Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ། པདྨ་གར་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ། པདྨ་གར་དབང་།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ། པདྨ་གར་དབང་།


RTZ023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ་བཞུགས་སོ། །


RTZ023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །གསང་བ་ཡོངས་འདུས་ཐུགས་རྗེའི་གཏེར། །སྙིང་དབུས་བཀོད་ནས་གཏོར་མ་ལ། །བརྟེན་པའི་དབང་བཞི་གསལ་བར་བྱ། །འདི་ལ་གཉིས། གཤོམ་བཀོད་དང་། ལག་ལེན་དངོས་སོ། །དང་པོ་ནི། སྟེགས་གཙང་མར་རིན་པོ་ཆེའི་སྣོད་དུ་འབྲུ་ཕྱེ་མངར་གསུམ་སྤོད་སྣ་ཚོགས་སྦྱར་བ་ཆང་དང་འོ་མས་སྦྲུས་པ་ལས་རི་རབ་བང་རིམ་བཞི་པའི་སྟེང་ཟླུམ་སྐོར། དེ་སྟེང་པདྨ་འདབ་བརྒྱད་སྟེང་བུམ་པ་པདྨ་རིན་ཆེན་འབར་བས་ཁ་བརྒྱན་པ། རི་རབ་རྨངས་སུ་པདྨ་ཕྱི་ནང་སྦྲགས་པས་བསྐོར་བ་བཤམ། མདུན་སོགས་གར་བདེར་ཐོད་པ་དུམ་གཅིག་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་དྭངས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག །ཕྱི་ནང་གི་མཆོད་པ་སྤྱི་ལྟར། ལས་བུམ་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱ། གཉིས་པ་ནི། གསང་འདུས་ལས་བྱང་གི་གཞུང་བསྲང་། བདག་དང་མདུན་གྱི་གཏོར་མ་གཉིས་ཀ་དཀྱིལ་འཁོར་དུ་གསལ་བཏབ་ལ་སྤྲོ་བསྡུ་དམིགས་པ་བཅས་ཡིག་བདུན་ཅི་ནུས་སུ་བཟླ། ལས་བུམ་དུ་རྡོ་རྗེ་རྣམ་འཇོམས་བསྐྱེད་ལ་གཟུངས་ཐུང་དང་འཁྱིལ་པའི་སྔགས་བཟླས་ལ་ལྷ་བདུད་རྩིར་བཞུ། སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་རྣམས་ལོངས་ཁོམས་དང་བསྟུན་ལ་ཏིང་ངེ་འཛིན་གྱི་དབང་བླང་། དེ་ནས་སློབ་མ་རྣམས་ཁྲུས་བྱ་སྟེ། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བར་ཆད་གྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་


RTZ023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏ་ཛྙཱན་སྭཱ་བྷཱ་བ་ཨཱཏྨ་ཀོ་ཤུདྡྷོ྅་ཧཾ༔ ཞེས་དང་ཡིག་བརྒྱ་བཟླ། བགེགས་གཏོར་བསྔོས་ལ་བཀའ་བསྒོ་མཚམས་གཅོད་བྱ། སེམས་བསྐྱེད་གསལ་གདབ་ལ་དབང་བཤད་ཇི་ལྟར་རིགས་པ་དང་ཁྱད་པར། འདིར་སྤྲུལ་པའི་གཏེར་ཆེན་ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལ་སྨིན་བྱེད་རིན་ཆེན་གཏེར་བུམ་ཡན་ལག་བཅས་པ་དང་། དབང་བཞི་འབྲིང་དུ་བསྐུར་བ་དོན་དབང་ནོར་བུ་ལུགས་ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་གཉིས་ཡོད་པ་ལས་འདིར་ཆུ་བོ་བཞི་འདུས་ཀྱི་རྒྱུད་ལས། དབང་གི་ངོ་བོ་མདོར་བསྡུ་ན༔ དག་དང་སྨིན་དང་རྒྱུད་སྦྱོང་དང༔ ཡེ་ཤེས་གཞུག་པར་བྱ་བ་དང༔ བཅུ་གསུམ་རྡོ་རྗེའི་ས་ཐོབ་བར༔ འབྲས་བུ་བཞག་པར་བྱ་བ་སྟེ༔ སྨིན་པའི་ཚད་དུ་ཉམས་སུ་ལོངས༔ ཞེས་གསུངས་པ་ལྟར་དབང་གི་དོན་རྒྱུད་སྦྱོང་ཞིང་ཡེ་ཤེས་པ་གཞུག་པ་ལ་ཟབ་ཅིང་ཁྱད་པར་དུ་འཕགས་པ་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་རྫོགས་སུ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐུགས་རྗེ་ཆེ་དང་མཉམ་སྦྱོར་བ༔


