་བདུད་རྩིས་བཀང་ནས་བསྣམས་པ། ཞབས་རྡོར་སྐྱིལ་མཚན་དཔེས་བརྒྱན་པ་སྤྲུལ་སྐུའི་ཆ་ལུགས་ཅན་བསམ། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། བུམ་ནང་གི་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀར་ཕོག་པས་བསྐུལ། བདག་དང་བུམ་ལྷའི་ཐུགས་ཀ་ནས་འོད་འཕྲོས་པས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བཀུག་ཚེ་དཔག་མེད་ཀྱི་བུམ་པར་བསྟིམ། སླར་རང་གི་ཐུགས་ཀའི་འོད་ཀྱིས་ཚེ་བུམ་ནས་བདུད་རྩི་དྲང་རང་གི་ཁར་ཞུགས་ལུས་ཐམས་ཅད་གང་། བཀྲག་དང་གཟི་མདངས་རྒྱས། སྤྱི་བོར་ཚེ་དཔག་མེད་ཀྱི་རྒྱས་བཏབ། རང་གི་ཐུགས་ཀའི་འོད་ཀྱིས་སླར་ཡང་བརྟན་གཡོའི་མངའ་ཐང་དཔལ་འབྱོར་ཐམས་ཅད་བསྡུས་ཚེའི་འབྲང་རྒྱས་ལ་བསྟིམས་པར་ཡང་བསམ། ཡི་གེ་དྲུག་པ་


RTZ021_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ། ཐུན་མཚམས་སུ་མཆོད་བསྟོད་གཏོར་མ་འབུལ། ཚེ་འཕེལ་བའི་རྟགས་སྤྱི་ལྟར་མཐོང་ནས། བུམ་པའི་ལྷ་ལ་མཆོད་བསྟོད། ལྷ་བདུད་རྩིར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་བསམ། བུམ་ཆུ་འཐུང་ཞིང་ཁྲུས་བྱ། ཚེའི་འབྲང་རྒྱས་ལ་རོལ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ནང་གི་ཚེ་སྒྲུབ་ནི། རང་གི་སྤྱི་བོར་ཚེ་དཔག་མེད་གསལ་བཏབ། དེའི་ཕྱག་གི་བུམ་པ་ནས་ཚེའི་བདུད་རྩི་བབ་རང་གི་ཚངས་བུག་ཏུ་ཞུགས་ལུས་ཐམས་ཅད་གང་། ཚེ་བཀྲག་གཟི་མདངས་རྒྱས་པར་བསམ་མོ། །གསང་བའི་ཚེ་སྒྲུབ་ནི། རང་གི་སྙིང་དཀྱིལ་དུ་ཚེའི་སྙིང་པོ་ནྲྀ་ལྗང་གུ་ཞིག་གནས་པ་ཟླ་བའི་གྭའུ་ཁ་སྦྱོར་དུ་བཅུག །ཡི་གེ་དྲུག་པས་རྒྱས་བཏབ་ལ་བགེགས་དང་ལོག་འདྲེན་གྱིས་བདག་གི་ཚེ་ལ་བར་དུ་གཅོད་པ་ཅི་ཡང་མི་འབྱུང་བར་བསམ་མོ། །དོན་གྱི་ཚེ་སྒྲུབ་ནི། རང་རིག་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལ་སྐྱེ་ཤི་གང་ཡང་མེད་པས་ཚེའི་རང་བཞིན་དུ་ཡེ་ནས་གྲུབ་པར་ཐག་བཅད་ཅིང་བསམ་མོ། །རྟགས་ཀྱི་ཚེ་སྒྲུབ་ནི། ཡི་གེ་དྲུག་པ་བཟླས་པས་ཚེ་རིང་ནད་དཀོན་ལུས་རྡོ་རྗེ་ལྟ་བུར་འགྱུར་བའོ། །མཚོན་པའི་ཚེ་སྒྲུབ་ནི། ཚེ་བུམ་འབྲང་རྒྱས་དང་བཅས་པས་རང་གཞན་ལ་དབང་བསྐུར། ཚེའི་འབྲང་རྒྱས་ཟོས། ཚེ་ཆང་འཐུངས་པས་ཚེའི་དངོས་གྲུབ་ཐོབ་པར་བསམ་པའོ། །གསུམ་པ་བྱིན་རླབས་ལ། ཕྱིའི་བྱིན་རླབས་ནི། བླ་མ་ཡི་དམ་མཁའ་འགྲོ་


RTZ021_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་རང་གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ནས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ། ཡི་གེ་དྲུག་པ་བཟླའོ། །ནང་གི་བྱིན་བརླབ་ནི། རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ལ་བྱིན་གྱིས་བརླབས་པར་བསམ། སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམས་ལ་དངོས་གྲུབ་སྩོལ་བར་བསམ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་བསྒོམས་ལ་སྣང་བ་བསྒྱུར་བར་བསམ་མོ། །གསང་བའི་བྱིན་རླབས་ནི། རང་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་འོད་ཟེར་འགལ་མེ་ལྟར་འཁོར་བ་ལས་འོད་ཟེར་འཕྲོས་པས། འགྲོ་བ་རིགས་དྲུག་གི་སྙིང་ལ་ཕོག་ནས་སེམས་དབང་དུ་འདུས་ཤིང་བཀའ་ཉན་པར་བསམ། དོན་གྱི་བྱིན་བརླབ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་བྱིན་གྱིས་བརླབས་ནས་གནས་པའོ། །རྟགས་ཀྱི་བྱིན་རླབས་ནི། རིག་པ་རང་ཤར་རང་གྲོལ་བ་རྒྱུན་པར་ཉམས་དང་མི་འབྲལ་བར་གནས་པའོ། །མཚོན་པའི་བྱིན་རླབས་ནི། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ། ཡི་གེ་དྲུག་པ་བཟླས་ཤིང་། ནད་གདོན་གྱིས་ཉེན་པ་ལ་ལག་གིས་བྱིལ་བྱིལ་བྱ། ཐལ་ལྕག་བརྒྱབ་པས་ནད་གདོན་བར་ཆད་ཐམས་ཅད་སང་སང་སོང་བར་བསམ་མོ། །བཞི་པ་དབྱུག་བཅོས་ལ།


RTZ021_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་དབྱུག་བཅོས་ནི། སྨྱག་ཤད་དམ། སྦ་དཀར་གྱི་དབྱུག་པ་ལ་ཡི་གེ་དྲུག་པ་བརྗོད་པས་དབྱུག་པ་ཐུགས་རྗེ་ཆེན་པོར་བྱིན་བརླབས་ནས། རང་གཞན་གང་ལའང་བྱིལ་བྱིལ་བྱས་པས་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ་མོ། །ནང་གི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ཏེ་རང་གཞན་ལ་བརྒྱབས་པས་ལས་དང་བག་ཆགས་ཀྱི་སྡིག་སྒྲིབ་ཐམས་ཅད་དཀར་སང་སང་སོང་བར་བསམ་མོ། །གསང་བའི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ཏེ་རང་གཞན་ལ་བརྒྱབས་པས། ཆོས་ཉིད་གཉུག་མ་མ་བཅོས་པའི་ངང་ལ་ལྷན་ལྷན་གནས་པར་བསྒོམ་མོ། །དོན་གྱི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ལ་བརྡེག་པ་ནི། བརྡེག་བྱ་རྡེག་བྱེད་རྡེག་པོ་ཐམས་ཅད་རང་རང་གི་ངོ་བོར་མ་གྲུབ་པར་རྟོགས་པའོ། །རྟགས་ཀྱི་དབྱུག་བཅོས་ནི། དབྱུག་པ་དྲང་པོར་འདུག་པ་ཆོས་ཉིད་མ་བཅོས་གཉུག་མ། གཅིག་པུར་སྐྱེས་པ་ཐིག་ལེ་ཉག་གཅིག །སྲ་ཞིང་མཁྲེགས་པ་ཆོས་ཉིད་ལ་གང་གིས་མི་ཚུགས། སྣུམ་ཞིང་འདྲིལ་བ་ཆོས་ཉིད་ཀྱི་བདེ་བས་ཁྱབ་པ། འཇམ་ཞིང་མཛེར་པ་མེད་པ་ཆོས་ཉིད་ལ་ཉོན་མོངས་ཀྱི་ཟུག་རྔུ་མེད་པ། ཕྲ་ལ་བཤན་པ་ཆོས་ཉིད་ངོ་བོ་རྟོགས་པར་དཀའ་ཞིང་རྟོགས་ན་འཚང་རྒྱ་བའོ། །མཚོན་པའི་དབྱུག་བཅོས་ནི། དབྱུག་པ་དེ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་པ་གང་དུ་འདུག་པའི་མདུན་དང་གདན་གྱི་མདུན་དུ་བཞག །


RTZ021_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་འགྲོ་ཡང་ལུས་ལ་བཅང་ངོ་། །ལྔ་པ་སྲུང་བ་ལ། ཕྱིའི་སྲུང་བ་ནི། གྲོ་གའམ་ཤོག་བུ་དཀར་གཙང་ལ་འཁོར་ལོ་རྩིབས་དྲུག་པ་བྲིས་པའི་ལྟེ་བར་ཆེ་གེ་མོ་ལ་སྲུངས་ཤིག །རྩིབས་དྲུག་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་འབྲུ་རེ་བྲི། ཡིག་དྲུག་ཅི་འགྲུབ་བཟླས་པས་བྱིན་གྱིས་བརླབས་ཏེ། ལ་ཆས་དྲིལ་ལ་གང་བསྲུང་བའི་མགུལ་དུ་བཏགས་པས་ནད་གདོན་བར་ཆད་ཐམས་ཅད་བསྲུང་བར་འགྱུར་རོ། །ནང་གི་སྲུང་བ་ནི། རང་ལྷར་གསལ་བའི་སྙིང་གར་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཧྲཱིཿ རྩིབས་དྲུག་ལ་ཡི་གེ་དྲུག་བཀོད་ལ་བཟླའོ། །གསང་བའི་སྲུང་བ་ནི། ནང་ཆོས་ཉིད་ཀྱི་འཁོར་ལོ་ལ་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །བསྲུང་བྱ་སྲུང་བྱེད་དབྱེར་མེད་དུ་གྲོལ་ལོ། །རྟགས་ཀྱི་སྲུང་བ་ནི། རང་སེམས་ལ་གནོད་བྱེད་གང་ཡང་རང་ཤར་རང་གྲོལ་དུ་གྱུར་པའོ། །མཚོན་པའི་སྲུང་བ་ནི། གོང་དུ་བཤད་པའི་འཁོར་ལོ་དང་སྲད་བུ་དཀར་པོ་རྡོ་རྗེའི་མདུད་པ་དྲུག་བཏབ་པར་ཡི་གེ་དྲུག་མ་བཟླས་པས་རང་གཞན་ལ་བཏགས་སོ། །དྲུག་པ་ནད་འདོན་ལ། ཕྱིའི་ནད་འདོན་ལ། སྤྱི་བོ་ཚངས་པའི་བུ་ག་སྐྱ་ཧར་གྱིས་ཕྱེ་བར་ནད་ཀྱི་ངོ་བོ་རླངས་པ་སྔོ་དམར་དུ་བུན་བུན་སོང་བར་བསམ་པས་སྟོད་ཚ་བའི་ནད་འདོན། ཕོ་བ་སྒལ་པར་བཅར་ནས་ཁར་སྒྲེགས་པ་ལྷུད་ལྷུད་ཕྱུང་པས་ཕོ་མཆིན་གྱི་ནད་འདོན་པ་སྐྱུག་པ་ལྟ་བུའོ། །སྲིན་


