Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བརྒྱུད་པའི་གསོལ་འདེབས། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བརྒྱུད་པའི་གསོལ་འདེབས། བློ་གྲོས་མཐའ་ཡས།next

ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བརྒྱུད་པའི་གསོལ་འདེབས། བློ་གྲོས་མཐའ་ཡས།


RTZ022_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །གདོད་མའི་མགོན་པོ་ཀུན་བཟང་འོད་དཔག་མེད། །ངེས་པ་ལྔ་ལྡན་གར་དབང་སྤྱན་རས་གཟིགས། །ཐུགས་རྗེའི་སྒྱུ་འཕྲུལ་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །དབྱིངས་ཕྱུག་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །རྒྱལ་སྲས་ལྷ་རྗེ་ཡེ་ཤེས་མཆོག་གྲུབ་རྒྱལ། །མཚན་ལྡན་ལྷ་ཡི་སྲས་མོ་ལེགས་བཞེར་མར། གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཟབ་གཏེར་མངའ་བདག་ཉི་མ་སེང་གེ་རྩལ། །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང་། །ཆོས་བདག་རིག་འཛིན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །འགྲོ་འདུལ་པདྨ་རྒྱལ་པོའི་དཀྱིལ་འཁོར་ལྷ། །རྒྱལ་བ་སྲས་བཅས་དཔའ་བོ་རྣལ་འབྱོར་མ། །ཆོས་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །སྨིན་བྱེད་གསོས་ཐེབས་སྒོམ་པའི་མཐུན་རྐྱེན་འབྱོར། །བསྐྱེད་རིམ་བརྟན་ཐོབ་བསྙེན་སྒྲུབ་མཐའ་རུ་ཕྱིན། །ཐུན་མོང་ཁྱད་པར་ལས་ཀྱི་སྦྱོར་བ་ཡིས། །མཁའ་ཁྱབ་འགྲོ་ཀུན་དབྱིངས་སུ་སྒྲོལ་བར་ཤོག །སེམས་བྱུང་རྙོག་མ་ཞི་ནས་ཆོས་ཉིད་མཐོང་། །ཟུང་འཇུག་ཉམས་འཕེལ་སྣང་རིག་ཚད་ལ་ཕེབས། །ཆོས་ཅན་འཁྲུལ་པ་ཆོས་ཉིད་དབྱིངས་སུ་ཟད། །ཡེ་ཤེས་རྩལ་ཁ་ཕྱོགས་མེད་རྒྱས་པར་ཤོག །བྱང་ཆུབ་སེམས་


RTZ022_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྐྱེས་བརྟན་གོང་དུ་འཕེལ། །ལམ་ལྔ་ས་བཅུ་སྐད་ཅིག་ཉིད་ལ་བགྲོད། །འགྲོ་འདུལ་པདྨ་རྒྱལ་དང་དབྱེར་མེད་པར། །ནམ་མཁའ་ཇི་སྲིད་གཞན་དོན་ལྷུན་གྲུབ་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་བརྒྱུད་པའི་གསོལ་འདེབས། བློ་གྲོས་མཐའ་ཡས།next