RTZ023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསང་སྔགས་ཆེ་བའི་མཆོག༔ དབང་ཆེན་དབང་གི་བདག་ཉིད་ཀྱིས༔ བདག་ཅག་སྐལ་ལྡན་མཆེད་དང་ལྕམ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞིའི་ཡེ་ཤེས་མཆོག་ཐོབ་པར༔ མགོན་པོ་ཁྱོད་ཀྱིས་མཛད་དུ་གསོལ༔ ལན་གསུམ། བླ་མས། གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱེད་ཀྱིས་གལ་ཏེ་ཉམས་གྱུར་ན༔ དེ་ནི་ཡང་དག་ཉེས་ཆེན་པོ༔ དེ་བས་ཚུལ་བཞིན་བསྲུང་བ་དང༔ བཀའ་བཞིན་བསྒྲུབ་པ་ཁྱོད་སྤྲོ་འམ༔ ཁྱེད་རྣམས་སྐལ་བར་མི་ལྡན་ན༔ བདག་ཅག་ཐམས་ཅད་ཉེས་འགྱུར་ཏེ༔ དེ་བས་ཕྱི་རུ་དེངས་པར་རིགས༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། དགོངས་ཤིག་བླ་མ་མགོན་པོ་རྗེ༔ རྡོ་རྗེ་རིགས་མཆོག་ལ་སོགས་པ༔ བདག་ཅག་ཉེ་བར་གྱུར་པ་དེ༔ བཀའ་དང་དམ་ལས་མི་འདའ་སྟེ༔ ཚུལ་བཞིན་བསྒྲུབ་པར་བདག་ཅག་སྤྲོ༔ སྐུ་དྲིན་ཆེན་པོས་བཟུང་དུ་གསོལ༔ དེ་ལྟར་ནན་ཏན་གྱིས་གསོལ་བ་བཏབ་པ་ལ་སྣོད་རུང་དུ་བཟུང་ནས་རྡོ་རྗེའི་དམ་ཚིག་བསྒྲག་པ་ཡིན་ཏེ། དེ་ལྟར་ཁ་ཙམ་མ་ཡིན་པར༔ མི་འགལ་རྡོ་རྗེ་དམ་བསྲུང་ན༔ དམ་ཚིག་གི་ནི་རྡོ་རྗེ་ཟུངས༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ དམ་ཚིག་རྡོ་རྗེ་ལ་འཇུས་ཏེ་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། སློབ་དཔོན་ཕྱག་གི་རྡོ་རྗེ་ལ་འཇུར་གཞུག་སྟེ།


RTZ023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ཚིག་རྡོ་རྗེའི་མནའ་བོར་འཚལ༔ དམ་ལས་འདའ་ན་ན་ར་ཀན༔ ལས་བུམ་ཆུ་དང་བདུད་རྩི་བསྲེས་པ་བྱིན་ཏེ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་ཉམས་པས་ལུས་ངག་ཡིད༔ རུལ་མྱག་ཚིག་ཏེ་དམྱལ་བར་འགྲོ༔ བསྲུང་ན་ཡེ་ཤེས་སེམས་དཔར་འགྱུར༔ ཐར་པའི་ས་བོན་མཆོག་ཏུ་འགྱུར༔ དེ་ཕྱིར་དམ་ལ་གནས་པར་མཛོད༔ ས་མ་ཡ་བག་ཤ་སཱི་ཧཱུྃ༔ ཞེས་དམ་ལ་བཞག །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མཆོག་གསུམ་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང་ཡན་ལག་བདུན་པས་སྒྲིབ་པ་སྦྱང་ཞིང་ཚོགས་གསག་པ་དང་། སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ་སོ་སོའི་དམིགས་པའི་རྣམ་པ་བསྒོམ་དོན་སྤྱི་ལྟར་གསལ་ཐོབ་ལ་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་སོགས་དང་། རང་རིག་ལྷ་ལ་སོགས་དང་། ཀྱེ་མ༔ བདག་གིས་སོགས་ལས་བྱང་ལྟར་ལན་གསུམ་གསུམ་བྱ། དེ་ནས་དབང་གི་གཞིའམ་རྩ་བར་གྱུར་པ་ལྷའི་བསྐྱེད་རིམ་འབོགས་ཤིང་ཡེ་ཤེས་ཀྱི་བྱིན་རླབས་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛོད་ཅིག །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་གསང་བ་འདུས་པ་དངོས་སུ་གསལ་བ་དང་། ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གནས་ཁང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་