RTZ021_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཁ་ཕྱེ་བར་ཐུར་སེལ་དང་བསྡོངས་ནས་ནད་ཐམས་ཅད་སེར་ཉོག་ཉོག་སོང་བར་བསམ་ཞིང་འོག་རླུང་བཏང་བས་སྨད་ཀྱི་ནད་ཐམས་ཅད་འདོན་པ་བཤལ་སྦྱོར་ལྟ་བུའོ། །རིག་པ་རང་སོར་གསལ་ལེ་འབོལ་ལེ་ཤིགས་སེ་གློད་ལ་བཞག་པས་རླུང་ནད་ཐམས་ཅད་འདོན་ཏེ་སྨན་མར་ལྟ་བུའོ། །གང་ན་བའི་སར་རིག་པ་རྩེ་གཅིག་ཏུ་གཅུར་ནས་བསྒྲིམས་ཏེ་གཏད་ཅིང་ལག་པས་མནན་པས་ཁོལ་བུར་ན་བ་ཐམས་ཅད་འདོན་ཏེ་གཏར་ཁ་ལྟ་བུའི་གདམས་པའོ། །ནང་གི་ནད་འདོན་ནི། དུག་ལྔ་སེམས་ཀྱི་ནད་ཡིན་པས་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང་རང་ཤར་རང་གྲོལ་དུས་མཉམ་དུ་ཆལ་ཆལ་དུ་བཏང་ངོ་། །གསང་བའི་ནད་འདོན་ནི། འཁོར་བའི་གཅོང་ནད་ཀྱི་རྩ་བ་མ་རིག་པ་ཡིན་པས། རིག་པ་གསལ་ལ་འཛིན་པ་མེད་པར་ཤར་ན་འཁོར་བ་ཀ་ནས་དག་སྟེ། སྡུག་བསྔལ་བདེ་བ་ཆེན་པོར་འཆར་རོ། །དོན་གྱི་ནད་འདོན་ནི། གཉིས་འཛིན་བདག་གཞན་གྱི་ནད་འདི། དོན་ཆོས་ཉིད་མཉམ་པ་རིས་མེད་མ་བཅོས་མཉམ་ཡངས་ཆེན་པོས་སེལ་ལོ། །རྟགས་ཀྱི་ནད་འདོན་ནི། ནད་དང་སྡུག་བསྔལ་འབྱུང་བའི་རྩ་བ་བདག་འཛིན་ཡིན་པས། བདག་ལ་བརྟགས་པས་བདག་མ་གྲུབ། བདག་མ་གྲུབ་པས་གཞན་མ་གྲུབ། བདག་གཞན་གང་ཡང་མ་གྲུབ་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ་བས་སེལ་ལོ། །མཚོན་པའི་ནད་འདོན་ནི། ན་བའི་ཚེ་ལས་དང་པོ་པས་སྨན་དཔྱད་ཟས་སྤྱོད་འདྲེ་བཅོས་


RTZ021_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གང་དགོས་ཀྱིས་སེལ་ལོ།། །།སྤྱི་དོན་གསུམ་པ་གཤིན་པོ་ལ་ཕན་བཏགས་པའི་ཆོས་དྲུག་ལ། རོ་ཁྲུས། བུམ་ཆོག །རོ་བསྲེག །མཚན་བྱང་སྦྱོང་བ། དུར་མཚེད་དུ་གཞུག་པ། རོ་ཟན་གཏང་བ་དང་དྲུག་ལས། དང་པོ་རོ་ཁྲུས་དང་གཉིས་པ་བུམ་ཆོག་ནི་བཀའ་འབུམ་ཉིད་དུ་ས་བཅད་སོ་སོར་གསུངས་ནས་ལག་ལེན་གྱི་སྐབས་བུམ་ཆོག་མ་གཏོགས་དེའི་གོང་དུ་རོ་ཁྲུས་མ་བྱུང་བས་རོ་ཁྲུས་ཆད་པ་ཡིན་ནམ། ཡང་ན་རོ་ཁྲུས་དང་བུམ་ཆོག་དོན་གཅིག་པར་དགོངས་པ་ཡིན་ནམ་སླར་བརྟག་དགོས་ལ། འོན་ཏེ་རོ་ཁྲུས་དང་བུམ་ཆོག་སོ་སོར་ས་བཅད་མཛད་ནས་ལག་ལེན་ལ་དོན་གཅིག་པར་བསྡོམས་པ་ཡིན་ནམ་སྙམ་མོ། །གཉིས་པ་བུམ་ཆོག་ལ། ཕྱིའི་བུམ་ཆོག་ནི། སྔགས་ཀྱིས་བཀྲུས་པའི་མཎྜལ་དཀར་པོའི་སྟེང་དུ་བུམ་པ་བཅའ། མཆོད་པ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པར་ཡང་ལྷ་བསྐྱེད་མཆོད་བསྟོད། ཡིག་དྲུག་བཟླ་ཞིང་སྔགས་ཀྱི་སྤྲོ་བསྡུ་བྱའོ། །ནང་གི་བུམ་ཆོག་ནི། ཚེ་འཕོས་པ་དེའི་རྣམ་ཤེས་མདུན་དུ་བཀུག །གཤེད་དང་ཕྲལ་ཁྲུས་བྱའོ། །གསང་བའི་བུམ་ཆོག་ནི། ཤི་བའི་རུས་པའམ་གོས་སམ་མིང་བྲིས་པར་ཁྲུས་བྱས་པས་སྡིག་སྒྲིབ་དག་པར་བསམ། དོན་གྱི་བུམ་ཆོག་ནི། སྔགས་ཀྱིས་བཀྲུས་པས་ལས་ཉོན་ཤེས་སྒྲིབ་སྦྱངས་ནས་ཡང་དག་པའི་དོན་མཐོང་བར་བསམ། རྟགས་ཀྱི་བུམ་ཆོག་ནི། རྣམ་


RTZ021_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་རིགས་དྲུག་ཏུ་སྐྱེ་བའི་སྒོ་བཅད་ནས་བྱང་ཆུབ་ཏུ་གནས་པར་འགྱུར་རོ། །མཚོན་པའི་བུམ་ཆོག་ནི། ལྷ་སྔགས་བསྒྲུབས་ལ་ཚེ་འདས་ཀྱི་གནས་སྦྱང་། རོ་བདག་གི་དགེ་བ་རྫོགས་པར་བྱའོ། །གསུམ་པ་རོ་བསྲེག་ལ། ཕྱིའི་རོ་བསྲེག་ནི། རོ་བཀྲུས་ནས་རས་དཀར་གྱིས་དྲིལ། མཚོག་མ། དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་ཡི་གེ་དྲུག་པ་འབྲུ་རེ་རེ་བཏགས་པས་སྐྱེ་སྒོ་གཅོད། ཤིང་དོང་དུ་བཅུག་མེ་སྤར། ནང་གི་རོ་བསྲེག་ནི། རོའི་སྙིང་གར་ཐུགས་རྗེ་ཆེན་པོ་བསྐྱེད། ཡིག་དྲུག་གིས་བསྲེག་རྫས་ཡམ་ཤིང་སོགས་ཐུགས་རྗེ་ཆེན་པོའི་སྐུའི་འོད་དང་། ཞལ་དང་ཕྱག་ཏུ་ཕུལ་བར་བསམ་མོ། །གསང་བའི་རོ་བསྲེག་ནི། མེ་ནང་དུ་ཐུགས་རྗེ་ཆེན་པོ་བསྐྱེད། རོ་བདུད་རྩིར་ཞུ་བ་ལྷ་ཚོགས་རྣམས་ལ་ཕུལ་བས་མཉེས་ཤིང་ཚིམས་ནས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཟད་པར་བསམ། དོན་གྱི་རོ་བསྲེག་ནི། ཚེ་འདས་དེའི་སྡིག་སྒྲིབ་སྦྱངས་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་ལ་གནས་པས་སྐྱེ་བ་མེད་པར་བསམ། རྟགས་ཀྱི་རོ་བསྲེག་ནི། རིག་པ་འགག་མེད་ཆོས་སྐུ་ལས་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་རྒྱུན་མི་འཆད་དུ་བྱེད་པར་བསམ། མཚོན་པའི་རོ་བསྲེག་ནི། རུས་བུ་ཐལ་བ་བསྡུས་ལ་སཱཙྪ་བཏབ་སྟེ་སྤྲུལ་སྐུའི་རྟེན་དུ་བཞག་གོ །བཞི་པ་མཚན་བྱང་སྦྱོང་བ་ལ། ཕྱིའི་མཚན་བྱང་ནི། ཤོག་བུར་ཚེ་འདས་ཀྱི་གཟུགས་


RTZ021_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྲིས། སྨྱུག་མ་ཚིགས་དྲུག་པ་རིགས་དྲུག་གི་རྟེན་དུ་བསམ་གཟུགས་ལ་བཏགས། གདུགས་དང་འཕན་གྱིས་བརྒྱན། བདུན་རྣམ་དག་བྱ། བུམ་པ་བཅའ་ཞིང་བསྒྲུབ། མཚན་བྱང་ལ་ཚེ་འདས་ཀྱི་རྣམ་ཤེས་བཀུག །གཤེད་དང་ཕྲལ་བདག་ཐུགས་རྗེ་ཆེན་པོ་བསྒོམས་ལ་ཡིག་དྲུག་བཟླ། རིགས་དྲུག་གི་གནས་སུ་སྐྱེ་བའི་ལམ་སྦྱང་། བུམ་པས་ཁྲུས་བྱའོ། །ནང་གི་མཚན་བྱང་ནི། མཚན་བྱང་ལ་རྣམ་ཤེས་བཀུག །ཤི་བའི་ལུས་དངོས་སུ་བསམ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བཅུག །བྱིན་བརླབ་དབང་བསྐུར་རོ། །གསང་བའི་མཚན་བྱང་ནི། འགྲོ་དྲུག་གི་སྐྱེ་སྒོ་བཅད་ལ་རྣམ་ཤེས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལུང་བསྟན་ནོ། །དོན་གྱི་མཚན་བྱང་ནི། སེམས་ཆོས་ཉིད་ཀྱི་དབྱིངས་སུ་འཚང་རྒྱ་བར་བྱིན་གྱིས་བརླབ་བོ། །རྟགས་ཀྱི་མཚན་བྱང་ནི། ཐུགས་རྗེ་ཆེན་པོ་རང་ཤར་གྱི་ངང་ལས་གཟུགས་སྐུས་འགྲོ་དོན་བྱེད་པར་བསམ་མོ། །མཚོན་པའི་མཚན་བྱང་ནི། མཚན་བྱང་བསྲེགས་ལ་ཚེ་འདས་ཀྱི་ལུས་སེམས་སྟོང་པར་རྒྱས་གདབ་ཐལ་བ་སཱཙྪ་བཏབ་ལ་བཞག་གོ །ལྔ་པ་དུར་མཚེད་དུ་གཞུག་པ་ལ། ཕྱིའི་དུར་ཆས་ནི། རོ་ལ་ཁྲུས་བྱ་ཡི་གེ་དྲུག་པ་དྲི་བཟང་གིས་བྲིས་ལ་བཏགས། གཤེད་དང་ཕྲལ། ལན་ཆགས་ཀྱི་གཏོར་མ་བཏང་ལ་མཆོད། རས་ཀྱིས་དྲིལ་ལོ། །


