Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་བདག་གི་རྣལ་འབྱོར་བསྡུས་པ། མཆོག་གྱུར་བདེ་ཆེན་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་བདག་གི་རྣལ་འབྱོར་བསྡུས་པ། མཆོག་གྱུར་བདེ་ཆེན་གླིང་པ།next

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་བདག་གི་རྣལ་འབྱོར་བསྡུས་པ། མཆོག་གྱུར་བདེ་ཆེན་གླིང་པ།


RTZ025_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས༔ བདག་གི་རྣལ་འབྱོར་བསྡུས་པ་བཞུགས༔


RTZ025_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾཊ་སུཾ་མ༔ རང་བྱུང་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་འཁོར་ལོ་ཐུགས་རྗེ་ཆེའི༔ བདག་གི་རྣལ་འབྱོར་བསྒོམ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་བསགས༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གདོད་ནས་སྟོང་པ་ཆེན་པོའི་ངང༔ སྙིང་རྗེ་སྒྱུ་མ་རིག་པའི་རྩལ༔ ཧྲཱིཿཡིག་ཟླ་བ་ལྟ་བུར་ཤར༔ ཧྲཱིཿཡི་འོད་ལས་གཞལ་ཡས་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་དབུས༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་བརྒྱད་འཛུམ་པའི་མདངས༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ ཕྱག་བརྒྱད་དང་པོ་ཆོས་དབྱིངས་རྒྱ༔ རྡོ་རྗེ་


RTZ025_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྔ་གདེངས་ཏེ་འཛིན༔ དེ་འོག་ནོར་བུ་བུམ་པ་སྦྲེང༔ དེ་འོག་པད་སྡོང་ཁ་ཊྭཱཾ་གསོར༔ ཐ་མས་ལྕགས་ཀྱུ་ཞགས་པ་བསྣམས༔ བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔ འོད་ཟེར་འཇའ་ཚོན་འཕྲོ་བའི་ཀློང༔ སངས་རྒྱས་བྱང་སེམས་རྒྱ་མཚོས་བསྐོར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་མཚན༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྐུལ༔ འགྲོ་བའི་སྒྲིབ་སྦྱངས་རེ་འདོད་བསྐངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་པདྨ་ཙིནྡྷ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ བར་མེད་ཆུ་བོའི་རྒྱུན་བཞིན་བཟླ༔ གནས་སྐབས་ཚེ་རིང་ནད་


RTZ025_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཞི༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ༔ གར་གནས་ས་ཕྱོགས་བཀྲ་ཤིས་ཤིང༔ སུ་དང་འགྲོགས་ཀྱང་འཁོན་རྩོད་མེད༔ དགེ་སྦྱོར་འཕེལ་ཞིང་རིག་པ་དྭངས༔ མཐར་ཐུག་འཕགས་པའི་ཞིང་དུ་གྲོལ༔ དེ་ཕྱིར་པདྨའི་སྔགས་རྒྱུད་རྣམས༔ འདི་ལ་ཐུགས་དམ་སྙིང་པོར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ སྤྲུལ་སྐུ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་པོ་ནས་གདན་དྲངས་པའོ།། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས༔ བུམ་བསྐྱེད་བསྡུས་པ་བཞུགས༔ ན་མོ་ལོ་ཀེ་ཤྭ་ར་ཡ༔ ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི༔ གཞན་དོན་བུམ་པ་སྒྲུབ་སྐོར་ལས༔ འདི་ནི་ཀུ་སུ་ལུ་རྣམས་ལ༔ འཇུག་པ་བདེ་བའི་ཕྱིར་དུ་བཀོད༔ བུམ་པ་བཅུད་ལྡན་ཆས་སྤྲས་དང༔ རྣམ་ལྔ་དཀར་གསུམ་གཏོར་མ་བཤམ༔ ན་མོ༔ མཆོག་གསུམ་ངོ་བོ་ཐུགས་རྗེ་ཅན༔ བླ་མར་བཅས་ལ་སྐྱབས་སུ་མཆི༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཡིད་བཞིན་འཁོར་ལོ་མྱུར་དུ་བསྒྲུབ༔ སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་ཀུན་འགྲོ་ལ་བསྔོ༔ ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག༔ དེ་ལྟར་ཚོགས་བསགས་མཆོད་བརླབ་ནི༔ རཾ་ཡཾ་ཁཾ༔ བྷྲཱུྃ་ལས་


RTZ025_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གཞལ་ཡས་ཁང༔ ཨོཾ་ལས་འདོད་ཡོན་སྣ་ལྔ་འཕྲོ༔ ཨ་ལས་ཟླ་བའི་སྣོད་ཡངས་པར༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཞུ༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ བདག་ཉིད་ལྷར་གསལ་མདུན་གྱི་རྟེན༔ པཾ་ལས་པདྨ་ཨ་ཟླ་བ༔ བྷྲཱུྃ་ལས་རིན་ཆེན་བུམ་པའི་ནང༔ བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་སྟེང༔ པདྨ་ལྔ་ཚོམ་དབུས་མ་ནི༔ རིན་ཆེན་སེང་ཁྲི་དག་གིས་བཏེགས༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ དང་པོའི་ཕྱག་གཉིས་ཆོས་དབྱིངས་རྒྱ༔ རྡོ་རྗེ་རྩེ་ལྔ་འོད་འབར་འཛིན༔ གཉིས་པའི་ཕྱག་གཉིས་རིན་པོ་ཆེ༔ བུམ་པ་བདུད་རྩིས་གང་བ་བསྣམས༔ གསུམ་པའི་ཕྱག་གཉིས་པད་སྡོང་དང༔ ཁ་ཊྭཱཾ་རྩེ་གསུམ་འབར་བ་འཛིན༔ བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང༔ རིན་ཆེན་ཕྲེང་བ་ཞགས་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་བཞེངས་སྟབས་འོད་འབར་བཞུགས༔ གཡས་སུ་འཕགས་པ་འཇམ་དཔལ་སེར༔ རལ་གྲི་བརྒྱད་སྟོང་པུསྟི་འཛིན༔ གཡོན་དུ་ཕྱག་ན་རྡོ་རྗེ་མཐིང༔ རྡོར་དྲིལ་པདྨས་