RTZ023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གི་དབུས་སུ་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐུར་གྱུར་པ་ནི། དམིགས་མེད་སྟོང་པའི་ངང་ཉིད་ལས༔ ཕོ་བྲང་ལྟེ་དབུས་འོད་ལྔའི་ཀློང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཡི་གེ་ཧྲཱིཿདམར་པོ༔ ཕར་འཕྲོས་རྒྱལ་བ་མཉེས་མཆོད་འབུལ༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཚུར་འདུས་དངོས་གྲུབ་བདག་ལ་བསྡུས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ རང་ཉིད་གསང་བ་འདུས་པའི་སྐུ༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པད་ཕྲེང་ཐུགས་ཀར་འཛིན༔ ཕྱག་གཡོན་ཚེ་བུམ་པད་སྡོང་བསྣམས༔ རིན་ཆེན་པད་ཕྲེང་རུས་རྒྱན་དང༔ དར་དཔྱང་རྒྱན་ཚོགས་དཔག་མེད་བརྒྱན༔ ཡུམ་མཆོག་གསང་བ་ཡེ་ཤེས་མ༔ ཕྱག་གཡས་ཨུཏྤལ་གཡོན་བདུད་རྩི༔ ཟུང་འཇུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཅེར་བུ་རྒྱན་དྲུག་པད་ཕྲེང་མཛེས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ གཉིས་མེད་ཟུང་འཇུག་དག་ཏུ་སྒོམས༔ དེ་ལྟར་གསལ་བའི་སྙིང་གི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་དྲུག་པ་དེའི་འོག་ཏུ་གཡོ་བྱེད་རླུང་གི་ས་བོན་ཡཾ་གིས་མཚན་པ། དེའི་སྙིང་གི་དཀྱིལ་དུ་ཡེ་ཤེས་སེམས་དཔའ་བསྒོམས་པ་དང་འདྲ་བ་ཚོན་གང་བའི་ཐུགས་ཀར་པད་འདབ་དྲུག་ལ་ཡིག་


RTZ023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དྲུག །ལྟེ་བར་ཧྲཱིཿགསལ་བ་ལ་བླ་མས་ཧྲཱིཿཞེས་པའི་དབྱངས་དང་ཡཾ་ཞེས་རིང་བར་བརྗོད་པས། བླ་མའི་ཐུགས་ཀ་ནས་ཧྲཱིཿདང་ཡཾ་འཕྲོས། སློབ་བུའི་ཐུགས་ཀའི་ཡིག་འབྲུ་གཉིས་ལ་ཕོག་པས་ཡཾ་ལས་རླུང་རེ་རེ་གཡོས་པས་འཁོར་ལོ་རྩིབས་དྲུག་སྙིང་ཡེ་ཤེས་སེམས་དཔའ་དང་བཅས་པ་དྲག་ཏུ་འཁོར་བ་ལ་རྩེ་གཅིག་ཏུ་གཏད་ཅིང་། ཡེ་ཤེས་སེམས་དཔའ་དང་ཧྲཱིཿལས་འོད་ཕྱོགས་བཅུར་ཁྱབ་པས་སྤྱིར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་དུ་པོ་ཊ་ལ་ནས་ཡེ་ཤེས་པ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་། འོག་མིན་ནས་རྒྱལ་བ་རིགས་ལྔའི་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་ཐིབ་ཐིབ་ནམ་མཁར་བྱོན་ནས་སློབ་བུའི་སྤྱི་བོ་ནས་མར་ཐིམ་ཞིང་ཁྱད་པར་དུ་ཐུགས་ཀར་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་སྒོམས་ཤིག །སྤྲོ་ན་ལས་བྱང་གི་བྱིན་འབེབ་བརྗོད། རོལ་མོ་བསྒྲག །འབེབ་རྫས་བདུག །ཡིག་བདུན་ཤམ་བུར། བཛྲ་ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧྲཱིང༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ལ་དབབ། དེ་ལྟར་བབས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་གོ །དེ་ནས་གཏེར་གཞུང་གི་དགོངས་


