Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། བྱང་ཆུབ་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། བྱང་ཆུབ་གླིང་པ།next

འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། བྱང་ཆུབ་གླིང་པ།


RTZ022_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བཞུགས་སོ༔ ཀུན་བཟང་ཐུགས་གཏེར།


RTZ022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨཱརྻ་ལོ་ཀེ་ཤྭ་ར་ཙིནྟཱ་མ་ཎི་དྷ་མ་ནི་ཙཀྲ་བརྟི་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ འདི་ཉིད་ཉམས་སུ་ལེན་པར་འདོད་པས༔ གནས་ཡིད་དང་མཐུན་པར༔ བདེ་བའི་སྟན་ལ་ལུས་སེམས་ཁོང་གློད་ལ་འདུག་སྟེ༔ བྱང་ཆུབ་ཀྱི་སེམས་བསྐྱེད་ནས༔ སྟོང་པའི་ངང་ལས་བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ༔ རྩེ་མོ་རྣོ་བ་ལས་མེ་འབར་བ༔ ནང་ཁོང་སྟོང་སངས་བར་བསམ་པའི་ལྟེ་བར༔ པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ལས༔ བཅོམ་ལྡན་འདས་སྤྱན་རས་གཟིགས་རྩ་བའི་ཞལ་དང་སྐུ་མདོག་དཀར་པོ༔ དེའི་སྟེང་ཞལ་ནག་པོ་རབ་ཏུ་ཁྲོ་བ༔ དེའི་སྤྱི་བོར་ཞལ་དམར་པོ་གཙུག་ཏོར་དང་ལྡན་པ་འཛུམ་པའི་ཚུལ་ཅན༔ ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བ༔ ཕྱག་གཡོན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ཐུགས་ཀར་བསྣམས་པ༔ ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ༔ རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༔ དར་གྱི་སྟོད་གཡོགས་དང་སྨད་གཡོགས་ཅན༔ ཀྲྀཥྞའི་པགས་པ་ཕྲག་གཡོན་པ་ལ་བཀལ་བ༔ འོད་ཟེར་དཀར་པོ་ཀུན་ནས་འབར་བ་ཞིག་བསྒོམ༔ དེའི་ཐུགས་ཀར་


RTZ022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿལས་གཟུངས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམས་པ་ལས་གཉིས་སུ་མེད་པར་གྱུར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར༔ འོད་དཔག་མེད་ཀྱི་རྒྱས་བཏབ༔ གནས་གསུམ་ལ་ཨོཾ་ཨཱཿཧཱུྃ་གསུམ་བསམ༔ གཟུངས་ལ་དམིགས་ནས་བཟླས་པ་བྱའོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ལོ་ཀེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཙཀྲ་བརྟི་ཙིནྟཱ་མ་ཎི་མ་ཧཱ་པདྨ་རུ་རུ་ཙ་ཏིཥྛ་ཛྭ་ལ་ཨཱ་ཀརྵ་ཡ་ཧཱུྃ་ཕཊ྄༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ༔ ཨོཾ་བ་ར་དཱ་པདྨེ་ཧཱུྃ༔ ཞེས་པ་འདི་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་བྱོན་ཏེ་ལུང་སྟོན་པར་འགྱུར་རོ༔ ནམ་འཆི་བའི་ཚེ་བདེ་བ་ཅན་དུ་ཉིང་མཚམས་སྦྱོར་བར་འགྱུར་རོ༔ འཁོར་ལོའི་ནང་དུ་གང་བསྲུང་བ་བསྒོམས་ན་མི་མ་ཡིན་ལ་སོགས་པས་འཚེ་བར་མི་འགྱུར་རོ༔ གང་དམིགས་འཁོར་ལོ་བསྐྱོད་པར་བསམ་ཞིང༔ གཡོན་དུ་བསྐོར་ན་ཕ་རོལ་གྱི་བྱ་བྱེད་ཁོ་རང་ལ་བཟློག་པར་འགྱུར་རོ༔ རས་སམ་གྲོ་ག་ལ་ཙཀྲ་རྩིབས་བརྒྱད་པར་སྔགས་བྲིས་ཏེ༔ ལྟེ་བར་གང་བསྲུང་བའི་མིང་བྲིས་ཏེ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ༔ སེམས་ཅན་ཐམས་ཅད་དུད་འགྲོའི་སྐྱེ་གནས་སུ་གྱུར་