RTZ025_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བཏེགས་པ་འཛིན༔ མདུན་དུ་ས་ཡི་སྙིང་པོ་དཀར༔ མྱུ་གུ་དང་ནི་དྲིལ་བུ་འཛིན༔ རྒྱབ་ཏུ་བྱམས་པ་མགོན་པོ་དཀར༔ ཀླུ་ཤིང་དང་ནི་དྲིལ་བུ་འཛིན༔ ཀུན་གྱི་ཕྱག་མཚན་པདྨས་བཏེག༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་བཞེངས་སྟབས་གཙོ་ལ་འདུན༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ སྤྱན་དྲང་བཞུགས་གསོལ་མཆོད་བསྟོད་ནི༔ ཧཱུྃ༔ རང་བཞིན་དག་པའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་ལྷ་ཚོགས་གཤེགས་སུ་གསོལ༔ བྱང་ཆུབ་སེམས་དཔའི་འཁོར་དང་བཅས༔ བདག་ལ་དགྱེས་ཤིང་འདིར་བྱོན་ཅིག༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པའི་ནང༔ པདྨ་ཟླ་བའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ འགྲོ་བའི་དོན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ འགྲོ་བའི་མགོན་པོ་ཐུགས་རྗེ་ཅན༔ འཇམ་པའི་དབྱངས་དང་གསང་བའི་བདག༔ ས་ཡི་སྙིང་པོ་བྱམས་མགོན་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་


RTZ025_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ལ་སོགས་མཆོད་པའི་སྤྲིན༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ༔ ས་མནྟ་པྲ་ས་ར་ཧཱུྃ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཨཱཿཧཱུྃ༔ ཨོཾ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ཡ༔ མཉྫུ་ཤྲཱི༔ བཛྲ་པཱ་ཎི༔ ཀྵིཾ་ཧི་རཱ་ཛཱ་ཡ༔ མཻ་དྷཱ་ར༔ ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲཱི༔ སྙིང་རྗེའི་བདག་ཉིད་འགྲོ་བའི་མགོན༔ བསྐལ་བཟང་སངས་རྒྱས་སྟོང་གི་ཡབ༔ སྐྱབས་མཆོག་ཇོ་བོ་གངས་ཅན་མགོན༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ མ་རིག་མུན་སེལ་སྒྲོན་མེ་ཆེ༔ ཤེས་རབ་ཆེན་པོ་མཁྱེན་བརྩེའི་བདག༔ མཁས་རྣམས་ཀུན་གྱི་མགོན་པོ་སྟེ༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ མཐུ་སྟོབས་ཆེན་པོའི་བདག་ཉིད་དེ༔ བླ་ན་མེད་པའི་གསང་བ་འཛིན༔ བདུད་ཀྱི་སྡེ་རྣམས་ཕམ་མཛད་པའི༔ ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད༔ འདོད་པའི་རེ་བ་སྐོང་མཛད་ཅིང༔ སྡུག་བསྔལ་མ་ལུས་ཡོངས་སུ་འཇོམས༔ འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ ས་ཡི་སྙིང་པོར་ཕྱག་འཚལ་བསྟོད༔ མཁྱེན་པའི་ཡེ་ཤེས་དཔག་མེད་དང༔ རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི༔


RTZ025_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་མྱུར་དུ་འཛིན་མཛད་པའི༔ བྱམས་པ་མགོན་པོར་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པའི་རིམ་པ་ནི༔ ཀུན་གྱི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཱུཾ་ཧཱུྃ་ཀྵིཾ་མཻ་ཡི་མཐར༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་བའི་སྡུག་བསྔལ་སྦྱོང་བར་བསམ༔ གཞན་ཡང་དམིགས་པའི་ཁ་བསྒྱུར་ནི༔ ལས་ཚོགས་གང་འདོགས་དེ་བཞིན་སྦྱར༔ ཨོཾ་ཨ་མོ་གྷ་ཙིནྟཱ་མ་ཎི་པ་ར་ད་པདྨེ་བཛྲེ་ཛྭ་ལ་ན་བྷུ་ཛེ་ཧཱུྃ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུཾ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཀྵིཾ་ཧི་རཱ་ཙ་ཡ༔ མཻ་དྷཱ་ར་ཎི༔ དེ་ལྟར་བཟླས་པའི་ཕན་ཡོན་ནི༔ བསམ་མི་ཁྱབ་པར་རྒྱུད་ལས་གསུངས༔ གཞན་དོན་རྗེས་སུ་གནང་བ་ནི༔ བླ་མ་ཐུགས་རྗེའི་བདག་ཉིད་དགོངས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ ཡིད་བཞིན་འཁོར་ལོའི་རྗེས་གནང་སྩོལ༔ བླ་མས་དེ་ལ་སྤྲོ་བསྐྱེད་ནི༔ རྒྱལ་བ་ཀུན་གྱི་གསང་བ་བསམ་མི་ཁྱབ༔ གཅིག་ཏུ་བསྡུས་པའི་བཅོམ་ལྡན་ཐུགས་རྗེ་ཅན༔ བསྐལ་བཟང་སངས་རྒྱས་སྟོང་རྩ་རྣམས་ཀྱི་ཡབ༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་སྲས༔ འཁོར་བ་ལན་མང་དོང་ནས་སྤྲུགས་མཛད་པའི༔ འཕགས་