RTZ023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏོར་དབང་བསྐུར་བའི་ཚིགས་རྐང་དྲུག་པོ་ཚར་གཅིག་དང་སྔགས་རྣམས་ཀྱིས་གནས་བཞིར་དབང་བསྐུར་བ་ཙམ་ཡིན་པས་དེ་ཀས་འཐུས་ཀྱང་། ཆགས་མེད་རིན་པོ་ཆེས་སྒྲུབ་ཁོག་གི་དབང་བཞི་དང་སྦྲེལ་ནས་བསྐུར་བའི་ཕྱག་རྒྱུན་འབྱུང་བ་ལྟར། གཏོར་མ་ཐོགས་ལ། གཏོར་སྣོད་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། གཏོར་མ་ཉིད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡབ་ཡུམ་རིགས་བདག་ཡེ་ཤེས་སེམས་དཔའ་དང་བཅས་པའི་འཁོར་དུ་ནོར་འཛིན་གསང་འཛིན། རྒྱལ་བ་རིགས་ལྔ། སེམས་དཔའ་ལྕམ་དྲལ་བཅུ་དྲུག །ཐུབ་པ་རིགས་དྲུག །བསྐལ་བཟང་སངས་རྒྱས་སྟོང་རྩ། ཁྲོ་ཆེན་སྒོ་བ་བཞི། གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་ཐུགས་རྗེ་ཆེན་པོའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པར་སྒོམས་ཤིག །ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ ལོངས་སྐུ་རྒྱལ་བའི་སྤྲིན་ཚོགས་གཏིབས༔ ཐུགས་རྗེའི་སྤྲུལ་སྐུ་བླ་ན་མེད༔ གཏོར་མ་སྐུ་གསུམ་ཡོངས་རྫོགས་དཔལ༔ སྐལ་ལྡན་དབང་བཞི་ཡོངས་རྫོགས་ནས༔ འབྲས་བུ་སྐུ་བཞི་ཐོབ་པར་ཤོག༔ ཧཱུྃ༔ བདེར་གཤེགས་མ་ལུས་འདུས་པའི་སྐུ༔ སྐུ་དབང་ལུས་ལ་ཡོངས་རྫོགས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔


RTZ023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག །དེས་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། སྣང་བ་སྐུའི་ཁྱེར་སོ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཡང་རིགས་མཆོག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག །ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ སོགས་ཚིག་རྐང་དྲུག་གི་འཕྲོས། འགག་མེད་རྣམ་གྲོལ་སྙིང་པོའི་གསུང༔ གསུང་དབང་ངག་ལ་ཡོངས་རྫོགས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་བཞག །དེས་ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ། གྲགས་པ་གསུང་གི་ཁྱེར་སོ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཡང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་རབ་ཏུ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག །ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ སོགས་ཀྱི་མཐར། སྤྲོས་མེད་མཐའ་བྲལ་ཡེ་ཤེས་ཐུགས༔ ཐུགས་དབང་སེམས་ལ་ཡོངས་རྫོགས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔


RTZ023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །དེས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་བསྒོམ་པར་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཡང་ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །ཧཱུྃ༔ རང་བཞིན་སྐྱེ་བ་མེད་པ་ལས༔ སོགས་ཀྱི་མཐར། མ་ལུས་སྐུ་གསུང་ཐུགས་ཡོན་ཕྲིན༔ དབང་བཞི་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལྟེ་བར་གཏུགས། དེས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཐོབ། རིམ་གཉིས་ཀྱི་རྣལ་འབྱོར་དང་ཕྲིན་ལས་སྒྲུབ་པ་ལ་དབང་། འབྲས་བུ་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེས་གཏོར་མ་ལ་བརྟེན་པའི་དབང་བཞི་ཡོངས་རྫོགས་ཐོབ་པ་ཡིན་པས་དེ་ལྟར་ངེས་ཤེས་སྐྱེད་མཛོད། ཁྱད་པར་ནང་གི་དབང་བསྐུར་བ་ལ་བྷནྡྷ་འདིའི་ནང་དུ་ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཉིད་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། རྩ་ཁམས་ཐམས་ཅད་ལ་ཁྱབ་ཅིང་གང་བས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་སྒོམས་


