Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས།next

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས།


RTZ021_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་ཅིག་སྲོང་བཙན་དང་། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང་། །གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀ་བཟང་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང་། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང་། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །མཚུངས་མེད་ལོ་ཆེན་དྷརྨ་ཤྲཱིའི་ཞབས། །


RTZ021_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་ཀུན་བཟང་ཀློང་གྲོལ་རྗེ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །སྙན་བརྒྱུད་མངའ་བདག་ལེགས་པའི་འབྱུང་གནས་ཞབས། །གདམས་པའི་ཆུ་བོ་ཀུན་འདུས་ཤེར་མཆོག་དཔལ། །ཉང་སྟོན་གྲུབ་དབང་པདྨའི་མཚན་ཅན་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱི། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱང་སྐུ་གསུམ་སྙིང་པོའི་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའི་དོན་ཁྲིད་བཅས་པའི་བརྒྱུད་འདེབས་འདི་ནི། སྒྲུབ་ཆེན་ཆོས་མཛད་ཀྱིས་གསུང་ངོར་དྷརྨ་ཤྲཱིས་སོ། །བཀྲ་ཤིས། བརྒྱུད་པའི་ཁ་སྐོང་ནི། རྣལ་འབྱོར་དབང་ཕྱུག་འཇིགས་མེད་བསྟན་འཛིན་དང་། །མཁས་གྲུབ་ཆེན་པོ་བསྟན་འཛིན་ཆོས་རྒྱལ་ཞབས། །ཤེས་བྱ་ཀུན་གཟིགས་འཇམ་དབྱངས་དགྱེས་པ་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །བཀའ་དྲིན་མཉམ་མེད་སོགས་སམ། ཡང་ན། དྷརྨ་


RTZ021_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིའི་རྗེས་སུ། བསྟན་པའི་ཉི་མ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །བཤེས་གཉེན་ཆེན་པོ་འགྱུར་མེད་དོན་ལྡན་དང་། །རིག་པ་འཛིན་དབང་ཕྲིན་ལས་རྣམ་པར་རྒྱལ། །སྙིང་པོའི་དོན་གཟིགས་རྗེ་བཙུན་ཕྲིན་ལས་ཞབས། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །བཀའ་དྲིན་མཉམ་མེད་སོགས་སྦྲེལ་ལོ།། །།


previousཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས།next