RTZ025_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཡིད་བཞིན་འཁོར་ལོ་ཁྱོད་ལ་སྦྱིན་ལགས་ན༔ བྱང་ཆུབ་བར་དུ་ལྷག་པའི་ལྷ་རུ་ཟུངས༔ སློབ་བུ་ལྷར་བསྐྱེད་བྱིན་དབབ་བརྟན༔ ཨོཾ༔ སྐུ་ཡི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་ལྷ་དབང་ལུས་ལ་བསྟིམ༔ ལུས་སྒྲིབ་དག་ནས་སྐུ་མཆོག་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ སྐུ་རྟེན་གང་ཡིན་སྤྱི་བོར་བཞག༔ སྔགས་མཐར་ཀཱ་ཡ་བརྗོད་ཅིང་བསྐུར༔ ཨཱ༔ གསུང་གི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་གསུང་དབང་ངག་ལ་བསྟིམ༔ ངག་སྒྲིབ་དག་ནས་སྔགས་ལུང་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཕྲེང་བ་སྔགས་བྱང་མགྲིན་པར་བཞག༔ སྔགས་མཐར་ཝཱཀྐ་བརྗོད་ཅིང་སྦྱར༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་བཅོམ་ལྡན་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོའི་ཐུགས་དབང་སེམས་ལ་བསྐུར༔ ཡིད་སྒྲིབ་དག་ནས་རྫོགས་རིམ་བསྒོམ་ལ་དབང༔ བྱང་ཆུབ་བར་དུ་ཐུགས་རྗེས་འཛིན་པར་ཤོག༔ ཕྱག་མཚན་མེ་ལོང་སྙིང་གར་བཞག༔ སྔགས་མཐར་ཙིཏྟ་བརྗོད་ཅིང་བསྐུར༔ ཁས་བླངས་གཏང་རག་མཆོད་བསྟོད་བཤགས༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྟིམ༔


RTZ025_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་ཤིས་བརྗོད་རྒྱུན་སྤྱོད་བྱ༔ འཇུག་བདེ་ཁ་ཚང་དོན་འདྲིལ་བ༔ མཐུ་མྱུར་བྱིན་ཆེ་བཀྲ་ཤིས་པ༔ གཞན་གྱིས་འགྲན་མེད་ངོ་མཚར་ཆེ༔ ཨོ་རྒྱན་བདག་གི་གཡར་དམ་སྟེ༔ ལྷ་སྲས་འཁོར་བཅས་སྙིང་ལ་ཕུར༔ བོད་ཁམས་ཡོངས་ལ་ཅི་མཆེད་མཛོད༔ འགྲོ་ཕན་དེ་ལས་ཆེ་བ་མེད༔ དབང་རེ་ཐོབ་ན་ངན་སོང་མེད༔ བསྒོམ་ན་གནས་སྐབས་མཐར་ཐུག་བདེ༔ ཡི་དམ་རྩེ་གཅིག་འདི་མཛོད་ཅིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་གྲོགས་སུ་ཁ་དང་ཐབས་ཤེས་རྟེན་འབྲེལ་བསྒྲིགས་ནས་མདོ་ཁམས་ནམ་མཁའ་མཛོད་སངས་རྒྱས་སྟོང་རྩའི་སྐུ་རང་བྱོན་ཡོད་པའི་གནས། བོད་ཡུལ་གྱི་ས་ཁད་ཐམས་ཅད་མཐོང་བ་སེང་གེ་གནམ་འཕྱོངས་འདྲ་བའི་བྲག་རིའི་ཤར་ལོགས་དཔལ་གྱི་ཕུག་རིང་གི་ནང་དུ་སྒྲོན་མེ་བཏེག་སྟེ་ཇ་ཡུན་གསུམ་ཙམ་ལ་སོང་ནས་ཨོ་རྒྱན་གྱི་གསང་ཕུག་གི་སྒོ་གདོང་ནས་སྐུ་ཚབ་བདེ་བ་ཆེན་པོ་དང་ཡིད་བཞིན་དབང་རྒྱལ། མགོན་སྐུ་དང་དམ་རྫས་རོལ་པ་ཆེན་པོ། སྲེག་སྦྱར་གྱི་ཁྲོ་ཡི་སྒྲོམ་བུ་དབྱུང་དུ་མི་བཏུབ་པ་ཞིག་ནས་རང་སྐལ་གྱི་ཤོག་སེར་མང་པོ་འཕར་ནས་འདུག་པ་རྣམས་དངོས་གྲུབ་ཏུ་བླང་སྟེ། དར་གྱི་ཁུག་མར་བཅུག་ནས་ལུང་བྱང་བཞིན་ཕྱི་མིག་མ་བལྟས་པར་བྲོས་ཡོང་། སླར་འོག་མིན་ཀརྨའི་རི་ཁྲོད་བདེ་ཆེན་གླིང་དུ་ཕབ་པའི་ཡི་གེ་པ་ནི་རང་གི་སློབ་མར་གྱུར་པ་སྔགས་བཙུན་ཀརྨ་ཚེ་དཔལ་ལོ། །དགེ་ལེགས་འཕེལ། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས༔


RTZ025_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དོན་ཏིག་ཟབ་མོ་བཞུགས༔ རང་བྱུང་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ འཕགས་པ་ཡིད་བཞིན་འཁོར་ལོ་ལས༔ མཆོག་གི་དངོས་གྲུབ་ཐོབ་པའི་ཕྱིར༔ དོན་ཏིག་མན་ངག་ཟབ་མོ་བསྟན༔ བརྩོན་པས་རྟག་ཏུ་ཉམས་སུ་ལོངས༔ ས་མ་ཡ༔ རྒྱ་རྒྱ༔ དབང་ཐོབ་དམ་ཚིག་རྣམ་དག་པས༔ དབེན་པར་ཕྱི་ནང་བྲེལ་བ་བཅད༔ བདེ་བའི་སྟན་འདུག་ལུས་སེམས་གློད༔ དལ་འབྱོར་རྙེད་དཀའ་འཇིག་སླ་བསམ༔ བླ་མ་དཀོན་མཆོག་སྐྱབས་སུ་བཟུང༔ ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ༔ ཀུན་ལ་ཤས་མི་བཟོད་པ་ཡི༔ བྱམས་པ་བསྒོམ་ཞིང་གདུང་སེམས་བསྐྱེད༔ སྙིང་རྗེ་བསྒོམ་ཞིང་མཆི་མ་དབྱུང༔ རང་གི་བདེ་དགེ་འགྲོ་ལ་བཏང༔ འགྲོ་ཀུན་སྡུག་བསྔལ་རང་ལ་བླང༔ དེ་གཉིས་རླུང་གི་འགྲོ་འོང་སྤེལ༔ འགྲོ་དོན་སངས་རྒྱས་བསྒྲུབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་མཆོག་གཟུང༔ རང་གཞན་དོན་ཀུན་འགྲུབ་བྱའི་ཕྱིར༔ བྱང་ཆུབ་སེམས་དཔའི་འཇུག་པ་དཔྱད༔ དེ་ལྟར་གང་གིས་བློས་འབྱོངས་པས༔ རྟགས་ཀྱི་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ དེ་ནས་སྤྱི་བོར་བླ་མ་ནི༔ ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམ༔ གསོལ་བ་གདབ་