RTZ023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཐོད་པ་མགྲིན་པར་གཏུགས་ཤིང་བདུད་རྩི་བླུད་ལ། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩི་ཆེ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ༔ རྩ་ཁམས་བདེ་བའི་རང་བཞིན་ལ༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ བྷོ་དྷི་ཙིཏྟ་ཨ་ཧོ་སུ་ཁ་ཨཱ༔ གསང་བའི་དབང་བསྐུར་བའི་སླད་དུ་མེ་ལོང་དང་མན་ཤེལ་གྱིས་མཚོན་ནས་གདོད་མའི་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་དོན་རྟོགས་པར་གྱིས་ཤིག །ཤེལ་རྡོ་མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ༔ ཤེལ་སྒོང་ལྟར་དག་དྲི་མེད་ཐུགས༔ ཀ་དག་ཐུགས་ཀྱི་དབང་བསྐུར་རོ༔ ཆོས་དབྱིངས་སྤྲོས་བྲལ་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ས་མཱ་ཏི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཁོ་ན་ཉིད་རིག་པ་རྩལ་གྱི་དབང་བསྐུར་བ་ཡིན་པས། ཁྱེད་རང་རྣམས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་གསང་བ་འདུས་པའི་སྐུ་གསལ་ལ་རང་བཞིན་མེད་པར་སྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །ཧཱུྃ༔ སྟོང་གསལ་རིག་ཅིང་མ་འགགས་གསལ། མི་བསྒོམ་མ་ཡེང་ངང་ལ་ཞོག༔ རང་བྱུང་རྩལ་དབང་ཡོངས་རྫོགས་དཔལ༔ བསྐུར་ཐོབ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ སརྦ་ཙིཏྟ་བཾ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལན་གསུམ་བསྐྱར་ལ་ངོ་སྤྲོད་


RTZ023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་སོ། །དེས་དབང་འབྲིང་པོ་གྲུབ་པས་རྗེས་ཀྱི་བྱ་བ་ལ་འཇུག་ཀྱང་ཆོག །འཆད་འགྱུར་བྱིན་རླབས་དང་བཟླས་ལུང་སྦྲེལ་ནའང་ལེགས་པས་ལྷག་སྐྱོན་མེད་དོ། །ཡང་ཤིན་ཏུ་བསྡུས་པའི་ལུགས་ཁྲོམ་དབང་སོགས་ལ་སྟབས་བདེར་བྱེད་ན། མཎྜལ་དང་གསོལ་བཏབ་ཙམ་གྱི་རྗེས་སྐྱབས་འགྲོ་ཡན་ལག་བདུན་པ་སེམས་བསྐྱེད་རྣམས་བྱར་གཞུག །སློབ་མ་ལྷར་བསྐྱེད། གཏོར་མ་ཡེ་ཤེས་པར་གསལ་བའི་བྱིན་རླབས་འབེབ་པར་དམིགས་ལ་གཏོར་དབང་ཚིག་རྐང་དྲུག་པོ་དང་ཡིག་བདུན་སྔགས་ཤམ་བཅས་པས་དབང་བསྐུར། བཟླས་ལུང་སྦྱིན། ཧཱུྃ༔ སྟོང་གསལ་རིག་ཅིང་སོགས་ཀྱིས་ངོ་སྤྲད་པས་ཀྱང་དབང་རྫོགས་པར་འགྱུར་བ་གཞུང་ཉིད་ལས་གསུངས་སོ། །དེ་དག་གང་གི་ཡང་མཐར་སྤྱི་ལུགས་ལྟར་གཏོར་མའི་བཀའ་བསྒོ་བྱེད་ན། དེ་ནས་གཏོར་མའི་བྱིན་རླབས་བྱ་བ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །གཏོར་མ་འདི་ཉིད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལྷ་ཚོགས་སྟེང་གི་ཆ་ལ་བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་སྤྱི་བོར་བྱོན་ནས་འོད་དུ་ལྟེམ་གྱིས་ཞུ་ནས་ཐིམ་པས། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་བསྒོམ་ལ། སེམས་མ་བཅོས་པར་རང་བབས་སུ་ཀློད་ལ་ཞོག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ།


