Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི། བློ་གྲོས་མཐའ་ཡས།next

ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི། བློ་གྲོས་མཐའ་ཡས།


RTZ023_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །


RTZ023_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། གང་གི་མཚན་དང་རིག་སྔགས་ཀྱིས། །འཁོར་བ་དོང་སྤྲུགས་གངས་ཅན་མགོན། །མི་ཕྱེད་དད་པས་གཙུག་བཀོད་དེ། །རིག་གཏད་ཆོ་ག་རྣམ་གསལ་བྱ། །མཆོག་དམན་ཀུན་ལ་ཉམས་ལེན་བདེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་གྲོལ་བ་བཞི་ལྡན་འདིའི་རིག་པ་གཏད་པའི་རྗེས་གནང་ལ་རྒྱས་བསྡུས་གཉིས་ཕྱག་བཞེས་སུ་མཛད་པ་ལས། རྒྱས་པར་སྤྲོ་ན། སྟེགས་བུའི་དབུས་སུ་པདྨ་འདབ་མ་དྲུག་པ། དེའི་ལྟེ་བར་ཐུགས་རྗེ་ཆེན་པོའི་སྐུ །གཡས་སུ་སྔགས་བྱང་། གཡོན་དུ་མེ་ལོང་། འདབ་མ་དྲུག་ལ་ཡི་གེ་དྲུག་རེ་རེ་བྲིས་པའི་ཙཀླི །མདུན་སོགས་གང་བདེར་བུམ་པ་བཅུད་ལྡན། ཉེར་སྤྱོད་ཀྱི་མཆོད་པ་ཅི་འབྱོར་བཅས་བཤམ། བདག་མདུན་སོ་སོར་གསལ་བཏབ་ལ་བཟླས་པ་གསོལ་འདེབས་བར་བྱ། དེའང་བརྗོད་ཚིག་གཅིག་གིས་བསྒོམ་པའམ་ཐ་དད་དུ་བསྒྲུབས་ཀྱང་ལེགས། དེ་ནས་མདུན་གྱི་ལྷའི་སྐུ་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་། བུམ་པའི་གཟུངས་ཆབ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ་ཡིག་དྲུག་ཅི་རིགས་པ་ཟླ་བ་རྣམས་སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ། ཁྲུས། སྔོན་གཏོར་སྲུང་འཁོར་བཅས་སྤྱི་ལྟར་རམ། སྒོ་དྲུང་དུ་ཆབ་ཀྱིས་ཁ་བཤལ་བ་ཙམ་བྱ། གྲལ་ལ་འཁོད་ནས་སེམས་བསྐྱེད་སོགས་གསལ་བཏབ་ལ། དེའང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་རང་གཟུགས་


RTZ023_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་ནས་སྲིད་པའི་རྒྱ་མཚོ་གཏིང་ནས་སྤྲུགས་པའི་ཕྲིན་ལས་རྒྱུན་ཆད་མི་མངའ་ཞིང་རྒྱལ་བ་རྒྱ་མཚོའི་ཡབ་ཏུ་གྱུར་པ། ཁྱད་པར་གདོང་དམར་ཤ་ཟ་བོད་ཡུལ་མུན་པའི་གླིང་འདིར་ཐུགས་རྗེའི་ཉི་འོད་ལྷག་པར་བརྡལ་བས་ཐར་པའི་ལམ་མཁན་གཅིག་པུར་གྱུར་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒྲུབ་ཐབས་སྔ་ན་མེད་པའི་གྲོལ་བ་བཞི་ལྡན་གྱི་ངོ་མཚར་ཅན་འདི་ནི། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཐུགས་རྒྱུད་གཅིག་པ་མངའ་རིས་སྟོད་ཀྱི་གུ་གེ་རོང་དུ་བྱུང་བའི་སྦས་པའི་རྣལ་འབྱོར་པ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་མི་ཡུལ་དུ་དགུང་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་། སྐུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་མཐར་སྐུ་འོད་ཀྱི་ཕུང་པོར་ཐིམ་པ་དེ་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་མངོན་སུམ་དུ་བསྩལ་པའི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་སྟེ། དེ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་འདིའང་། འཕགས་པ་འཇིག་རྟེན་དབང་ཕྱུག་དང་ཐ་དད་མེད་པའི་གྲོལ་བ་བཞིའི་ཕྲིན་ལས་མངའ་བ། མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་རྒྱལ་པོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་མངའ་རིས་གྲུབ་ཆེན་ཉིད་ཀྱིས་དངོས་སུ་བསྩལ་བ་སྟེ། དེ་ཉིད་ཀྱི་རིག་པ་གཏད་པའི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ལ་