RTZ025_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྡིག་ལྟུང་བཤགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀྲུ༔ ལུས་དང་ལོངས་སྤྱོད་མཎྜལ་འབུལ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླས་གནད་ནས་ཐུགས་དམ་བསྐུལ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སྒོ་གསུམ་ནད་གདོན་སྡིག་སྒྲིབ་སྦྱང༔ གསང་གསུམ་བྱིན་རླབས་ཞུགས་པར་བསམ༔ བླ་མ་རང་བསྟིམ་གཉིས་མེད་བཞག༔ བླ་མའི་བྱིན་རླབས་རང་ལ་ཞུགས༔ གནས་ལུགས་ལག་པའི་གཏེར་མཐོང་འདྲ༔ སྙིང་པོའི་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ ལུས་ཀྱི་སྣང་ཞེན་སྦྱོང་བའི་ཕྱིར༔ རང་དང་སྣང་བ་ཐམས་ཅད་ཀུན༔ ཐུགས་རྗེ་ཆེན་པོའི་སྐུ་རུ་བསྒོམ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ རྩེ་གཅིག་སེམས་བཟུང་ང་རྒྱལ་བསྐྱེད༔ གང་སྣང་སྐུ་རུ་ལམ་ཤར་ན༔ བརྡ་ཡི་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ ངག་གི་སྣང་ཞེན་སྦྱོང་བའི་ཕྱིར༔ ངག་དང་སྒྲ་སྐད་ཐམས་ཅད་ཀུན༔ ཐུགས་རྗེ་ཆེན་པོའི་གསུང་དུ་བསྒོམ༔ གྲགས་སྟོང་བྲག་ཅ་ལྟ་བུར་བཟླ༔ གྲགས་པ་སྔགས་སུ་ལྷང་ཤར་ན༔ སྒྲ་ཡི་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ ཡིད་ཀྱི་ཞེན་པ་སྦྱོང་བའི་ཕྱིར༔ ཆོས་རྣམས་རང་གི་སེམས་སུ་བལྟ༔ སེམས་ཉིད་སྐྱེ་འགག་གནས་གསུམ་


RTZ025_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད༔ སྐྱེ་བ་མེད་དོ་ནམ་མཁའ་འདྲ༔ འགག་མེད་རང་རྩལ་སྤྲིན་བཞིན་སྣང༔ གནས་མེད་བར་སྣང་སྟོང་གཟུགས་བཞིན༔ ཉམས་མྱོང་ལྐུགས་པའི་རྨི་ལམ་འདྲ༔ བརྗོད་མེད་གཞོན་ནུའི་བདེ་བའི་དཔེ༔ སྟོང་པའི་རང་རྩལ་གསལ་བར་འཆར༔ གསལ་བའི་ཐུགས་རྗེ་ཅིར་ཡང་འབྱུང༔ བསྒོམ་དུ་མེད་ལ་ཡེངས་སུ་མེད༔ ཆུ་བོའི་རྒྱུན་གྱི་རྣལ་འབྱོར་གྱིས༔ རྟོག་ཚོགས་རང་གྲོལ་དབྱིངས་ཤར་ན༔ མཐར་ཐུག་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ གཞན་དོན་རྟེན་འབྲེལ་བསྒྲིག་པའི་ཕྱིར༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ དམིགས་མེད་སྒྱུ་མ་ལྟ་བུའི་ངང༔ རྣམ་དག་སྨོན་ལམ་རྒྱ་ཆེར་གདབ༔ བྱང་ཆུབ་སེམས་ཀྱི་ཕྲིན་ལས་ལ༔ རྩོལ་བ་མེད་པར་དབང་འབྱོར་ནས༔ གདུལ་བྱ་སྨིན་གྲོལ་དགོད་ནུས་ཚེ༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་འགྲུབ༔ ས་མ་ཡ༔ མཐའ་རྒྱས་ལས་ཀྱི་ཏིང་འཛིན་ཀྱང༔ རང་ཉིད་ཐུགས་རྗེ་ཆེན་པོ་ཡི༔ གསལ་སྣང་རྫོགས་པའི་ང་རྒྱལ་བསྐྱེད༔ སྤྱི་བོའི་ཨོཾ་ལས་འོད་དཀར་འཕྲོས༔ མི་མཐུན་ཡིད་ཀྱི་དྲི་མ་སྦྱངས༔ ཀུན་ཀྱང་མཐུན་ཞིང་རབ་ཏུ་མཛའ༔ དམ་པའི་ཆོས་ལ་སྤྱོད་པར་བསམ༔ མགྲིན་པའི་ཨཱཿལས་འོད་དམར་འཕྲོས༔ བརྟན་