RTZ021_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དུར་མཚེད་ནི། རོ་ལ་རྣམ་ཤེས་བཀུག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བཅུག་དབང་བསྐུར། ཕུང་པོ་ལྷའི་དཀྱིལ་འཁོར་དུ་བྱས་ལ། བང་བའམ་དུར་དུ་གཞུག་གོ །གསང་བའི་དུར་མཚེད་ནི། རོ་ལ་སྒྲུབ་པ་བྱས་ལ་ཕུང་ཁམས་ཤ་ཁྲག་རྩ་བ་གསུམ་ལ་མཆོད་པ་བྱའོ། །དོན་གྱི་དུར་མཚེད་ནི། རོ་ཐིག་ལེ་ཉག་གཅིག་ཆོས་སྐུར་བྱིན་གྱིས་བརླབས་ལ་བཞག་གོ །རྟགས་ཀྱི་དུར་མཚེད་ནི། རོ་འབྱུང་བ་བཞི་གང་རུང་གི་དུར་དུ་སྦའོ། །མཚོན་པའི་དུར་མཚེད་ནི། རོ་དང་ནོར་དུ་བཅས་ཏེ་དུར་ཁྲོད་དམ་རི་ལ་བསྐྱལ་ལོ། །དྲུག་པ་རོ་ཟན་གཏང་བ་ལ། ཕྱིའི་རོ་ཟན་གཏང་བ་ནི། ཉེ་དྲུང་རྣམས་ཀྱི་ཟན་ལ་ཡི་གེ་དྲུག་པས་གང་ལ་གང་འོས་སུ་རྒྱ་ཆེ་ཞིང་བྱིན་གྱིས་བརླབས་ལ་བཏང་ངོ་། །ནང་གི་རོ་ཟན་ནི། ཟན་ལ་གཏོར་མ་བྱས་ལ་ཚེ་འདས་རྡོ་རྗེའི་གྲལ་དུ་བཞག་ལ་ཟས་སྐལ་དུ་བསྔོའོ། །གསང་བའི་རོ་ཟན་ནི། ཟས་ཚོགས་འཁོར་དུ་བྱིན་གྱིས་བརླབས། ཚེ་འདས་ལྷར་བསྐྱེད་ལ་བཏང་ངོ་། །དོན་གྱི་རོ་ཟན་ནི། ཚེ་འདས་ཀྱི་དོན་དུ་དགེ་བ་ཅི་བྱས་པ་ཐམས་ཅད། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་དམིགས་མེད་ཀྱི་རྒྱས་གདབ་བོ། །རྟགས་ཀྱི་རོ་ཟན་ནི། ཚེ་འདས་ཀྱི་དོན་དུ་ཀློག་འདོན་སོགས་དགེ་བ་ཅི་འགྲུབ་ལ་འབད་དོ། །མཚོན་པའི་རོ་ཟན་ནི། རོ་བཏོན་ནས་སྟོན་མོ་བྱའོ།། །།སྤྱི་དོན་བཞི་པ་ཕྲིན་ལས་དྲུག་ལ། ཞི་བ། རྒྱས་པ། དབང་། མངོན་


RTZ021_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། སྦྱིན་སྲེག །བརྟུལ་ཞུགས་དང་དྲུག་ལས། དང་པོ་ཞི་བའི་ལས་ལ། ཕྱིའི་ཞི་བའི་ལས་ནི། མཎྜལ་དཀར་པོ་བྱ། མེ་ཏོག་དཀར་པོ་བཀྲམ། གཏོར་མ་དཀར་པོ་བཤམ། ལྷ་ཐམས་ཅད་དཀར་པོ་བསྒོམ། འོད་ཟེར་དཀར་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་ལ་སོགས་པ་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། །ནང་གི་ཞི་བའི་ལས་ནི། རྣམ་རྟོག་ཐམས་ཅད་རང་བྱུང་རང་ཤར་རང་གྲོལ་དུ་བཏང་བས་རྣམ་རྟོག་ཐམས་ཅད་ཞི་བར་འགྱུར་རོ། །གསང་བའི་ཞི་བའི་ལས་ནི། དུག་ལྔ་རྣམ་རྟོག་གང་སྐྱེས་ཐམས་ཅད་རང་ཞི་རང་དག་ཏུ་བཏང་བས་གསང་བ་དུག་ལྔ་ཞི་བར་འགྱུར་རོ། །དོན་གྱི་ཞི་བའི་ལས་ནི། ཆོས་ཐམས་ཅད་མ་བཅོས་མཉམ་པ་རིས་མེད་མཐའ་བྲལ་དུ་བཞག་པས་བདག་གཞན་ཕྱོགས་ཆར་འཛིན་པ་ཞི་བར་འགྱུར་རོ། །རྟགས་ཀྱི་ཞི་བའི་ལས་ནི། །རིག་པ་རང་གསལ་འཛིན་མེད་ཀྱི་ངང་ལ་བཞག་པས་ཡུལ་སྣང་གི་འཛིན་པ་ཞི་བར་འགྱུར་རོ། །མཚོན་པའི་ཞི་བའི་ལས་ནི། སེམས་མ་བཅོས་བདེ་བ་ཆེན་པོར་རང་བབས་སུ་ཀློད་ལ་བཞག་པས་སྡུག་བསྔལ་གྱི་ཟུག་རྔུ་ཞི་བར་འགྱུར་རོ། །གཉིས་པ་རྒྱས་པའི་ལས་ལ། ཕྱིའི་རྒྱས་པའི་ལས་ནི། མཎྜལ་སེར་པོ་བྱ། མེ་ཏོག་སེར་པོ་བཀྲམ། གཏོར་མ་སེར་པོ་བཤམ། ལྷ་སེར་པོ་བསྒོམ། འོད་ཟེར་སེར་པོ་སྤྲོ།


RTZ021_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དྲུག་པ་བཟླས་པས་ཚེ་བསོད་ནམས་དཔལ་དང་གཟི་བརྗིད་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་འགྱུར་རོ། །ནང་གི་རྒྱས་པའི་ལས་ནི། རང་གི་རིག་པ་གུ་ཡངས་མཐའ་རྒྱ་ཆེ་བར་བཞག་པས་ཡེ་ཤེས་རྒྱས་པར་འགྱུར་རོ། །གསང་བའི་རྒྱས་པའི་ལས་ནི། རིག་པ་བྱང་ཆུབ་ཀྱི་སེམས་ངོས་བཟུང་བས་རང་གསལ་སེམས་ཀྱི་ཉམས་རྒྱས་པར་འགྱུར་རོ། །དོན་གྱི་རྒྱས་པའི་ལས་ནི། ཆོས་ཐམས་ཅད་མཉམ་ཡངས་རིས་མེད་དུ་བཞག་པས་ཉམས་ཆོས་དབྱིངས་སུ་རྒྱས་པར་འགྱུར་རོ། །རྟགས་ཀྱི་རྒྱས་པའི་ལས་ནི། རིག་པ་རང་ཤར་རང་གྲོལ་དུ་བཞག་པས་མཉམ་གཞག་རྗེས་ཐོབ་གཉིས་སུ་མེད་པར་ཉམས་ལེན་རྒྱས་པར་འགྱུར་རོ། །མཚོན་པའི་རྒྱས་པའི་ལས་ནི། གང་ལའང་ཞེན་ཆགས་དང་འཛིན་པ་མ་བྱས་པས་རྟག་ཏུ་བདེ་བ་རྒྱས་པར་འགྱུར་རོ། །གསུམ་པ་དབང་གི་ལས་ནི། ཕྱིའི་དབང་གི་ལས་ནི། མཎྜལ་དམར་པོ་བྱ། མེ་ཏོག་དམར་པོ་བཀྲམ། གཏོར་མ་དམར་པོ་བཤམ། ལྷ་དམར་པོ་བསྒོམ། འོད་ཟེར་དམར་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་བདུད་དང་ལྷ་མི་ཐམས་ཅད་ལོག་པར་ལྟ་བ་མི་མོས་པ་ཡིན་ཡང་དབང་དུ་འདུས་པར་འགྱུར་རོ། །ནང་གི་དབང་གི་ལས་ནི། རིག་པ་ཐ་མལ་གྱི་རྗེས་ཕྱིར་མ་སོང་བར་འགག་ཏུ་བཅུག་པས་རྣམ་པར་རྟོག་པ་དབང་དུ་འདུས་པར་འགྱུར་རོ། །གསང་བའི་དབང་ནི། དུག་ལྔ་ཐ་མལ་གྱི་དབང་དུ་མ་སོང་བར་བྱས་ནས་འགག་ཏུ་


RTZ021_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པས་ཉོན་མོངས་པ་དབང་དུ་འདུ་བར་འགྱུར་རོ། །དོན་གྱི་དབང་གི་ལས་ནི། རིག་པ་ལ་གང་ཤར་ཡང་རང་ཤར་རང་གྲོལ་དུ་ངང་གིས་ཆོས་ཐམས་ཅད་མ་བཅོས་པར་རང་གསལ་དུ་བཞག་ནས་འགག་ཏུ་བཅུག་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །རྟགས་ཀྱི་དབང་གི་ལས་ནི། རིག་པ་ལ་གང་ཤར་ཡང་རང་ཤར་རང་གྲོལ་དུ་བཏང་ཞིང་འགག་ཏུ་བཅུག་པས་རང་གི་རིག་པ་དབང་དུ་འདུས་པར་འགྱུར་རོ། །མཚོན་པའི་དབང་གི་ལས་ནི། རང་གི་རིག་པ་མ་བཅོས་རྣལ་མའི་བཙན་ས་ཟིན་པས་ཆོས་དང་མཐུན་པར་བྱས་ན་འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །བཞི་པ་དྲག་པོའི་ལས་ལ། ཕྱིའི་དྲག་པོའི་ལས་ལ། མཎྜལ་ནག་པོ་བྱ། མེ་ཏོག་ནག་པོ་བཀྲམ། གཏོར་མ་ནག་པོ་བཤམ། ལྷ་ནག་པོ་བསྒོམ། འོད་ཟེར་ནག་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ནང་གི་དྲག་པོའི་ལས་ནི། རིག་པ་ཐ་མལ་གྱི་རྗེས་སུ་མི་བཏང་བར་དངོས་མེད་དུ་ཚར་བཅད་པས་རྣམ་པར་རྟོག་པ་དངོས་མེད་དུ་འགྱུར་རོ། །གསང་བའི་དྲག་པོའི་ལས་ནི། དུག་ལྔ་འབུར་འཇོམས་སུ་ཚར་བཅད་ན་ཉོན་མོངས་པ་རྗེས་མེད་དུ་འགྱུར་རོ། །དོན་གྱི་དྲག་པོའི་ལས་ནི། ཆོས་ཐམས་ཅད་མ་སྤངས་ཀུན་གྲོལ་དུ་ཚར་བཅད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས་མེད་དུ་འགྱུར་རོ། །