RTZ023_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ། གངས་རིའི་མགོན་པོ་སྤྱན་རས་གཟིགས། །བདག་གསོལ་འདེབས་བུ་ལ་བརྩེ་བས་དགོངས། །རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གསུམ། བདག་སོགས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ། སྒོ་གསུམ་རྩེ་གཅིག་གུས་པས་དུས་རྟག་པར་སྐྱབས་སུ་མཆིའོ་སྙམ་དུ་སྐྱབས་འགྲོའི་སྡོམ་པས་གཞི་བཏིང་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། བདེ་དང་མི་འབྲལ་བའི་དགའ་བ། ཕྱོགས་རིས་མེད་པའི་བཏང་སྙོམས་ཏེ་ཚད་མེད་བཞིའི་སྒོམ་རིམ་གསལ་ཐོབ་ལ་འདིའི་རྗེས་ཟློས། མགོན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མ་འགྲོ་དྲུག་དོན་དུ་བྱང་སེམས་བསྐྱེད། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གསུམ། དེ་ནས་


RTZ023_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་སྐུའི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཁྱེད་རང་རྣམས་བརྗོད་ཚིག་དང་མཐུན་པར་སྤྱན་རས་གཟིགས་ཀྱི་སྐུ་རྟེན་དང་བརྟེན་པར་བཅས་པ་གསལ་འདེབས་བཞིན་པའི་ངང་། ཚིག་འདི་རྣམས་ཀྱང་རྗེས་ཟློས་མཛོད་ཅིག །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་། །གནས་ཡུལ་ཀུན་རི་བོ་པོ་ཏ་ལའི། །ཞིང་གཞལ་ཡས་ཁང་བཅས་གསལ་ལ་རྫོགས། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེ་དབུས་སུ་རང་ཉིད་སྤྱན་རས་གཟིགས། །སྐུ་དཀར་གསལ་འོད་ཟེར་འབུམ་ཕྲག་འཕྲོ། །མཚན་དཔེ་བྱད་ཞི་འཛུམ་སྒེག་པའི་ཉམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་འོག་མས་ཤེལ་གྱི་ཕྲེང་བ་དང་། །གཡོན་འོག་མས་པདྨ་དཀར་པོ་བསྣམས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐྲ་མཐོན་མཐིང་ཐོར་ཚུགས་སྤྱི་བོར་བཅིངས། །ལྷག་མ་རྣམས་ལྕང་ལོའི་ཚུལ་དུ་འཕྱང་། །སྤྱི་གཙུག་ཏུ་ནོར་བུ་འབར་བས་མཚན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དར་སྣ་ཚོགས་ཅོད་པན་ན་བཟས་བཀླུབས། །རྒྱན་རིན་ཆེན་དུ་མས་ཀུན་ནས་མཛེས། །རི་དྭགས་ཀྱི་པགས་པས་ནུ་གཡོན་བཀབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། སྐུ་བ་སྤུའི་ཁུང་བུ་རེ་རེ་བཞིན། །ཇི་སྙེད་ཀྱི་ཞིང་ཁམས་རབ་འབྱམས་རྫོགས། །དེ་