RTZ025_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་སྲིད་ཞིའི་ཚེ་བཅུད་བསྡུས༔ རང་གཞན་ལ་ཐིམ་ཚེ་འཕེལ་བསམ༔ ཐུགས་ཀའི་ཧཱུྃ་ལས་འོད་སྔོན་འཕྲོས༔ ཁམས་གསུམ་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ མཐོང་ཐོས་དྲན་རེག་གྲོལ་བར་བསམ༔ ལྟེ་བའི་སྭཱ་ལས་འོད་ཟེར་འཕྲོས༔ འཁོར་འདས་འབྱོར་པ་ཐམས་ཅད་བཀུག༔ ལོངས་སྤྱོད་འཛད་མེད་གཏེར་དུ་བསམ༔ གསང་བའི་ཧཱ་ལས་འོད་ལྗང་འཕྲོས༔ རང་གཞན་ནད་ཀྱི་སྡུག་བསྔལ་ཞི༔ ལུས་སེམས་བདེ་བ་བསྐྱེད་པར་བསམ༔ ཀུན་ལ་རླུང་བཟུང་དབྱིངས་རིག་བསྲེ༔ རེ་དོགས་མེད་པའི་ངང་ལ་བཞག༔ དམིགས་པ་གཏད་པས་ལས་ཀུན་བྱེད༔ གཞན་དོན་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ༔ རིམ་པ་བདུན་གྱི་མན་ངག་འདི༔ བྱ་སླ་ཁྱེར་བདེ་ངོ་མཚར་ཆེ༔ གནད་འདུས་མཐར་ཐུག་དགོས་པ་ཚང༔ དེ་ཕྱིར་ཙིཏྟ་ཙཀྲ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་ནམ་མཁའ་མཛོད་ཆོས་ཀྱི་སྒྲོམ་ཆེན་པོ་ནས་སྤྱན་དྲངས་པའི་དོན་ཏིག་གོ །ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས༔་་་པདྨ་གཙུག་ཏོར་གྱི་ཆ་ལག །ཡན་ལག་མཐའ་རྒྱས་ལས་སྦྱོར་བཞུགས༔ རང་


RTZ025_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བོད་ལ་ཕན་པའི་ཕྱིར༔ པོ་ཏ་ལ་ཡི་གནས་སུ་ཕྱིན༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ ཞི་མཐུན་ཚེ་ནོར་ཆོས་རྣམས་ནི༔ སྒྲུབ་ཐབས་ཞུས་པས་གདམས་པ་དང༔ པོ་ཏ་ལ་ཡི་ས་རྡོ་ལ༔ ཐུགས་རྗེས་བྱིན་གྱིས་བརླབས་པ་གནང༔ མཆིམས་ཕུར་བསྒྲུབས་ཏེ་བོད་ཁམས་སུ༔ དམ་རྫས་སྡུག་བསྔལ་ཞི་བྱེད་འགྱེད༔ བོད་ཁམས་བདེ་ཞིང་སྐྱིད་པ་བྱུང༔ རྒྱལ་ཁམས་མ་ཎིར་བདག་གིས་བསྐུལ༔ ཕྱི་རབས་རྗེས་འཇུག་དེ་བཞིན་མཛོད༔ གདམས་པ་དམ་རྫས་འདི་ལྟ་བུ༔ གཏེར་ཁ་གཅིག་ལས་སྦས་པ་མེད༔ ལྷ་སྲས་སྐྱེ་བར་འཕྲོད་པར་ཤོག༔ ས་མ་ཡ་རྒྱ༔ དང་པོ་སྡུག་བསྔལ་ཞི་བྱེད་ཀྱི༔ ཆོས་ཀྱི་བུམ་པ་འདི་བཞིན་བསྒྲུབ༔ རྫས་བཅུད་ཆས་ལྡན་བུམ་པའི་ནང༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་ཡོངས་གྱུར་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་བརྒྱད་འཛུམ་པའི་མདངས༔ རྒྱན་ཆ་ཕྱག་མཚན་ཡོངས་རྫོགས་པ༔ གང་ལ་གང་འདུལ་འདོད་རྒུར་འཆར༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ ཡུམ་སྲས་


RTZ025_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སངས་རྒྱས་སྟོང༔ སྒོ་བ་ཐུབ་དྲུག་ཁྲོམ་ཚོགས་ལྟར༔ གསལ་བའི་སྐུ་ལས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་བསམ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ྄༔ སརྦ་དུཿཁ་ཤཱནྟིཾ་ཀུ་རུ་ཧཱུྃ༔ ས་མ་ཡ་རྒྱ༔ མཐུན་པར་བྱེད་པའི་བུམ་པ་རུ༔ ཐུགས་རྗེའི་ལྷ་ཚོགས་ལྗང་དམར་བསྐྱེད༔ སྙིང་པོ་གཟུངས་ཀྱི་ཤམ་བུ་རུ༔ སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨེ་ཀ་ཧཱུྃ་ཧཱུྃ་དྷརྨ་ལོ་ཀི་ས་མ་ཡ་སྭསྟི་སྭཱ་ཧཱ༔ ཧེ་ཀ་ས་མ་ཡ་སཏྭཾ༔ ས་མ་ཡ་རྒྱ༔ ནོར་དང་ལོངས་སྤྱོད་བུམ་པ་རུ༔ ཐུགས་རྗེའི་ལྷ་ཚོགས་སེར་པོ་བསྒོམ༔ སྙིང་པོ་གཟུངས་ཀྱི་ཤམ་བུ་རུ༔ མ་ཎི་རཏྣ་པཉྩ་ཀཱ་མ་གུ་ཎ་པུཥྚཱིཾ་ཀུ་རུ་སྭཱ་ཧཱ༔ ས་མ་ཡ་རྒྱ༔ ཚེ་ཡི་བུམ་པར་ལྷ་ཚོགས་དམར༔ སྙིང་པོ་གཟུངས་ཀྱི་ཤམ་བུ་རུ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ས་མ་ཡ༔ ནད་རྣམས་ཞི་བྱེད་བུམ་པ་རུ༔ ཐུགས་རྗེའི་ལྷ་ཚོགས་མཐིང་དཀར་མདངས༔ སྙིང་པོ་གཟུངས་ཀྱི་ཤམ་བུ་རུ༔ སརྦ་རོ་ག་ལ་སོགསསྦྱར༔ ས་མ་ཡ་རྒྱ༔ ད་ནི་འགྲོ་དོན་བྱེད་པ་ལ༔ དབང་བསྐུར་གཏེར་སྦ་རྣམ་གཉིས་ལས༔ དང་པོ་སློབ་མས་མཎྜལ་བཅས༔ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོ། ཉིད་སྨིན་པར་མཛད་པ་དང༔ ཐམས་ཅད་མཐུན་པ་ལ་སོགས་