RTZ021_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་དྲག་པོའི་ལས་ནི། རིག་པ་ལ་གང་ཤར་གང་སྣང་ཐམས་ཅད་རང་ཤར་རང་གྲོལ་དུ་ཚར་བཅད་པས་གང་སྣང་ཐམས་ཅད་དངོས་མེད་དུ་འགྱུར་རོ། །མཚོན་པའི་དྲག་པོའི་ལས་ནི། དགྲ་དང་བགེགས་སོགས་སྡང་བར་བྱེད་པ་ཐམས་ཅད་ཡིད་ལ་མ་བཞག་པར་རང་སར་རང་གྲོལ་དུ་བཅུག་པས་དངོས་མེད་རྗེས་མེད་དུ་འགྱུར་རོ། །ལྔ་པ་སྦྱིན་སྲེག་གི་ལས་ལ། ཕྱིའི་སྦྱིན་སྲེག་ནི། མཎྜལ་དཀར་པོའི་སྟེང་དུ། ཙནྡན་དཀར་པོའམ། ཤུག་པའི་མེ་ཐབ་ཟླུམ་པོར་བརྩིག །མཆོད་གཏོར་བཤམ། མེ་སྤར། མེའི་དབུས་སུ་ཐུགས་རྗེ་ཆེན་པོ་བསྐྱེད། མཆོད་བསྟོད། རང་གི་སྡིག་སྒྲིབ་ཐམས་ཅད་བསྡུས་ཏེ་སྣ་སྒོ་ནས་ཐོན་ཏེ་ཏིལ་དཀར་ནག་ལ་ཐིམ་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླ་ཞིང་ཏིལ་དཀར་ནག་མེར་དོར། གཞན་གྱིས་བསྲེག་རྫས་འབྱོར་ནའང་ཏིལ་གྱི་དམིགས་པ་ལྟར་ཁ་བསྒྱུར་ལ་དབུལ། རང་གི་སྡིག་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་མེས་རྩད་ནས་བསྲེགས་ཏེ་དངོས་མེད་དུ་བདེ་སངས་སོང་བར་བསམ། ལན་ཅི་མང་དུ་བསྲེག་མཆོད་བསྟོད་མེ་དང་ལྷ་མི་དམིགས་པའི་སྟོང་པར་རྒྱས་གདབ་བོ། །ནང་གི་སྦྱིན་སྲེག་ནི། རང་ལྷར་གསལ་བའི་ཐུགས་ཀར་ཐུགས་རྗེ་ཆེན་པོ་མཚོན་གང་བ་གཅིག་བསྐྱེད་ནས་ཟས་སྐོམ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསྡུས་ལ་བསྟིམ། ལག་པ་ཧོམ་གཟར་གྱི་ཚུལ་གྱིས་རང་གི་ཁ་མེ་ཐབ་ཏུ་ཕུལ་བས་ཐུགས་ཀའི་ཡེ་ཤེས་སེམས་


RTZ021_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མཉེས་ནས་སྡིག་སྒྲིབ་ཐམས་ཅད་དག་སྟེ་བདེ་སིང་སིང་སོང་བར་བསམ་མོ། །གསང་བའི་སྦྱིན་སྲེག་ནི། རང་བྱུང་སྙིང་གི་ཧོམ་ཁུང་དུ། ཡེ་ཤེས་གསལ་བའི་མེ་སྦར་བར། རིག་པ་རང་སྣང་མེ་ལྷ་བཞུགས། གཉིས་འཛིན་འཁྲུལ་པའི་རྫས་བསྲེགས་པས། རྣམ་པར་རྟོག་པ་དངོས་མེད་དུ་འཚིག་གོ །དོན་གྱི་སྦྱིན་སྲེག་ནི། ཆོས་ཉིད་རང་བྱུང་གི་ཧོམ་ཁུང་དུ། གཉིས་སུ་མེད་པའི་མེ་སྦར། མཉམ་པ་རིས་མེད་ཀྱི་མེ་ལྷ་བཞུགས། གང་ཟག་བློའི་འདོད་པ་དངོས་མེད་དུ་འཚིག་གོ །རྟགས་ཀྱི་སྦྱིན་སྲེག་ནི། མཐའ་བྲལ་སྟོང་པའི་ཧོམ་ཁུང་དུ། ཡེ་ཤེས་གསལ་བའི་མེ་སྦར། མེ་ལྷ་ཐུགས་རྗེ་ཆེན་པོར་བསྐྱེད། རང་ཤར་རང་གྲོལ་གྱི་མེ་ལྷ་བཞུགས། ཡིན་མིན་གྱི་རྣམ་རྟོག་ཐམས་ཅད་འཚིག་གོ །མཚོན་པའི་སྦྱིན་སྲེག་ནི། རང་གར་འདུག་པའི་གཡོས་ཁང་དུ། སྒྱེད་བུ་གསུམ་གྱི་ཧོམ་ཁུང་དུ། འབྱུང་བ་སྲེག་བྱེད་ཀྱི་མེ་སྦར། མེ་ལྷ་ཐུགས་རྗེ་ཆེན་པོར་བཞུགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བུད་ཤིང་ལ་བསྡུས་ལ་བསྲེག །ཉེས་སྒྲིབ་དངོས་མེད་ཐལ་བར་སོང་བར་བསམ་མོ། །དྲུག་པ་བརྟུལ་ཞུགས་ལ། ཕྱིའི་བརྟུལ་ཞུགས་ནི་ཡི་གེ་དྲུག་པ་རང་བྱུང་གི་བརྟུལ་ཞུགས་ཞེས་བྱ་སྟེ། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡི་གེ་དྲུག་པ་བཟླ་ཞིང་དེའི་འོད་ཟེར་མེ་ལྟ་བུས་ནད་གདོན་གནོད་པ་བྱ་སྒྲོ་ལྟ་བུ་


RTZ021_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲག་ཧྲག་ཐུལ་ཐུལ་དངོས་མེད་དུ་བསྲེགས་པར་བསམ་ལ་གང་ན་བའི་སར་ཐལ་ལྕག་བརྡེག་གོ །ནང་གི་བརྟུལ་ཞུགས་ནི། མཁའ་འགྲོ་གསང་བ་ཡེ་ཤེས་ཌཱ་ཀིའི་བརྟུལ་ཞུགས་ཀྱིས་འཆར་བྱེད་ཀྱི་རིག་པ་གོ་མི་དགག་པར་ཅི་ཤར་ཐོལ་བྱུང་ལ་བཏང་ངོ་། །ནད་པའི་མཐའ་བསྐོར་དུ་མཁའ་འགྲོ་མའི་བྲོ་ཚོགས་བརྡུང་ངོ་། །གསང་བའི་བརྟུལ་ཞུགས་ནི། རིག་པ་ཐོགས་མེད་ཀྱིས་འབྱུང་བ་དཀྲུགས་པ་ཞེས་བྱ་སྟེ། རང་རིག་གང་ཤར་གྱི་རྟོག་པ་ཐོལ་སྐྱེས་དེ་ཉིད་མ་ཤོར་བར་ནམ་མཁའ་ནས་ཐོག་ལྷུང་བ་ལྟར་ནད་གདོན་གང་ཡིན་དེ་ཉིད་ལ་གཅེར་གྱིས་གཏད་ལ། དམིགས་པ་རིག་རྩལ་དེ་ཉིད་ངར་དང་བཅས་པས་དྲིལ་མཐར་ཉོན་མོངས་པ་དྲུག་ལ་བཙན་ཆོད་བྱའོ། །དོན་གྱི་བརྟུལ་ཞུགས་ནི། དེ་ཁོ་ན་ཉིད་ཀྱི་བརྟུལ་ཞུགས་མི་འགྱུར་བས་གཞིའི་བརྟུལ་ཞུགས་ཞེས་བྱ་སྟེ། འབྱུང་བའི་རྩལ་ནང་ནས་ཤར། རིག་པའི་ངར་ཕྱིར་ཐོན་ཏེ། ཆོས་ཉིད་མ་དང་བུ་འཕྲོད། རིག་པ་རང་ཤར་རང་གྲོལ་དུ་གྲོལ་བས་འཁོར་བ་སྤང་དུ་མེད། མྱ་ངན་ལས་འདས་པ་བསྒྲུབ་ཏུ་མེད། སྤང་བླང་མེད་པ་རང་སར་གྲོལ་བས་གཞི་ལ་འགྱུར་བ་མེད་དོ། །རྟགས་ཀྱི་བརྟུལ་ཞུགས་ནི། ཐུགས་རྗེ་ཁྱབ་གདལ་གྱི་བརྟུལ་ཞུགས་རིག་པ་ལ་ཕྱོགས་རིས་མེད། ལྷ་དང་འདྲེ་རུ་མཉམ། སྐྱིད་དང་སྡུག་ཏུ་མཉམ། གསེར་དང་བོང་བ་མཉམ། མཉམ་པ་རིས་མེད་དུ་བཞག་གོ །མཚོན་པའི་


RTZ021_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ནི། རྟེན་འབྲེལ་གྱི་གནད་ཀྱིས་འགྲོ་དོན་བྱ་བ་སྟེ། རིག་པ་གསལ་ལ་དྭངས་པ་དཔའ་གདིངས་དང་བཅས་པས། ནད་གདོན་ཉོན་མོངས་རྣམ་རྟོག་ཐམས་ཅད་ཟིལ་གྱིས་མནན། ཐོལ་བྱུང་གི་རིག་པ་མི་དགག །རྟེན་འབྲེལ་རིག་པ་གང་ཤར་བྱ། ནད་པ་དང་སེམས་ཅན་ལ་ཕན་སེམས་བསྐྱེད། གདོན་ལ་བྱམས་དང་སྙིང་རྗེ་བསྒོམ་མོ།། །།སྤྱི་དོན་ལྔ་པ་གསང་སྔགས་ཀྱི་གནད་དྲུག་ལ། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོ་དང་དྲུག་པོ་རེ་རེ་ལའང་ཕྱི་ནང་གསང་བ་དོན་རྟགས། མཚོན་པ་སྟེ་དྲུག་དྲུག་ཏུ་དབྱེ་བ་ནི་ཁྲིད་གཞུང་པད་དཀར་ཕྲེང་བའི་མཚན་བཅས་ཀྱི་རྫོགས་རིམ་དུ་བསྟན་པ་ལྟར་དང་།། །།སྤྱི་དོན་དྲུག་པ་ཐུན་མཚམས་ཀྱི་ཆོས་དྲུག་ལ། བདུན་རྣམ་དག །མཎྜལ། ཁྲུས་ཆབ། བསྐོར་བ། གཏོར་མ། ཆུ་གཏོར་དང་དྲུག་པོ་རེ་རེ་ལའང་། ཕྱི་ནང་གསང་བ་དོན་རྟགས་མཚོན་པ་སྟེ་དྲུག་དྲུག་གི་དབྱེ་བ་ནི་ཁྲིད་ཡིག་དེ་ཉིད་ཀྱི་རྗེས་ཐུན་མཚམས་རྒྱུན་གྱི་སྤྱོད་པའི་སྐབས་སུ་བཤད་པ་ལྟར་ཉམས་སུ་བླང་བ་ཡིན་ནོ། །དེ་དག་གིས་ཐུགས་རྗེ་ཆེན་པོའི་དྲུག་སྐོར་ལས་ཚོགས་ཀྱི་རིམ་པ་ཉིས་བརྒྱ་དང་བཅུ་དྲུག་ཡོངས་སུ་ཚང་བ་ཡིན་ནོ།། ༈ །།ཡང་རྒྱུན་སྤྱོད་ལས་ཚོགས་བསྡུས་པར་སྤྲོ་ན། མཎྜལ། བསྐོར་བ། སཱཙྪ། ཟས། སྐོམ། གཏོར་མ། ལང་བ། འགྲོ་བ། ཉལ་བ།