RTZ023_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གསུང་ཕྱི་ནང་སྣོད་བཅུད་སྒྲ་སྐད་ཀུན། །སྔགས་ཡི་གེ་དྲུག་ཏུ་བྱིན་བརླབས་པས། །མཐོང་ཐོས་དང་དྲན་རེག་གྲོལ་བར་མཛད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་སྟོང་ཉིད་ངང་ལས་མ་གཡོས་བཞིན། །གདངས་དམིགས་མེད་སྙིང་རྗེ་ཆེན་པོ་ཡིས། །མ་འགྲོ་དྲུག་ཀུན་ལ་བུ་ལྟར་དགོངས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གདན་པད་དཀར་ཟླ་བ་རྒྱས་པའི་སྟེང། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱོགས་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་པོ། །ཧཱུྃ་མཐིང་གའི་ཡི་གེ་གསལ་ལ་འཚེར། །དོན་རྡོ་རྗེ་གསུམ་གྱི་ངོ་བོར་རྫོགས། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་དྭངས་མའི་སྲོག་ལས་འོད་ཟེར་འཕྲོས། །ཡེ་ཤེས་ཀྱི་སེམས་དཔའ་ཆར་ལྟར་བབས། །དམ་ཚིག་གི་ཕྱག་རྒྱར་དབྱེར་མེད་ཐིམ། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། སློབ་དཔོན་གྱིས་དྲིལ་གསིལ་དང་། སྤོས་བདུག་ལ་ཡིག་དྲུག་འུར་འདོན་མང་དུ་བྱ། བུམ་དབང་བསྐུར་ལ། སླར་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་ཞིང་སྒྲིབ་དག་ཡོན་ཏན་རྫོགས། །དཔལ་སྣང་བ་མཐའ་ཡས་དབུ་ལ་བརྒྱན། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེ་རྣམས་ཀྱིས་ཡན་ལག་བཞི་རྫོགས་པའི་བསྐྱེད་རིམ་མཚན་ཉིད་ལྡན་པ་སོང་ནས་རྗེས་འབྲེལ་དུ་ཕྱག་མཆོད་བསྟོད་པ་རྣམས་ཀྱང་སོ་སོའི་བསྒོམ་བྱ་གསལ་ཐོབ་ལ་རྗེས་ཟློས། སྤྱིར་འགྲོ་དྲུག་ཀུན་ལ་བུ་ལྟར་བརྩེ། །


RTZ023_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་གངས་ཅན་འགྲོ་ལ་ལྷག་པར་དགོངས། །མགོན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱུ་དངོས་སུ་བཤམས་པས་མཚོན་བྱས་ཏེ། །རྐྱེན་ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །ཟག་མེད་ཀྱི་མཆོད་སྤྲིན་རྒྱ་མཚོ་འབུལ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཐབས་ཤེས་རབ་མཆོག་ལ་མངའ་བརྙེས་ཤིང་། །དཔལ་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །མགོན་སྤྱན་རས་གཟིགས་ལ་གུས་པས་བསྟོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་སྐུ་ལྷ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ནས་འཕགས་པའི་སྐུ་སྣང་སྟོང་ཆུ་ཟླ་ལྟ་བུ་བསྒོམ་པ་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །གཉིས་པ་གསུང་གི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ཐུགས་སྲོག་སྔགས་ཕྲེང་བཅས་གསལ་འདེབས་པ་དང་། སྤྲོ་བསྡུ་དང་པོས་བྱིན་རླབས་བསྡུ་བ། བར་པས་རིགས་དྲུག་གནས་སྦྱོང་། ཐ་མས་དག་སྣང་ལམ་ཁྱེར་གྱི་ཏིང་ངེ་འཛིན་རིམ་པར་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཐུགས་པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ འདབ་མ་རྣམས་ཡི་གེ་དྲུག་པས་མཚན། །སྔགས་རང་སྒྲ་སྒྲོག་ཅིང་འོད་ཟེར་འབར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ངག་བཟླས་པའི་རྐྱེན་གྱིས་བསྐུལ་བ་ལས། །ཧྲཱིཿཡིག་གི་འོད་ཀྱིས་འཕགས་པ་མཆོད། །བྱིན་རླབས་ཀུན་ཚུར་