RTZ025_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར༔་་་དབང་སོ་སོར་གསོལ་འདེབས་ཀྱི་ཚིག །ལོངས་སྤྱོད་རྒྱས་པའི་དབང་གི་རྒྱལ༔ ཞེས་དང་། འཆི་མེད་ཚེ་ཡི་དབང་གི་རྒྱལ༔ ཞེས་དང་། གཏན་དུ་བདེ་བའི་དབང་གི་རྒྱལ༔ ཞེས་དང་། ནད་ཀུན་ཞི་བའི་དབང་གི་རྒྱལ༔ ཞེས་སོ་སོར་ཁ་བསྒྱུར་ཞེས་གསུངས། མཆན། མགོན་པོས་མྱུར་བར་བསྩལ་དུ་གསོལ༔ དེ་ལ་བླ་མས་ལན་སྦྱིན་པ༔ བུ་རྣམས་ཚུར་ཤོག་དད་པ་དང༔ དགའ་དང་སྤྲོ་བར་རྒྱ་ཆེར་སྐྱེད༔ སྡིག་པ་བཅུ་རྣམས་སྤང་བ་དང༔ དགེ་བ་བཅུ་རྣམས་ལེགས་སྤྱད་དེ༔ ཐུགས་རྗེའི་ལྷ་འདི་གཟུང་བར་གྱིས༔ དང་པོ་ཐམས་ཅད་མཐུན་པ་ཡི༔ ལྷར་བསྐྱེད་ཡེ་ཤེས་བསྟིམ་ཞིང་བརྟན༔ མཐུན་སྦྱོར་རྫས་ཀྱི་བུམ་པ་ཐོགས༔ ཧྲཱི༔ བདེ་གཤེགས་རྣམས་ཀྱི་བདེན་པ་དང༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ མཛའ་ཞིང་གཉེན་དུ་འོས་རྣམས་དང༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀུན༔ ཕན་ཚུན་ལུས་ངག་ཡིད་གསུམ་མཐུན༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ གཡར་དམ་ཐམས་ཅད་ལེགས་པ་དང༔ བརྟན་པ་མི་འགྱུར་དབང་བསྐུར་བས༔ ཕན་ཚུན་འཁྲུག་པ་མེད་པ་རུ༔ མཛའ་ཞིང་མཐུན་ལ་དེ་བརྟན་ཤོག༔ སྒྲུབ་ཐབས་སྔགས་བརྗོད་དབང་བསྐུར་རོ༔ མཐུན་པ་ལོངས་སྤྱོད་རྒྱས་པའི་ཕྱིར༔ ནོར་གྱི་བུམ་པ་


RTZ025_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་གཟུང༔ ཧྲཱི༔ རྒྱལ་བ་རྣམས་ཀྱི་བསོད་ནམས་དང༔ ཡིད་བཞིན་འཁོར་ལོའི་དངོས་གྲུབ་ཀྱིས༔ དུག་ལྔའི་སྒྲིབ་པ་ཕྱིར་སྦྱངས་ཏེ༔ བསོད་ནམས་ཚོགས་ཆེན་རྫོགས་གྱུར་ནས༔ འབྲུ་ནོར་དར་གོས་རིན་པོ་ཆེ༔ ཡིད་ལ་འདོད་པའི་ཡོན་ཏན་ལྔ༔ ཕུན་སུམ་ཚོགས་པའི་དབང་བསྐུར་བས༔ ཡིད་ལ་བསམ་པའི་དོན་འགྲུབ་ཤོག༔ གཟུངས་སྔགས་སྙིང་པོ་ཤམ་ཅན་བརྗོད༔ ལོངས་སྤྱོད་ཡོད་ཅིང་ཚེ་རིང་གཅེས༔ བཀྲ་ཤིས་ཚེ་ཡི་བུམ་པ་ཡིས༔ ཧྲཱི༔ གར་གྱི་དབང་ཕྱུག་སྤྱན་རས་གཟིགས༔ ཐུགས་རྗེའི་ཐུགས་དམ་དུས་ལ་བབས༔ བཀྲ་ཤིས་ཚེ་ཡི་བུམ་པ་ནས༔ སྙིང་པོ་ཚེ་ཡི་དབང་བསྐུར་སྩོལ༔ ལོ་བརྒྱ་ཐུབ་པའི་ཚེ་དབང་སྐུར༔ མི་ཤིགས་མི་འགྱུར་ཚེ་ཐོབ་ཤོག༔ བདེ་གཤེགས་ཚེ་ཡི་དབང་མཆོག་འདི༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ གཟུངས་སྔགས་ཤམ་བུ་ཅན་རྣམས་བརྗོད༔ མཐུན་ཅིང་ཚེ་ནོར་འཛོམ་པ་ལ༔ གཏན་དུ་བདེ་བ་ཐོབ་པའི་ཕྱིར༔ ཞི་བྱེད་ཆོས་ཀྱི་བུམ་པ་ཐོགས༔ ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ནས༔ ཡིད་བཞིན་འཁོར་ལོའི་དབང་བསྐུར་བླ་ན་མེད༔ བུམ་པ་རིན་ཆེན་གཞལ་ཡས་ཕོ་བྲང་ནས༔ བུམ་ཆུ་ལྷ་ཡི་སྐུར་གསལ་གྲངས་མེད་པ༔ སྐལ་ལྡན་རྣམས་ལ་གཉིས་སུ་མེད་པར་ཐིམ༔ འཕྲལ་


RTZ025_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུན་དུ་སྡུག་བསྔལ་གྱིས་གཟིར་བའི༔ གཞི་རྒྱུ་རྐྱེན་དང་འབྲས་བུ་ཐམས་ཅད་སྦྱངས༔ བདེ་བའི་རྒྱུ་རྐྱེན་འབྲས་བུ་གོང་འཕེལ་ཞིང༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི༔ གསང་གསུམ་དབང་གི་ཆུ་བོ་འབབ་པ་ཡང༔ བཀྲ་ཤིས་དགེ་མཚན་དུ་མར་ལྡན་པ་ཡིས༔ དེ་རིང་སྐལ་ལྡན་རྣམས་ཀྱི་གདུང་སེལ་ཤོག༔ སྙིང་པོ་བརྗོད་ཅིང་བུམ་པས་དབང་བསྐུར་རོ༔ དེ་ལྟར་འཕྲལ་ཡུན་ཕུན་སུམ་ཚོགས༔ དེ་ལ་འཕྲལ་རྐྱེན་ནད་གདོན་ཀུན༔ ཞི་ཕྱིར་སྨན་གྱི་བུམ་པ་ཐོགས༔ ཧྲཱི༔ ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ནང༔ སྐུ་དང་ཡེ་ཤེས་སྨན་གྱིས་བཀང༔ ཐུགས་རྗེ་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱི་ཡི་ནད་གདོན་ཐམས་ཅད་སོལ༔ ནང་གི་ཉོན་མོངས་དུག་ལྔ་སྦྱོངས༔ གསང་བའི་གཉིས་འཛིན་རྣམ་རྟོག་སྦྱོངས༔ གློ་བུར་རྐྱེན་གྱི་འཁྲུལ་སྣང་ཀུན༔ རང་སངས་ཀ་དག་ངང་ལ་དེངས༔ ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག༔ སྔགས་བརྗོད་དབང་བསྐུར་བཀྲ་ཤིས་བརྗོད༔ དམ་ཚིག་ཁས་བླང་ཡོན་འབུལ་ལོ༔ གཏེར་སྦ་རྫས་དམིགས་གཞན་དུ་ཤེས༔ ས་མ་ཡ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་