RTZ021_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ། གཉིད། རྨི་ལམ་གྱི་རྣལ་འབྱོར་དང་བཅུ་གཉིས་སོ། །དང་པོ་མཎྜལ་གྱི་རྣལ་འབྱོར་ལ། ཕྱིའི་མཎྜལ་སའམ་ཤིང་། ནང་གི་མཎྜལ་མེ་ལོང་ངམ་རིན་པོ་ཆེ། གསང་བའི་མཎྜལ་སེམས་ཉིད་ལ་རིན་པོ་ཆེའི་རྒྱན་བཀོད་ནས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བྱས་ནས་བྱིན་གྱིས་བརླབས་ལ། བླ་མ་དང་ཐུགས་རྗེ་ཆེན་པོ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་འབུལ་ལོ། །གཉིས་པ་བསྐོར་བའི་རྣལ་འབྱོར་ལ། ཐུགས་རྗེ་ཆེན་པོའི་སྐུ་གཅིག་ལ། ཕྱི་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ནང་ལྟར་ན་བརྒྱུད་པའི་བླ་མ་ཐམས་ཅད། གསང་བ་ལྟར་ན་ཡི་དམ་མཁའ་འགྲོ་ཐམས་ཅད་བསྟིམས་ལ་ཡི་གེ་དྲུག་པ་བཟླ་ཞིང་བསྐོར་བས། རྟེན་དེ་ལས་འོད་བྱུང་བས་རང་གི་ལུས་ལ་ཕོག་པས་སྒྲིབ་པ་བྱང་བར་བསམ་ལ་བསྐོར་བ་བྱའོ། །གསུམ་པ་སཱཙྪའི་རྣལ་འབྱོར་ལ། ཕྱིའི་སཱཙྪ་འདག་ས། ནང་གི་སཱཙྪ་ཟན། གསང་བའི་སཱཙྪ་རང་ལུས་སྐུ་སྤར་དུ་བཅུག་ཡི་གེ་དྲུག་པ་བཟླ་ཞིང་བཏབ་པས་ཕྱི་མཆོད་རྟེན་ལ་ནང་ཐུགས་རྗེ་ཆེན་པོ་ཀྲོང་ཀྲོང་བྱུང་བར་བསམ་མོ། །བཞི་པ་ཟས་ཀྱི་རྣལ་འབྱོར་ལ། རང་ཐུགས་རྗེ་ཆེན་པོར་བསྒོམས་ནས། ཕྱི་བླ་མ་འཁོར་བཅས་མགྲིན་པ་ལོངས་སྤྱོད་འཁོར་ལོར་བསམ། ནང་ཡེ་ཤེས་སེམས་དཔའ་ཐུགས་རྗེ་ཆེན་པོ་སྙིང་ག་ཆོས་ཀྱི་འཁོར་ལོར་བསམ། གསང་བ་མཁའ་འགྲོ་མ་རྣམས་ལྟེ་བ་སྤྲུལ་པའི་འཁོར་


RTZ021_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལོར་བསམ། ཁ་ཟས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསམ་བྱིན་བརླབས་ལ། ལག་པ་གཡོན་འདོད་ཡོན་གྱི་ལྷ་མོས་མཆོད་པར་བསམས་ནས། མགྲིན་པར་བླ་མ་བདུད་རྩིས་མཆོད། སྙིང་གར་ཡི་དམ་བདུད་རྩིས་མཆོད། ལྟེ་བར་མཁའ་འགྲོ་བདུད་རྩིས་མཆོད། དེ་རྗེས་བཤང་གཅི་ཕྱིར་འདོན་པ་ན་ཡི་གེ་དྲུག་པ་བརྗོད་ཅིང་སེ་གོལ་གྱི་སྒྲས་ཡི་དྭགས་རྣམས་ལ་ཟས་སུ་སྦྱིན་ནོ། །ལྔ་པ་སྐོམ་གྱི་རྣལ་འབྱོར་ལ། རང་ཐུགས་རྗེ་ཆེན་པོར་བསྒོམ། སྐོམ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་བརླབ། ཡི་གེ་དྲུག་པ་བཟླ་ཞིང་། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོ་གསལ་བ་ལ། ལག་གཡོན་འདོད་ཡོན་གྱི་ལྷ་མོས་ཕུལ་བས། བླ་མ་ཡི་དམ་མཁའ་འགྲོ་གསུམ་རིམ་བཞིན་བདུད་རྩིས་མཆོད་པར་བསམ། དྲི་ཆུ་འདོར་བའི་ཚེ་ཡི་གེ་དྲུག་པ་བཟླ་ཞིང་སེ་གོལ་དང་བཅས་པས་ཡི་དྭགས་ཐམས་ཅད་ལ་སྐོམ་དུ་བསྔོའོ། །དྲུག་པ་གཏོར་མའི་རྣལ་འབྱོར་ལ། ཟན་གཏོར་དང་ཆུ་གཏོར་གང་འབྱོར་སྣོད་གཙང་མར་བཤམ། ཡི་གེ་དྲུག་པས་བདུད་རྩིར་བྱིན་བརླབ། ཡིག་དྲུག་བརྗོད་ཅིང་འགྲོ་བ་རིགས་དྲུག་ཐམས་ཅད་བཀུག །ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ་འབུལ། ཆུ་གཏོར་ཡིན་ན་རིགས་དྲུག་གི་གནས་སུ་བདུད་རྩིའི་རྒྱུན་བབས་པར་བསམ་མོ། །ཡང་ན་ཆུ་སྦྱིན་བྱེད་ན། ཐུགས་རྗེ་ཆེན་པོའི་ཕྱག་གཡས་ནས་བདུད་རྩི་བབ་པས་ཡི་དྭགས་ཐམས་ཅད་ཚིམས་པར་


RTZ021_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལ་སྦྱིན་ནོ། །བདུན་པ་ལང་བའི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་ཁད་ཀྱིས་ལང་བའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་རིམ་གྱིས་བྱེད་པས་སེམས་ཅན་བློས་མི་གཏོང་། གཉིས་པ་གཅིག་ཅར་ལང་བ་ན་སེམས་ཅན་གྱི་དོན་ལ་མྱུར་དུ་འཇུག་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཟིན་པར་བྱ། གསུམ་པ་སེམས་ཅན་ལ་བརྩེ་བར་གནས་པ་ནི། བུ་གཅིག་པའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་ཞེ་ཕུགས་སུ་བཅུག་ནས། ལུས་ངག་ཡིད་གསུམ་གྱིས་ཕན་གདགས་པའོ། །བརྒྱད་པ་འགྲོ་བའི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་གར་འགྲོ་བླ་མ་སྤྱི་བོར་བསྒོམ། གཉིས་པ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་བསྐོར་བ་གཡས་ཕྱོགས་སུ་བྱེད་པར་བསམ། གསུམ་པ་མཁའ་འགྲོ་མ་རྣམས་སྐྱེལ་མ་བྱེད་ཅིང་མཁའ་འགྲོ་ཚོགས་པའི་དབུས་སུ་ཞུགས་ནས་འགྲོ་བར་བསམ་མོ། །དགུ་པ་ཉལ་བའི་རྣལ་འབྱོར་ལ་གསུམ། དང་པོ་གར་ཉལ་ཡང་རྣམ་རྟོག་མགོ་ནོན་པར་བསམ། གཉིས་པ་ཐ་མལ་གྱི་ཤེས་པ་གློད་ལ་ཉལ། གསུམ་པ་སེམས་མཉམ་པ་ལ་བསྡུས་ཏེ་ཉལ་ལོ། །བཅུ་པ་འདུག་པའི་རྣལ་འབྱོར་ལ་གསུམ། དང་པོ་ལུས་མཉམ་པར་འདུག་སྟེ་ཐུགས་རྗེ་ཆེན་པོ་གདོད་ནས་རང་ལ་གྲུབ་པར་ཤེས་པས་ལྷོད་དེ་ཤིག་གེ་འདུག །གཉིས་པ་ངག་མཉམ་པར་འདུག་སྟེ་ཡི་གེ་དྲུག་པ་ཤུགས་


RTZ021_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རྩོལ་བྲལ་དུ་ན་ར་ར་བཟླ། གསུམ་པ་ཡིད་མཉམ་པར་འདུག་སྟེ་རྟོག་མེད་འཛིན་མེད་རང་བྱུང་རང་གྲོལ་དུ་བཞག་གོ །བཅུ་གཅིག་པ་གཉིད་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་སྲོད་ལ་ཤེས་པ་རྩེ་གཅིག་ཏུ་བསྡུས་ལ་ཉོན་མོངས་དང་རྣམ་རྟོག་གི་དབང་དུ་མི་གཏང་། གཉིས་པ་ནམ་གུང་གཉིད་དང་བསམ་གཏན་བསྲེས་ལ་དྲན་པ་དང་རྟོག་པ་ཡིད་ལ་མི་བྱ། གསུམ་པ་ཐོ་རངས་གཉིད་སད་པ་དང་གཉིད་ཀྱིས་ངོམས་པར་བྱས་ལ་རིག་པ་གསལ་དག་བྱི་དོར་བྱའོ། །བཅུ་གཉིས་པ་རྨི་ལམ་གྱི་རྣལ་འབྱོར་ལ་གསུམ། དང་པོ་སྲོད་ལ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་བསམ་པ་བཏང་ལ་རྨི་ལམ་ངོས་བཟུང་། །གཉིས་པ་ནམ་ཕྱེད་རྨི་ལམ་དུ་ངོ་ཤེས་པས་རྨི་ལམ་འཁྲུལ་པ་འཇིག །གསུམ་པ་ཐོ་རངས་གཉིད་སད་པ་དང་འདི་ལྟར་སྣང་བ་ཡང་རྨི་ལམ་སྒྱུ་མ་ལྟར་རང་བཞིན་མེད་པར་ངོ་ཤེས་པར་བྱའོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་རང་དོན་ཁྱད་པར་དུ་འཕགས་པའི་གདམས་པ་ལམ་ཁྱེར་དྲུག་ནི། རང་གི་དགེ་བ་རང་གིས་བྱ་བ། རང་གི་བདུན་ཚིགས་རང་གིས་བྱེད་པ་དང་། རང་གི་རོ་བསྲེག་རང་གིས་བསྲེག་པ། རང་གི་རོ་རྫོངས་རང་གིས་བྱ་བ། རང་གི་རོ་ཟན་རང་གིས་བཏང་བ། རང་གི་རོ་ཁུར་རང་གིས་བྱས་ཏེ་སྦ་བ་དྲུག་གོ །དང་པོ་རང་གི་དགེ་བ་རང་གིས་བྱ་བ་ནི། ཐུགས་རྗེ་ཆེན་པོའི་ཆོས་ཉམས་ལེན་གང་