RTZ022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གི་རྣ་ལམ་དུ་བསྒྲགས་ན་དེ་ཉིད་དུད་འགྲོའི་སྐྱེ་བ་ཐ་མར་འགྱུར་རོ༔ སེམས་ཅན་གང་ཞིག་ཚེ་ལས་འདས་པའི་རུས་པའམ་མིང་ལ་བསྔགས་ན་དེ་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ ནམ་འཆི་བའི་དུས་སུ་གཟུངས་འདི་དྲན་པའམ༔ མཐོང་བའམ༔ ཐོས་ན་དེ་ལ་བར་དོའི་སྡུག་བསྔལ་མི་འབྱུང་ངོ༔ བྱིས་པ་གདོན་གྱིས་ཉེན་པ་ལ་སྐུད་པ་དཀར་པོ་ལ་བསྔགས་ཏེ་ཡུངས་དཀར་དང་བཅས་བཏགས་ཤིང་རྩི་མར་ལ་བསྔགས་ནས་བྱིན་ན་བདེ་བར་འཚོའོ༔ ཐལ་ཆེན་དང་ཡུངས་དཀར་ལ་བསྔགས་ཏེ་གཏོར་ན་སེར་བ་འཆད་དོ༔ ཡུངས་དཀར་དང་གཙང་པོའི་བྱེ་མ་ལ་བསྔགས་ཏེ་གཏོར་ན་འབུ་སྲིན་མི་ཟའོ༔ འབྲུ་མར་ལ་བསྔགས་ཏེ་རྨ་ལ་བསྐུས་ན་རྨ་འབྲས་འཚོའོ༔ མ་གི་ཏའི་ཆུ་ལ་བསྔགས་ཏེ་བླུད་ན་ཀླུའི་ནད་ཞིའོ༔ ཆུ་ལ་བསྔགས་ཏེ་ཁྲུས་བྱས་ན་ཚེ་གཅིག་གི་སྡིག་པ་དག་གོ༔ ཚེས་བརྒྱད་ཀྱི་ཚེ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་འཕགས་པ་སྤྱན་རས་གཟིགས་ཡིད་ལ་དྲན་པས་བཟླས་ན་མཚམས་མེད་པ་ལྔ་བྱས་པ་ཡང་དག་པར་བྱེད་དོ༔ ལ་ཕུག་གི་ཆུ་དང་རུ་རྟ་ལ་བསྔགས་ཏེ་རྣ་བར་བླུགས་ན་རྣ་བའི་བྲོ་ནད་ཞི་བར་བྱེད་དོ༔ དུས་རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་དྲན་པར་འགྱུར་རོ༔ རྒྱ་ཤུག་གམ་ཙནྡན་གྱི་མེ་ལ་ཏིལ་བསྲེག་ཅིང་བཟླས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ༔ འབྱུང་པོ་རྣམས་ལ་གཏོར་མས་ཚིམས་པར་བྱས་ནས་བུམ་


RTZ022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆུས་གྲོང་ཁྱེར་བསྐོར་བར་བྱས་ན་སྲུང་བར་འགྱུར་རོ༔ ལས་གང་བྱེད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་རྒྱ་ཆེར་བྱའོ༔ འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱའོ༔ སྙིང་རྗེའི་སེམས་དང་བྲལ་བས་ནི་འགྲུབ་པར་མི་འགྱུར་རོ༔ རྣམ་སྨིན་ལན་གྲངས་གཞན་ལ་ཐོབ་པར་འགྱུར་རོ༔ འདི་ནི་ཕྱིར་ཟློག་པ་ཆེན་པོ་སྟེ༔ ཕ་རོལ་གྱི་དཔུང་རབ་ཏུ་འཇོམས་པའོ༔ འདི་ནི་གང་ཡིད་ལ་བྱས་པས་བྱིན་གྱིས་བརླབ་པར་འགྱུར་ཏེ་ཡིད་བཞིན་གྱི་ནོར་བུའོ༔ འདིས་ནི་སྡིག་པ་ཐམས་ཅད་སྲེག་པར་བྱེད་པས་ཡེ་ཤེས་ཀྱི་མེའོ༔ འདིས་ནི་འདུ་བའི་ནད་ལས་གྲོལ་བར་བྱེད་པའི་སྨན་ཆེན་པོའོ༔ སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ༔ འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་སྒྲུབ་ཐབས༔ ཨོ་རྒྱན་གྱི་མ་ཧཱ་པཎྜི་ཏ་པདྨ་སཾ་བྷཱ་བས་མཛད་པ་བདག་ནམ་མཁའི་སྙིང་པོས་བསྒྱུར་ཏེ་ཡི་གེར་བཀོད་ནས་མ་འོངས་སེམས་ཅན་གྱི་དོན་དུ་སྨོན་ལམ་དང་བཅས་ཏེ་གཏེར་དུ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱིས་གཏེར་ནས་གདན་དྲངས་པའི་ཟབ་ཆོས་ཡང་དག་པའོ།། །།


previousའཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། བྱང་ཆུབ་གླིང་པ།next