RTZ025_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ནས་ཁྲོམ་གཏེར་དུ་སྤྱན་དྲངས། གཏེར་ཤོག་ལས་རང་གིས་ཞལ་བཤུས་སོ།། འདིའི་དབང་ལ་སྟེགས་བུའི་དབུས་དང་ཕྱོགས་བཞིར་མཉྫི་རེ་རེའི་སྟེང་དུ་དབུས་སུ་ཆོས་ཀྱི་བུམ་པ་མགུལ་ཆིངས་དཀར་པོ། ནང་བཅུད་པོ་ཏ་ལ་ཡི་མྱང་གྲོལ་གྱི་རིལ་བུ་གཙོ་བོར་གྱུར་པའི་སྐྱེ་བདུན་མྱང་གྲོལ་གྱི་རིགས་དང་དྲི་ལྔ། རྟག་ངུ་རིགས་གསུམ། ཤར་དུ་མཐུན་པའི་བུམ་པ་མགུལ་ཆིངས་ལྗང་དམར། ནང་བཅུད་འབྲུ་ལྔ། རྒུན་འབྲུམ། མོན་ལུག་གླ་སྒང་། སིནྡྷུ་ར། ལྷོར་ལོངས་སྤྱོད་ཀྱི་བུམ་པ་མགུལ་ཆིངས་སེར། ནང་བཅུད་རིན་ཆེན་ལྔ། ཡུངས་དཀར། གི་ཝཾ། མ་རྨོས་ལོ་ཏོག་གི་འབྲས་བུ། ནུབ་ཏུ་ཚེའི་བུམ་པ་མགུལ་ཆིངས་དམར། ནང་བཅུད་སྙིང་པོ་ལྔ། ཅོང་ཞི། བྲག་ཞུན། དཱུརྦ། བྱང་དུ་ནད་སེལ་གྱི་བུམ་པ་མགུལ་ཆིངས་མཐིང་སྐྱ། སྨན་ལྔ། འབྲས་བུ་གསུམ་རྣམས་གཞུག །ཁ་རྒྱན་དུང་ཆོས་གཟུངས་རྡོར་སོགས་སྤྱི་ལྟར་དང་། མཐར་གཏོར་མ་དཀར་ཟླུམ། མཆོད་པ་ཉེར་སྤྱོད་བཅས་བཀོད་མཛེས་སུ་བཤམ། སྐྱབས་སེམས་ཚོགས་གསོག་མཆོད་པ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། བདག་བསྐྱེད་རང་ཡིད་བཞིན་འཁོར་ལོ་གཙོ་རྐྱང་དུ་བསྐྱེད་ཅིང་བཟླས་པའི་བར། དེ་ནས་བུམ་པ་བསང་སྦྱང་། །


RTZ025_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་སྐད་ཅིག་གིས། །རྫས་བཅུད་ཆས་ལྡན་བུམ་པའི་ནང༔ ཞེས་སོགས་བཟླས་པའི་བར་བྱ། ཞལ་ཕྱག་སྤྱིར་བདག་བསྐྱེད་དང་རྩ་བའི་བུམ་སྒྲུབ་ལྟར་ལ། གང་ལ་གང་འདུལ་འདོད་རྒུར་འཆར༔ ཞེས་པས་ཆོས་ཀྱི་བུམ་པའི་སྐབས། གཉིས་པའི་ཕྱག་གཉིས་ཀྱིས་བུམ་པ་མྱང་གྲོལ་གྱི་བདུད་རྩིས་གང་བ་དང་། དེ་བཞིན་དུ་མཐུན་པའི་སྐབས། བྱམས་པ་ཆེན་པོའི་བདུད་རྩི། ལོངས་སྤྱོད་ཀྱི་སྐབས། འདོད་རྒུ་འབྱུང་བའི་བདུད་རྩི། ཚེའི་སྐབས། འཆི་མེད་ཀྱི་བདུད་རྩི། ནད་སེལ་སྐབས། སྨན་གྱི་བདུད་རྩིས་གང་བར་བསྒོམ་པས་འཐུས། ལྷ་བསྐྱེད་ཁྱད་པར། མཐུན་པའི་སྐབས། ཡིད་བཞིན་འཁོར་ལོ་ལྗང་དམར་མདོག༔ ཞེས་དང་། ལོངས་སྤྱོད་སྐབས། ཡིད་བཞིན་འཁོར་ལོ་སྐུ་མདོག་སེར༔ ཞེས་དང་། ཚེའི་སྐབས། ཡིད་བཞིན་འཁོར་ལོ་སྐུ་མདོག་དམར༔ གཡས་མཐིང་གཡོན་དཀར་སྤྱན་དགུར་ལྡན༔ ཞེས་དང་། ནད་ཞི་བར། ཡིད་བཞིན་འཁོར་ལོ་མཐིང་དཀར་མདངས༔ གཡས་དཀར་གཡོན་དམར་སྤྱན་དགུར་ལྡན༔ ཞེས་ཁ་བསྒྱུར་བ་མ་གཏོགས་ཚིག་གཞན་ཆོས་ཀྱི་བུམ་པ་ལྟར་སྦྱར། བསྐྱེད་བཟླས་ཚར་བ་དང་ཐུན་མོང་དུ་མཆོད་