RTZ023_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བདག་ལ་ཐིམ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། འདིར་ཡིག་དྲུག་བརྒྱ་རྩ་འུར་འདོན་བྱ། དེ་ནས་ཨོཾ་སོགས་ཡིག་དྲུག་ཙཀླི་སོ་སོར་སྤྱི་བོར་བཞག་ལ། ཨོཾ་དཀར་པོ་ལྷ་ཡི་ཡུལ་དུ་འཕྲོས། །རྒྱུད་ང་རྒྱལ་འཕོ་ལྟུང་སྡུག་བསྔལ་སྦྱངས། །དོན་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མ་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས། །རྒྱུད་ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱངས། །དོན་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཎི་སེར་པོ་མི་ཡི་ཡུལ་དུ་འཕྲོས། །རྒྱུད་ཐེ་ཚོམ་བྲེལ་ཕོངས་སྡུག་བསྔལ་སྦྱངས། །དོན་རང་བྱུང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། པད་མཐིང་ག་དུད་འགྲོའི་ཡུལ་དུ་འཕྲོས། །རྒྱུད་གཏི་མུག་བླུན་རྨོངས་སྡུག་སྦྱངས། །དོན་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། མེ་དམར་པོ་ཡི་དྭགས་ཡུལ་འཕྲོས། །རྒྱུད་འདོད་ཆགས་བཀྲེས་སྐོམ་སྡུག་སྦྱངས། །དོན་སོར་རྟོག་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཧཱུྃ་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། །རྒྱུད་ཞེ་སྡང་ཚ་གྲང་སྡུག་བསྔལ་སྦྱངས། །དོན་མེ་ལོང་ཡེ་ཤེས་མངོན་དུ་གྱུར། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། སྐུ་དང་སྔགས་བྱང་མེ་ལོང་རྣམས་གནས་གསུམ་དུ་བཞག་ལ། ཁམས་གསུམ་གྱི་གཟུགས་སྣང་སྤྱན་རས་གཟིགས། །སྒྲ་གྲགས་ཀུན་སྔགས་ཀྱི་རང་སྒྲར་འུར། །དྲན་རྟོག་གི་གཟུང་འཛིན་འོད་གསལ་ངང་། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་གསུང་སྙིང་པོ་བཟླ་བ་ལ་དབང་བ་ཡིན་


RTZ023_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པས། རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་དྲུག་མའི་བཟླས་པ་ཆུ་བོའི་རྒྱུན་ལྟ་བུར་མི་ཆད་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་རིག་པ་གཏད་པའི་རྗེས་སུ་གནང་བ་ཡིན་པས། ཚིག་དོན་སྒོམ་ལ་མཉམ་པར་འཇོག་བཞིན་པས་རྗེས་ཟློས་མཛོད། སྣང་གྲགས་ཀུན་འོད་གསལ་དབྱིངས་སུ་ཐིམ། །གཞི་མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །ལམ་བྱར་མེད་འཕགས་པའི་རང་ཞལ་བལྟ། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དལ་གཅིག་བཞག །མཁའ་ཁྱབ་ཀྱི་སྟོང་ཉིད་ནམ་མཁའི་ངང་། །སླར་འཕགས་པའི་སྐུ་རུ་ལམ་གྱིས་ལྡངས། །བྱམས་སྙིང་རྗེས་འགྲོ་བའི་དོན་ལ་སྤྱོད། །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། དེས་སེམས་ཆོས་ཉིད་ཀྱི་གནས་ལུགས་བསྒོམ་པ་ལ་དབང་བ་ཡིན་པས། །དེང་ནས་མ་བཅོས་གཉུག་མ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་དང་མ་བྲལ་བར་གྱིས་ཤིག །དེ་ནས་མེ་ཏོག་འཐོར་ལ། སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །མགོན་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས། །ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་དང་གཞན་ཡང་བཀྲ་ཤིས་རྒྱས་པར་བརྗོད་པས་མངའ་དབུལ། དེ་ལྟ་བུའི་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་འདེབས་པ་འདིའི་རྗེས་ཟློས། བདག་སྒོམ་བཟླས་འདི་ཡིས་མཚོན་བྱས་ཏེ། །དུས་གསུམ་དུ་བསགས་པའི་དགེ་བའི་མཐུས། །མ་འགྲོ་དྲུག་འཁོར་བ་དོང་