RTZ023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། རང་བྱུང་མཚོ་སྐྱེས་རྡོ་རྗེ་ལ་སོགས་པ་བཀའ་བབས་རིན་ཆེན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ །རིགས་བདག་འོད་དཔག་མེད། ཐུགས་སྲོག་དབང་ཆེན་རྟ་མགྲིན། སྲས་ནོར་བུ་འཛིན་པ། སྲས་མོ་གསང་སྔགས་འཛིན་མ། རྒྱལ་བ་རིགས་ལྔ་ཡབ་ཡུམ། སེམས་དཔའ་བརྒྱད། སེམས་མ་བརྒྱད། སྤྲུལ་སྐུ་ཐུབ་པ་དྲུག །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས། སྒོ་བ་བཞི་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །དབང་བཞི་རྫོགས་པར་མཛད་དུ་གསོལ། སྨིན་ཅིང་གྲོལ་བར་མཛད་དུ་གསོལ། སྡིག་ལྟུང་གི་དྲི་མ་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་ཐར་བར་མཛད་དུ་གསོལ། ཚེ་བསོད་ཉམས་རྟོགས་འཕེལ་བར་མཛད་དུ་གསོལ། འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་


RTZ023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱི༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་ཀ་པ་ཙ་ཝ༔ ཁ་ཕ་ཚ་ཡ༔ ག་པ་ཛ་ར༔ ཕ་གྷ་ལ་ཛྙཱ་ན་སྭཱ་ཧཱ༔ ཨོཾ་མུ་ནེ་ཀྵཾ་ཡེ་ཀྲུཾ་ཀྲེཾ་ནྲྀ་ཏྲི་ཧཱུྃ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་དང་ཁྲོམ་མང་ལྟ་བུ་ལ་ཛཔ྄་དབྱངས་བྱ་ཞིང་འགྲིམས། དེ་ནས་བཟླས་པའི་ལུང་བླང་བའི་སླད་དུ། ཁྱེད་རང་རྣམས་ཀྱིས་སློབ་དཔོན་དང་ཡི་དམ་གྱི་ལྷ་ཚོགས་ལ་མེ་ཏོག་དམར་པོའི་ཕྲེང་བ་རེ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ཐུགས་རྗེ་ཆེན་པོ་བདག་གིས་བཟུང་ལགས་ཀྱིས། བདག་ལ་འགོ་བར་མཛད་དུ་གསོལ། ཉེ་བར་མཛད་དུ་གསོལ། བརྟན་པར་མཛད་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱེ་རུའི་ཕྲེང་བ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཧྲཱིཿཡིག་གི་མཐར་འཁོད་པའི་མོས་པས་རྗེས་ཟློས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ལན་གསུམ་འཛབ་དབྱངས་སུ་བྱས། སྔགས་ཕྲེང་མེ་ཏོག་དམར་པོའི་ཕྲེང་བར་བྱས་ཏེ་སྤྱི་བོར་བཅིང་བར་སྒོམས་ཤིག །ཉུང་ན་འབྲུ་སྤྱི་བོར་བཞག །མང་ན་མེ་ཏོག་འཐོར་ཞིང་། ཐུགས་རྗེ་ཆེན་པོ་འདི་ལ་བསྩལ་ལགས་ཀྱིས། འདི་ལ་འགོ་བར་


RTZ023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། རྡོ་རྗེའི་སློབ་མ་འདི་རྣམས་ལ་ཡི་གེ་བདུན་པའི་བྱིན་རླབས་འཇུག་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བྱ། དེ་དག་གང་གི་མཐར་ཡང་ཤིས་བརྗོད་རྒྱས་པར་སྤེལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱ། སློབ་དཔོན་གྱིས་སྔར་ཚོགས་མཆོད་བྱས་ན་ཚོགས་རོལ་ལྷག་ཆོག་ཕྱིན་དང་། ཚོགས་མེད་ན་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་བར་ལས་བྱང་གི་དཀྱུས་ལྟར་བྱའོ། །ལམ་རྒྱུད་ལྔས་བསྡུས་ཡིད་ཅན་ཀུན། །འདིར་འབྲེལ་འཕགས་པའི་ཐུགས་རྗེས་ཟིན། །སྲིད་རྩ་ཟད་ནས་ཕྱམ་གཅིག་ཏུ། །བདེ་ལྡན་ཞིང་དུ་རྣམ་གྲོལ་ཤོག །ཅེས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་ཟབ་ཆོས་འདི་ཉིད་ཀྱི་སྨིན་བྱེད་ཆ་ཚང་བར་བཞུགས་སུ་གསོལ་བའི་ཆེད་དུ། པདྨ་གར་དབང་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་མདོར་བསྡུས་ཏེ་བཀོད་པ་དགེ་ལེགས་འཕེལ།། །།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ། པདྨ་གར་དབང་།next