RTZ021_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱང་སྙིང་རྗེ་དང་འབྲེལ་དགོས་པས། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ནོར་རྫས་འདོད་ཡོན་ལོངས་སྤྱོད་ཉེ་དྲུང་ལ་སོགས་པ་ཅི་ཡོད་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན་པར་གཏང་ངོ་སྙམ་དུ་བསམ། རང་ཐུགས་རྗེ་ཆེན་པོར་སྐད་ཅིག་གིས་བསྐྱེད་ལ་ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ། བདག་གི་བུ་དང་བུ་མོ་སྤུན་དང་ཚང་ཟླ་ནོར་རྫས་འདོད་ཡོན་ལོངས་སྤྱོད་གང་དང་ཅི་མཆིས་པ་འདི་དག་ཐམས་ཅད་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་གང་ལ་གང་འདོད་དུ་སྦྱིན་པར་བཏང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པས་སོ་སོར་གང་ལ་ཅི་འདོད་པ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ཡང་བདག་གི་འཁོར་དང་ལོངས་སྤྱོད་ལ་གནོད་དམ་སྙམ་པ་སོགས་བྱུང་ན་བློས་མ་ཐོང་བ་ཡིན་པས། ཆགས་ཞེན་གྱིས་བཅིངས་པ་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར་བས་ཞེན་འཁྲིས་རྦད་ཀྱིས་བཅད་པ་དེ་ལྟར་ཡང་ཡང་བཏང་བར་བསམས་པས་ཚེ་འདིར་འཁོར་དང་ལོངས་སྤྱོད་འཕེལ། ནད་གདོན་སྡུག་བསྔལ་ཞི་ནས། ཕྱི་མ་ལ་ལོངས་སྤྱོད་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །ཚུལ་འདི་ནི་ཐམས་ཅད་ལ་གསང་ནས་བྱ་བ་གལ་ཆེ་སྟེ་གཞན་གྱིས་ཤེས་ན་ལ་ལ་དག་གིས་སུན་འབྱིན་པའི་ཕྱིར། ཁྱོད་ཀྱིས་དེ་ལྟར་བློས་བཏང་བས་བདག་ལ་ཆེ་གེ་མོ་ཞིག་སློང་ཞེས་སུན་འབྱིན་འོང་བས་དེ་ནི་བདུད་ངག་ལ་ཞུགས་


RTZ021_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བར་གཅོད་ཡིན་པས་གཞན་ལ་གསང་ངོ་། །དགེ་བའི་བྱ་བ་འདི་ལས་སེམས་སྦྱོང་ལྷག་པ་དང་བསོད་ནམས་ཆེ་བ་གང་དུའང་མེད་དོ། །གཉིས་པ་རང་གི་བདུན་ཚིགས་རང་གིས་བྱ་བ་ནི། ཚེས་བརྒྱད་ཉ་དང་ཉེར་གཉིས་ཉེར་དགུའམ་གནམ་སྟོང་ལ་བར་ན་ཞག་བདུན་རེ་ཡོད་པས་དུས་བཟང་དེ་རྣམས་སུ། དཀོན་མཆོག་ལ་མཆོད་པ་ཅི་འབྱོར་འབུལ། འགྲོ་དྲུག་ལ་སྦྱིན་གཏོང་ཅི་འགྲུབ་བྱ། རང་ཐུགས་རྗེ་ཆེན་པོར་བསྒོམ། སྦྱིན་པ་ཅི་གྲུབ་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་བདུན་རེ་བརྗོད་ལ་འགྲོ་བ་སེམས་ཅན་གང་ལ་གང་འདོད་པའི་སྦྱིན་པས་ཚིམས་པར་བསམ། ངག་ཏུ་ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་སྙིང་རྗེའི་མགྲོན། མ་ལུས་ཁྱབ་པའི་རྫས། ཆོས་ཉིད་སྟོང་པའི་མཐུས། མི་ཟད་གཏེར་དུ་བསྔོ། ཞེས་ལན་གསུམ་མམ་བདུན་རེ་བརྗོད། དེ་ཡང་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་པོ་ཐུགས་རྗེ་ཆེན་པོའི་ཞིང་དུ་བསམ། སྟེང་ལྷ་དང་ལྷ་མིན་སྲིད་པ། བར་མི་དང་བྱོལ་སོང་གི་སྲིད་པ། འོག་དམྱལ་བ་དང་ཡི་དྭགས་ཀྱི་སྲིད་པ་སྟེ། སྲིད་པ་གསུམ་སྙིང་རྗེའི་མགྲོན་དུ་བྱས་ལ་དེ་ཐམས་ཅད་ཕམ་རྒྱལ་ཆེ་ཆུང་མེད་པ་ཡོངས་ལ་ཁྱབ་པར་བྱས་ལ་ཆོས་ཉིད་ཀྱི་དོན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་མཐུས་ཟག་མེད་རིན་པོ་ཆེའི་གཏེར་མི་ཟད་པར་བསྔོས་ལ་བཏང་། འདི་ལྟར་ཟླ་བ་


RTZ021_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་སྦྱིན་གཏོང་ཐེབ་བཞི་རེ་བཏང་ནས་བདུན་ཚིགས་རྒྱུན་མ་བཅད་ན། ཚེ་འདིའི་རྐྱེན་ངན་ཐམས་ཅད་བཟློག་ཅིང་ཕྱི་མ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་ངོ་། །ཤི་ནས་ཉེ་འབྲེལ་གྱིས་བདུན་ཚིགས་བཟུང་བ་བས་ད་ལྟ་འདི་ལྟར་བྱས་པ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་བསོད་ནམས་སུ་འགྱུར་ངེས་སོ། །གསུམ་པ་རང་གི་རོ་བསྲེག་རང་གིས་བྱ་བ་ནི། དུས་ནམ་ཡང་རུང་སྟེ། རང་ཐ་མལ་པའི་ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་དུད་ཁ་རེ་བསམ། ཡཾ་དེ་གཉིས་ལས་རླུང་གཡོས་ལྟེ་བའི་རཾ་ལས་མེ་འབར་བ་ཡེ་ཤེས་ཀྱི་མེ་ཚ་ཞིང་བདེ་བའི་དྲོད་དང་ལྡན་པས། རང་ལུས་ཀྱི་ཕུང་པོ་ལྔ། དུག་ལྔ། རྣམ་རྟོག་མངོན་ཞེན། ཆགས་ཞེན་བག་ཆགས་ངན་པ་ཐམས་ཅད་ཐུལ་གྱིས་བསྲེགས། རང་སེམས་ཧྲཱིཿདཀར་པོ་ཞིག་ཏུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་རང་སྒྲ་ལས་ཧྲཱིཿའོད་དུ་ཞུ་ནས་ཐུགས་རྗེ་ཆེན་པོའི་སྐུར་ལམ་གྱིས་གྱུར་པར་བསམ་མོ། །འདིས་ནི་ཤི་བའི་ཚེ་རོ་བསྲེགས་བྱས་པ་བས་ད་ལྟར་རང་གི་ལས་ཉོན་བག་ཆགས་བསྲེགས་པ་འདི་བརྒྱ་སྟོང་གི་བསོད་ནམས་ཆེ། ཚེ་འདིར་ནད་གདོན་བར་གཅོད་ཀྱིས་མི་ཚུགས། ཕྱི་མ་ལ་སྒྲིབ་པས་མི་ཚུགས་པ་ཡིན་ནོ། །བཞི་པ་རང་གི་རོ་རྫོངས་རང་གིས་བྱ་བ་ནི། དུས་ནམ་ཡང་རུང་བས་རང་གི་ཁྱིམ་མ་ཡིན་པ་དགོན་པའམ། རི་ཁ་ལ་སོགས་པ་གཞན་དུ་ཕྱིན་ལ། དང་པོ་རང་གི་ལུས་གདོས་བཅས་ཤ་ཁྲག་ལས་གྲུབ་པ་


RTZ021_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

འདི། སེམས་ཅན་ཐམས་ཅད་ལ་གང་ལ་གང་དགོས་པར་སྦྱིན་ནོ་སྙམ་པས། ལག་གཡས་མཚོན་ཆ་རྣོན་པོ་ཤེས་རབ་ཀྱི་རལ་གྲིར་བསམ། ལག་གཡོན་སྙིང་རྗེའི་སྐམ་པར་བསམ་ལ། སྐམ་པས་རང་གི་ལུས་བཟུང་། རལ་གྲིས་ཐོག་མར་ལུས་ཀྱི་སྟོད་སྨད་ཕྲལ། དེ་ནས་གཟུགས་སུ་བསིལ། དེ་ནས་ཤ་ཁམ་རེ་ཁྲག་ཐིགས་རེ། གློ་སྙིང་ནང་ཁྲོལ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་སོ་སོར་གང་ལ་གང་འདོད་པ་ཐམས་ཅད་ལ་ལྟོས་པ་མེད་པར་སྦྱིན། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཕམ་རྒྱལ་འཐབ་རྩོད་ཐོབ་ཤོར་མེད་པར་ཐམས་ཅད་ཚིམས་ཤིང་རང་སར་ཕྱིན་པར་བསམ། ལུས་ལ་ཞེན་ཆགས་མི་བྱའོ། །ཤི་བའི་ཚེ་རོ་རྫོངས་སྟོན་མོ་གཏང་བ་བས་ད་ལྟ་འདི་ལྟར་བྱས་པ་བརྒྱ་སྟོང་གིས་བསོད་ནམས་ཆེ་བ་དང་། འཆི་བསླུའི་མཆོག་ཏུ་འགྱུར་བར་ཆད་སེལ་ཕྱི་མ་ངན་སོང་དུ་མི་འགྲོའོ། །ལྔ་པ་རང་གི་རོ་ཟན་རང་གིས་གཏང་བ་ནི། རང་གཞན་གྱིས་དྲངས་པའི་ཟས་སྐོམ་ཐམས་ཅད་བྱིན་གྱིས་བརླབས་ལ། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བདུད་རྩིར་བསམས་ལ་བཟའ། ལྟོ་བ་གཞལ་ཡས་ཁང་ན་ཐུགས་རྗེ་ཆེན་པོ་བཞུགས་པར་བསམས་ལ་ཟས་སྐོམ་ཟོས་པས་ཐུགས་རྗེ་ཆེན་པོ་དགྱེས་ཤིང་བདུད་རྩིས་ལུས་ཐམས་ཅད་ཁྱབ་པས་བཀྲག་མདངས་གཟི་མདངས་དང་ལྡན་པར་བསམ་མོ། །ཤི་ཙ་ན་ཉེ་དྲུང་