RTZ023_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུགས་ཤོག །ལྷ་ཐུགས་རྗེ་ཆེན་པོར༴ ཨོཾ་མ་ཎི་པདྨེ་ཧཱུྃ། ནམ་ཚེ་འདིའི་སྣང་བ་འཕོས་མ་ཐག །ནུབ་བདེ་ཅན་ཞིང་དུ་སྐྱེས་ནས་ཀྱང་། །བྱང་ཆུབ་ཀྱི་གོ་འཕང་མྱུར་ཐོབ་ཤོག །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེས་ཡི་གེ་དྲུག་པ་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པའི་རིག་གཏད་རྒྱས་པ་ཐོབ་པ་ཡིན་པས། རྩ་བ་རྡོ་རྗེའི་གསུང་ལས། ཉིན་རེ་བཞིན་མ་ཆག་པར་བྱས་ན་འཆི་འཕོས་མ་ཐག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གདོན་མི་ཟའོ། །ཞེས་གསུངས་པ་ལགས་པས་འཕགས་པ་སྤྱན་རས་གཟིགས་ཡི་དམ་གྱི་ལྷར་འཛིན་ཅིང་འདིའི་སྒོམ་བཟླས་མ་ཆག་པར་བྱ་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཆོག་མཆོད་བསྟོད། ནོངས་བཤགས། མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་ཤིས་སོགས་མཐར་དབྱུང་ངོ་། །དེ་ནི་རིག་གཏད་རྗེས་གནང་གཞན་དང་སྒོ་བསྟུན་ཏེ་ཅུང་ཟད་རྒྱས་པར་བྱ་བའི་ཚུལ་ཡིན། བསྡུ་ན་གྲུབ་ཆེན་རང་གི་ཕྱག་བཞེས་ལྟར། སྐྱབས་སེམས་ནས་བཀྲ་ཤིས་ཀྱི་བར་སློབ་དཔོན་གྱི་ངག་ནས་བརྗོད་རིམ་བཞིན་སློབ་མས་རྗེས་ཟློས་དང་དམིགས་པ་སྤོད་སྒོམ་བྱས་པས་གྲུབ་པ་ཡིན་ལ། རྒྱས་བསྡུས་གང་ལྟར་ཡང་མཚམས་རྣམས་སུ་ཡིག་དྲུག་ཅི་རིགས་འུར་འདོན་ལྷན་ཅིག་བྱ་བ་ཡིན་ནོ། །འབྲེལ་བཅས་ལས་ཉོན་དྲི་བྲལ་ནས། །འཕགས་པའི་ཞིང་ཁམས་ཉམས་དགའ་བ། །


RTZ023_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཀོད་པར་བརྫུས་ཏེ་སྐྱེས། །རྒྱལ་ལས་ལུང་བསྟན་མཆོག་ཐོབ་ཤོག །ཅེས་རང་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་གྱིས་ཉེ་བར་དྲངས་ཏེ། ཀུན་མཁྱེན་བླ་མ་འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་ཀྱི་ཞལ་ལུང་ཇི་ལྟར་གནང་བ་བཞིན། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཆེན་ལྔ་འདུས་སྒྲུབ་ཆེན་རྣམ་དགུའི་ཕོ་བྲང་གི་བྱེ་བྲག་གསུང་མཆོག་འཆི་མེད་པདྨའི་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།། །།


previousཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གསོལ་འདེབས་སྒྲུབ་ཐབས་དང་འབྲེལ་བའི་རིག་གཏད་ཆོ་ག་མཆོག་དམན་སྙིང་གི་བདུད་རྩི། བློ་གྲོས་མཐའ་ཡས།next