RTZ021_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཟས་གཏད་པ་བས་ད་ལྟ་བྱས་པ་བརྒྱ་སྟོང་གི་བསོད་ནམས་ཆེ། ལྷ་ལ་ཚོགས་གསོག་བཟའ་བཏུང་བཅུད་ལེན་དུ་འགྱུར་བ་ཡིན་ནོ། །དྲུག་པ་རང་གི་རོ་ཁུར་རང་གིས་བྱ་བ་ནི། རང་ལུས་བེམ་པོ་འདི་བུ་རིག་པ་ཁྱེའུ་ཆུང་ཐུགས་རྗེ་ཆེན་པོ་ལ་བསྐུར་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་འདིས་འཁོར་བའི་གནས་ནས་ཁུར་ལ། བྱང་ཆུབ་ཆེན་པོའི་རི་ཁྲོད་དམ་དུར་ཁྲོད་དུ་བསྐྱལ་ལ་བཏང་ངོ་། །སྐུ་གསུམ་སངས་རྒྱས་ཀྱི་བྱ་དང་གཅན་གཟན་ལ་ཟས་སུ་སྦྱིན་ནོ། །ཕུང་པོ་ལྷག་མེད་ཀྱི་ངང་དུ་བཏང་ངོ་། །ཤི་ཙ་ན་བུ་ལ་སོགས་པས་རོ་ཁུར་ནས་དུར་ཁྲོད་དམ་རི་ལ་བསྐྱལ་བ་ལས། ད་ལྟར་འདི་ལྟར་སྒོམ་པ་བརྒྱ་སྟོང་གི་བསོད་ནམས་ཆེ། ཡི་གེ་དྲུག་པ་བཟླས་པས་འཁོར་བ་དོང་ནས་སྤྲུགས་པ་ཡིན་ནོ། །འདི་ནི་སྤྲུལ་པའི་རྒྱལ་པོའི་གདམས་པ་ཐུན་མོང་མ་ཡིན་པ་དྲུག་སྟེ་ཤིན་ཏུ་ཟབ་པའི་མཐར་ཐུག་པར་གདའོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོའི་ཞལ་གདམས་སྣང་བ་རིན་པོ་ཆེའི་ཚོགས་ལམ་གྱི་གདམས་པ་དྲུག་ལ། ཕྱི་སྣང་བ་ཚོགས་ལམ། ནང་སྣང་བ་ཚོགས་ལམ། གསང་བ་སྣང་བ་ཚོགས་ལམ། དོན་སྣང་བ་ཚོགས་ལམ། རྟགས་སྣང་བ་ཚོགས་ལམ། མཚོན་པ་སྣང་བ་ཚོགས་ལམ་དང་དྲུག་གོ །དང་པོ་ཕྱི་སྣང་བ་ཚོགས་ལམ་ནི། འདི་ལྟར་ཕྱིའི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་འབུལ་ཏེ། དཔྱིད་ཀའི་དུས་རྩི་ཤིང་ནགས་ཚལ་


RTZ021_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སོགས་པ་ཁ་འབུས་ལ་ལེགས་པ་གང་ན་ཅི་འདུག་པ་ཐམས་ཅད། དབྱར་ཀའི་དུས་མེ་ཏོག་ལ་སོགས་པ་ལང་ཚོ་ལེགས་པ་ཐམས་ཅད། སྟོན་ཀའི་དུས་འབྲས་བུ་དང་འབྲུ་སྨིན་པ་ཐམས་ཅད། དགུན་གྱི་དུས་ཆབ་རོམ་ལ་སོགས་པ་ཐམས་ཅད་བདག་གཞན་བསོད་ནམས་གསག་པའི་བསམ་པས། རང་ཐུགས་རྗེ་ཆེན་པོར་སྐད་ཅིག་གིས་བསྐྱེད། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་གསུམ་གྱིས། ཡར་བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད་པར་བཞེས་ཤིག །མར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ངོམས་ཤིང་ཚིམས་པར་གྱུར་ཅིག །བར་ལན་ཆགས་བུ་ལོན་གྱི་བདག་པོ་ཐམས་ཅད་ཀྱིས་ཁྱེར་བར་གྱུར་ཅིག །ཅེས་བརྗོད། དེས་ནི་བདག་པོ་ཅན་ལོ་ཏོག་ལ་སོགས་པ་རྣམས་ཀྱང་བདག་གི་བློས་བླངས་ཏེ་ཕུལ་བས་བདག་གཞན་གཉིས་ཀ་ཚོགས་རྫོགས་པར་འགྱུར་རོ། །གཉིས་པ་ནང་སྣང་བ་ཚོགས་ལམ་ནི། ནང་གི་རྣམ་རྟོག །རང་གི་བློར་སྣང་ཞིང་བསམ་པའི་རྫས་ཐམས་ཅད་ཐུགས་རྗེ་ཆེན་པོར་ཚོགས་སུ་འབུལ་ཏེ། སྟེང་ན་ལྷའི་བདུད་རྩི། འོག་ན་ཀླུའི་བདུད་རྩི། བར་ན་མིའི་བདུད་རྩི། ཆུ་ཆང་ཇ་ཞོ་འོ་མ་ལ་སོགས་པ་ལྷ་ཀླུ་མི་གསུམ་གྱི་ཉེར་སྤྱོད་དུ་འོས་པའི་བདུད་རྩི་འདི་བདག་གིས་བློས་བླངས་ཏེ། རང་ཐུགས་རྗེ་ཆེན་པོར་མོས་པས་ཡི་གེ་དྲུག་པ་ལན་གསུམ་གྱིས་ཡར་བླ་མ་


RTZ021_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན་པ་གཏང་། བར་ལན་ཆགས་དང་བུ་ལོན་གྱི་བདག་པོ་ཐམས་ཅད་ལ་གཞལ་ཏེ། ལན་གསུམ་བརྗོད་ཅིང་བསྔོའོ། །བདག་གཞན་ཐམས་ཅད་ཚོགས་རྫོགས་པར་འགྱུར་རོ། །གསུམ་པ་གསང་བ་སྣང་བ་ཚོགས་ལམ་ནི། སྤྱིར་ཁམས་གསུམ་པའི་སེམས་ཅན་ཐམས་ཅད། སྒོས་རང་གི་ཉེ་འབྲེལ་ལ་སོགས་པ་ཐམས་ཅད། ཡང་སྒོས་རང་གི་ལུས་འདི་ལ་ཞེན་པས། ཞེན་སྣང་གི་མཚན་མ་ཐམས་ཅད་ཚོགས་སུ་འབུལ་ཏེ། རང་ལུས་ཐུགས་རྗེ་ཆེན་པོར་གསལ་བས་ཡི་གེ་དྲུག་མ་ལན་གསུམ་གྱིས་བདག་འཛིན་དང་ཞེན་པ་ཐམས་ཅད་ཡར་བླ་མ་དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན། བར་ལན་ཆགས་བུ་ལོན་གྱི་བདག་པོ་ཐམས་ཅད་ལ་གཞལ་ལོ། །དེས་ནི་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པ་དང་། རྐྱེན་ངན་བར་ཆོད་ཉམ་ང་དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་པར་འགྱུར་རོ། །བཞི་པ་དོན་སྣང་བ་ཚོགས་ལམ་ནི། གཟུང་འཛིན་སྣང་བ་ཐམས་ཅད་ཚོགས་སུ་འབུལ་ཏེ། གཟུང་འཛིན་གཉིས་སུ་བཟུང་བའི་ཆོས་ཀྱིས་རང་བྱུང་ཡེ་ཤེས་ཀྱི་དོན་མ་རྟོགས་པའི་འཁྲུལ་བློ་གཟུང་བ་དང་འཛིན་པ་ཐམས་ཅད་ཚོགས་སུ་འབུལ། དེ་ཡང་ཕྱི་ཡི་གཟུང་བའི་ཡུལ་རང་ཤར་རང་གྲོལ་བས། དབང་པོ་ཚོགས་དྲུག་གི་ཡུལ་གཟུགས་ལ་


RTZ021_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐམས་ཅད་འཛིན་མེད་རང་གྲོལ་དུ་གཏོང་། ནང་འཛིན་པའི་སྣང་བ་རང་ཤར་རང་གྲོལ་བས། དུག་ལྔ་རྣམ་རྟོག་ཐམས་ཅད་རང་གྲོལ་དུ་བཏང་ངོ་། །རང་ཐུགས་རྗེ་ཆེན་པོར་བསམ། ཡི་གེ་དྲུག་མ་ལན་གསུམ་བཟླ་ཞིང་གཟུང་འཛིན་ཆགས་སྡང་ཅི་སྐྱེས་པ་ཐམས་ཅད་ཡར་བླ་མ་དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན་གཏོང་བྱ། བར་ལན་ཆགས་བུ་ལོན་གྱི་བདག་པོ་རྣམས་ལ་གཞལ་ལོ། །ཉོན་མོངས་པ་དུག་ལྔ་སྟོངས་ནས་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ། །ལྔ་པ་རྟགས་ཀྱི་སྣང་བ་ཚོགས་ལམ་ནི། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཚོགས་སྣོད། བཅུད་ཀྱི་སེམས་ཅན་ཐམས་ཅད་ཚོགས་རྫས། ཆུ་ཐམས་ཅད་ཆང་། ས་ཐམས་ཅད་ཤ །བྲག་དང་རྡོ་ཐམས་ཅད་མར། གཟུགས་སྡུག་གུ །སྒྲ་སྙན་པོ། དྲི་ཞིམ་པོ། རོ་སྣ་ཚོགས། རེག་བྱ་བདེ་འཇམ། ཆོས་ཡིད་དུ་འོང་བ། །དེ་ཐམས་ཅད་རང་ཐུགས་རྗེ་ཆེན་པོར་མོས་པ་བྱས་ལ། ཡི་གེ་དྲུག་པ་ལན་གསུམ་གྱིས་མགྲོན་རིགས་རྣམས་ལ་གོང་ལྟར་མཆོད། བསོད་ནམས་ཀྱི་ཚོགས་རྫོགས་ནས་ཞིང་ཁམས་དག་པར་སྐྱེའོ། །དྲུག་པ་མཚོན་པའི་ཚོགས་ལམ་ནི། ནངས་ནུབ་ལ་སོགས་པར་བཟའ་བཏུང་གང་བྱེད་ཀྱང་། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡི་གེ་དྲུག་པ་ལན་གསུམ་གྱིས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབ། ཕུད་


RTZ021_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བླ་མ་དཀོན་མཆོག་ཡི་དམ་ཆོས་སྐྱོང་མཆོད། བར་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བཏང་། ཐ་མ་ལན་ཆགས་དང་བུ་ལོན་ཐམས་ཅད་ལ་གཞལ། ལྷག་མ་རང་ཉིད་བཟའ་ཞིང་བཏུང་ངོ་། །དེ་ལྟར་ལས་ཚོགས་དྲུག་པོ་གང་དང་གང་བྱེད་ཀྱང་། མཐར། བླ་མ་ཡི་དམ་ཐུགས་དམ་སྐོང་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །འགྲོ་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་ལྔའི་མགྲོན་དུ་གྱུར་པ་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་བསྔོ། བསྔོ་སྨོན་བྱ། དམིགས་མེད་ཀྱི་རྒྱས་གདབ་བོ། །དེ་ལྟར་ཐམས་ཅད་ཚོགས་སུ་བསྔོས་པས། ཚོགས་གསག་རྒྱུན་མི་འཆད། སྒྲིབ་སྦྱོང་རྒྱུན་མི་འཆད། དངོས་གྲུབ་རྒྱུན་མི་འཆད། རྐྱེན་ཟློག་རྒྱུན་མི་འཆད། མཆོད་གཏོར་རྒྱུན་མི་འཆད་དེ། རྒྱུན་མི་འཆད་པ་དྲུག་ཏུ་འབྱུང་སྟེ། སྤྲུལ་པའི་རྒྱལ་པོའི་ཞལ་གདམས་འདོད་དགུ་འབྱུང་བའི་སྣང་བ་རིན་པོ་ཆེའི་ཚོགས་ལམ་དྲུག་པ་ཞེས་བྱ་བ་གདམས་ངག་ཟབ་པའི་ཚུལ་དུ་བདོག་པ་ཡིན་ནོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོའི་གཏོར་མ་ལམ་དུ་ཁྱེར་བའི་ཞལ་གདམས་ལ། ལྟ་བའི་གཏོར་མ། སྒོམ་པའི་གཏོར་མ། སྤྱོད་པའི་གཏོར་མ་


RTZ021_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དེ་རེ་རེ་ལའང་། སྤྱིའི་གཏོར་མ། སྒོས་ཀྱི་གཏོར་མ། ཁྱད་པར་གྱི་གཏོར་མ་དང་གསུམ་གསུམ་དུ་གསུངས་པ་ལས། ལྟ་བའི་གཏོར་མ་གསུམ་དང་། སྒོམ་པའི་གཏོར་མ་གསུམ་ནི་ནང་དོན་ཁོ་ན་དང་སྦྱར་བར་གསུངས་པས་འདིར་མ་བྲིས་ལ། སྤྱོད་པའི་གཏོར་མ་ཡང་གསུམ། འདོད་ཡོན་རྒྱན་གྱི་གཏོར་མ། ཤ་ཁྲག་དམར་གྱི་གཏོར་མ། ཤ་ཁྲག་དམར་ལ་འབེན་བཅས་པའི་གཏོར་མ་དང་གསུམ་མོ། །དང་པོ་འདོད་ཡོན་རྒྱན་གྱི་གཏོར་མ་ལའང་གསུམ། སྤྱིར་སྣོད་རིན་པོ་ཆེའམ་རྫ་ཤིང་ལ་སོགས་པའོ། །སྒོས་ཀྱི་སྣོད་ནི་གང་འབྱོར་པའོ། ཁྱད་པར་གྱི་སྣོད་ནི་རུ་སྦལ་གྱི་ཁོག་པའོ། །སྤྱིའི་རྫས་ནི་ཟན་དང་ཆུའོ། །སྒོས་ཀྱི་རྫས་ནི་ཤ་དང་མར་རོ། ཁྱད་པར་གྱི་རྫས་ནི་ཆང་བྱིན་གྱིས་བརླབས་པའོ། །དེ་ཡང་ཡི་གེ་དྲུག་པ་བརྗོད་ནས་ཡར་བླ་མ་དཀོན་མཆོག་ལ་འདོད་ཡོན་གྱི་ལྷ་མོ་མང་པོ་སྤྲུལ་ལ་མཆོད། མོས་གུས་བསམ་པ་དག་ན་གཏོར་མ་ཐེངས་པ་ཡིན་ནོ། །གཉིས་པ་ཤ་ཁྲག་དམར་གྱི་གཏོར་མ་ནི། སྤྱིའི་སྣོད་ཐོད་པ། སྒོས་ཀྱི་སྣོད་བྷནྡྷ་མཚན་ལྡན། ཁྱད་པར་གྱི་སྣོད་ཐོད་པ་དུམ་བུ་གཅིག་པའོ། །སྤྱིའི་རྫས་ཟན་དང་ཆང་། སྒོས་ཀྱི་རྫས་ཤ་ལྔ་བདུད་རྩི་ལྔ། ཁྱད་པར་གྱི་རྫས་བདུད་རྩི་སྨན་བྱིན་གྱིས་བརླབས་པའོ། །ཡི་གེ་དྲུག་པ་བརྗོད་པས་བླ་མ་ཡི་དམ་ལ་ནང་བདུད་རྩིའི་ལྷ་


RTZ021_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མོས་མཆོད། གཏོར་ཚོགས་ཆེ་ན་གཏོར་མ་ཐེངས་པའོ། །གསུམ་པ་ཤ་ཁྲག་དམར་ལ་འབེན་བཅས་པའི་གཏོར་མ་ནི། སྤྱིའི་གཏོར་སྣོད་བསྟན་པ་ལ་གནོད་པའི་རུ་ཏྲ། སྒོས་ཀྱི་སྣོད་རང་ལ་གནོད་པའི་དགྲ། ཁྱད་པར་གྱི་སྣོད་བླ་མའི་སྐུ་དགྲའོ། །སྤྱིའི་རྫས་ཤ་ཁྲག་རུས་པ། སྒོས་ཀྱི་རྫས་དགྲ་བོའི་དོན་སྙིང་། ཁྱད་པར་གྱི་རྫས་དབུགས་བྱིན་གྱིས་བརླབས་ལ། ཡི་གེ་དྲུག་པ་བརྗོད་ཅིང་དགྲའི་ཤ་ཁྲག་གློ་སྙིང་དབུགས་དང་བཅས་པ་ཆོས་སྐྱོང་སྲུང་མ་ལ་འབུལ། དགྲའི་ལུས་སེམས་བྲལ་ན་གཏོར་མ་ཐེངས་པ་ཡིན་ནོ། །སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་གཏོར་མ་ལམ་ཁྱེར་ཞལ་གདམས་ཨི་ཐི། །གཞན་ཡང་བཀའ་འབུམ་ཉིད་དུ་ལས་ཚོགས་ནང་དོན་ལྟ་སྒོམ་སྤྱོད་པ་དང་སྦྱར་བའི་ཞལ་གདམས་མན་ངག་མང་དག་ཞིག་འདུག་པ་རྣམས་བྲིས་ན་རང་ཉིད་ཡི་གེའི་ངལ་བ་དང་། གཞན་དག་གིས་ཀྱང་གླེགས་བམ་བོང་ཆེ་བ་མཐོང་བ་ཙམ་གྱིས་འདོར་བ་ནི་མང་དུ་མཐོང་ལ། དེང་སང་བོད་འདིར་བསྟན་པ་མར་འགྲིབ་དང་སེམས་ཅན་རྣམས་ཀྱང་རྩོད་དུས་ཀྱི་དབང་གིས་བློ་ཆུང་ཁོ་ན་མང་བས། ཡིག་ཚོགས་མང་བ་བས་ཉུང་ངུ་ཁྱེར་བདེ་ཁོ་ན་ལ་བློ་རྩེ་གཏོད་པ་མང་བ་དེའི་ཕྱིར་མདོར་བསྡུས་ཉེར་མཁོ་རྣམས་བསྡུས་པ་ཡིན་ནོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་ལས་ཚོགས་རྒྱས་པ་དྲུག་སྐོར་དྲུག་པ་ལས་ཚོགས་ཀྱི་རིམ་པ་ཉིས་བརྒྱ་དང་བཅུ་དྲུག་པ་དང་། རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་།


RTZ021_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདམས་རང་དོན་བསྡུས་པ་ཁྱད་པར་དུ་འཕགས་པ་ལམ་ཁྱེར་དྲུག་དང་། ཞལ་གདམས་སྣང་བ་རིན་པོ་ཆེའི་ཚོགས་ལམ་གྱི་གདམས་པ་དྲུག་དང་། གཏོར་མ་ལམ་དུ་ཁྱེར་བའི་ཞལ་གདམས་ལྟ་སྒོམ་སྤྱོད་གསུམ་ལས། ཕྱི་མ་སྤྱོད་པའི་གཏོར་མ་གསུམ་དང་བཅས་པ་འདི་རྣམས་རྒྱལ་པོ་བཀའ་འབུམ་རང་དུ། མདོར་བསྡུས་ས་བཅད་ཙམ་འདི་ལས་རྒྱས་པར་སྤྲོས་པ་མ་གསུངས་འདུག་པས། དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་ཀྱི་གསུངས་ཁོ་ན་ཡིན་པས་ཁུངས་བཙུན་ཞིང་ཡིད་གདིང་ཁེལ་ལ་བྱིན་རླབས་ཆེ་བར་མཐོང་བས། གཞན་པའི་བཀའ་གཏེར་སོ་སོར་གསུངས་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ལས་ཚོགས་མང་དུ་གསུངས་པ་རྣམས་ནས་ཁ་འགེངས་པ་དང་། ཡང་བོད་ཀྱི་བླ་མ་ལ་ལ་དག་གིས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མཛད་འདུག་པ་དོན་ལ་གནས་མི་གནས་ཅིར་གྱུར་མ་ངེས་པ་དེ་རྣམས་ནས་ཁ་བཀང་ཡང་དོན་བསྲེ་བསླད་ལས་མི་འདའ་བས་དེ་ལྟར་མ་བྱས་ཤིང་། ཡང་གོ་དཀའ་བའི་གནས་རྣམས་གསལ་དུ་བཏང་ཡང་ཚིག་གིས་ལྷད་དུ་བབས་པས་དེ་ལྟར་མ་བྱས་ཤིང་། རང་སོར་བཞག་པ་འདི་ནི་རྩ་བ་མི་འཆོལ་བ་དང་ལྷད་མ་ཞུགས་པ་དང་བྱིན་རླབས་མི་ཡལ་བ་དང་། རང་བཟོ་དང་རྟོག་བརྟགས་དང་འཐད་ལེགས་གྱ་ཚོམ་སྤངས་པའི་ཕྱིར་རང་སོར་བཞག་པ་ཡིན་གྱི་ཚུལ་གཞན་དག་གིས་ནི་མ་ཡིན་ནོ། །


RTZ021_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། འཕགས་མཆོག་ཕྱག་ན་པདྨ་ཅན། །གངས་ཅན་འགྲོ་འདིར་སྨན་སླད་དུ། །ཆོས་སྐྱོང་རྒྱལ་པོའི་ཚུལ་བསྟན་པ། །སྲོང་བཙན་ཞབས་ཀྱིས་བདག་སྐྱོངས་ཤིག །སྒོ་གསུམ་ཆོས་དང་མི་འབྲལ་ཞིང་། །སྣང་གྲགས་དྲན་རྟོག་ལྷ་དང་སྔགས། །ཏིང་འཛིན་རོལ་པར་རྟག་འཆར་བ། །གདམས་ངག་ཟབ་མོ་འདི་ཡིན་ནོ། །གཞན་སྲོག་གཅོད་དང་བུད་མེད་དགུག །ཁྱི་དང་ཐབ་གཞོབ་སྔགས་ལ་སོགས། །མང་དུ་ཤེས་པའི་མན་ངག་མཁན། །དེང་སང་མང་ཞིག་བྲིམ་ན་ཡང་། །ཕྱི་མར་ཅི་བྱ་ཁྱོད་སོམས་ཤིག །འདི་དགེ་ཀུནྡ་ལྟར་དཀར་བ། །རང་དོན་ཡིད་བྱེད་བདག་ལ་མེད། །མར་གྱུར་འགྲོ་ལ་ལེགས་སྦྱིན་གྱིས། །འཕགས་མཆོག་གོ་འཕང་ཐོབ་ཕྱིར་བསྔོ། །དེ་ལྟར་ཆོས་སྐྱོང་བ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་རྣམས་ཀྱི་ལས་ཚོགས་རྒྱུན་སྤྱོད་ལས་ཚོགས་རང་དོན་ཚོགས་ལམ་གཏོར་མ་རྣམས་བསྡུས་ཏེ་བྲིས་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་། རང་གཞན་ལ་ཕན་པའི་བསམ་པ་རྣམ་པར་དག་པ་ཁོ་ན་ཡིད་ལ་བརྣགས་པས་ཤིང་ཁམས་ལུག་གི་ལོ་གྲོ་བཞིན་ཅན་གྱི་དམར་པོའི་བཟང་པོའི་དང་པོ་ལ། དབུར་སྟོད་འབྲི་གུང་དུ་སོན་པ་སྐྱུ་རའི་གདུང་ལས་ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པས་འབྲི་ཆོས་ཕྱུག་གི་ཕོ་བྲང་རྩེ་བ་བཞིས་ཀ་སྲ་བརྟན་


RTZ021_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གནས་མཆོག་ཏུ་འབད་པས་སྦྱར་བ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྣམ་པ་ཀུན་ཏུ་དགེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ། ཆོས་ཀྱི་གྲགས་པ།next