RTZ025_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་མདོར་བསྡུས་གང་རིགས་བྱ། བསྡུ་ན་དེ་ཙམ་གྱིས་འཐུས། སྤྲོ་ན། སྒོ་བ་ཐུབ་དྲུག་ཁྲོམ་ཚོགས་ལྟར༔ ཞེས་པའི་མཚམས། སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཞེས་སྦྱར། སྤྱན་འདྲེན་ནས་བསྟོད་པའི་བར་རྩ་བའི་བུམ་བསྐྱེད་བསྡུས་པའི་སྐབས་ལྟར་ལ། ཕྱག་འཚལ་གྱི་ཚིག །ཧྲཱི༔ འགྲོ་བའི་མགོན་པོ་ཐུགས་རྗེ་ཅན༔ ཡབ་ཡུམ་སྲས་དང་སེམས་དཔའ་སྟོང༔ སྒོ་བ་ཐུབ་དྲུག་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་སོགས་སྦྱར། བསྟོད་པ་ཤློ་ཀ་དང་པོ་དང་། སྤྲོ་ན། རིགས་འདུས་རང་ལས་སྤྲུལ་པའི་ལྷ༔ ཡབ་ཡུམ་སྲས་དང་སེམས་དཔའ་སྟོང༔ སྒོ་བ་ཐུབ་དྲུག་འཁོར་དང་བཅས༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་བསྟོད༔ ཅེས་སྦྱར། བུམ་ལྷའི་སྐུ་ལས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ཅིང་བཟླས་པ་སོགས་བྱའོ། །སློབ་མ་རྗེས་འཛིན་ནི་རྩ་བའི་རྗེས་གནང་གིས་སྨིན་པའི་སློབ་མར། ཁྲུས་བྱ། བགེགས་སྲུང་། ཆོས་བཤད་མཎྜལ་སོགས་སྤྱི་ལྟར་ལ། ཐོག་མར་མཐུན་པའི་དབང་གི་གསོལ་འདེབས་


RTZ025_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། སྐྱབས་སེམས་ཚོགས་བསགས། མཐུན་པའི་ལྷར་བསྐྱེད་ཅིང་ཡེ་ཤེས་དབབ་བསྟིམ་བརྟན་པར་བྱ། དེ་ནས་ཤར་གྱི་མཐུན་པའི་བུམ་པ་ཐོགས་ལ་དབང་བསྐུར། བཟླས་ལུང་བྱ། གནས་སྐབས་སུ་ཡང་འགལ་རྐྱེན་ཐམས་ཅད་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་ལྟ་བུའི་འབྲེལ་ཆགས་པའི་ཤིས་བརྗོད་བྱ། དེ་ལྟར་སོ་སོར་སྦྱར་ཏེ་རིམ་བཞིན་དུ་བསྐུར། མཐར་དམ་ཚིག་ཁས་བླང་སོགས་ཆབས་ཅིག་ཏུ་བྱའོ། །དབང་སོ་སོར་ཁོལ་འདོན་བྱས་བསྐུར་ནའང་རུང་བས། དེ་ལྟར་ན་བདག་བསྐྱེད་རྗེས་སོ་སོའི་བུམ་པ་བསྒྲུབས་ནས་སོ་སོའི་དབང་བསྐུར་བས་ཆོག་གོ །ཞེས་སྤྲུལ་པའི་གཏེར་སྟོན་ཆེན་པོའི་ཞལ་རྒྱུན་ལྟར་བྲིས་པའོ། །མངྒ་ལཾ།། །།ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས༔ གཞན་དོན་བུམ་པའི་ལས་ཚོགས་བཞུགས༔ རང་བྱུང་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྙིགས་མའི་འགྲོ་བ་ལ༔ ཐུགས་རྗེ་ཆེན་པོས་རབ་དགོངས་ཏེ༔ ལྷག་པའི་ལྷ་མཆོག་བསམ་ཡས་ཀྱི༔ བསྙེན་


RTZ025_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲུབ་པ་ལས་སྦྱོར་སོགས༔ འཕྲལ་དང་ཡུན་དུ་ཕན་བདེའི་བཙས༔ རྒྱ་ཆེ་རབ་ཟབ་མཁའ་ལྟར་བསྟན༔ དེ་རྣམས་ཀུན་ལས་ཁྱད་འཕགས་པ༔ བོད་ཁམས་འགྲོ་བའི་ལྷ་གཅིག་པུ༔ འཕགས་པ་སྤྱན་རས་གཟིགས་དབང་ཡིན༔ དེ་ཡི་སྒྲུབ་ཐབས་ཀུན་གྱི་མཆོག༔ འདོད་རྒུའི་དངོས་གྲུབ་ཆར་འབེབ་པ༔ ཡིད་བཞིན་ནོར་བུའི་འཁོར་ལོ་ཡི༔ ལྷ་སྔགས་ཡེ་ཤེས་ལ་བརྟེན་ནས༔ རང་དང་གཞན་དོན་བྱ་བའི་ཚུལ༔ གཞུང་དང་མན་ངག་དང་བཅས་པ༔ ནམ་མཁའི་སྙིང་པོ་ཉིད་ལ་གཏད༔ མངའ་བདག་ཡབ་སྲས་སྐལ་བར་གདམས༔ མ་བུ་སོ་སོར་གཏེར་དུ་སྦོས༔ ནམ་ཞིག་གདུལ་བྱའི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ དེ་ལ་གཞན་དོན་ལས་ཀྱི་ཚོགས༔ གཏེར་ཆེན་སྦ་བའི་རིམ་པ་ལ༔ དང་པོར་མཐུན་པའི་བུམ་པ་ནི༔ བྲེ་ཚད་ཁ་དོག་ལྗང་དམར་བྱ༔ བཀྲ་ཤིས་དགེ་བའི་མཚན་མ་བྲི༔ ནང་དུ་འབྲུ་ལྔ་རྒུན་འབྲུམ་དམར༔ གླ་སྒང་སིནྡྷུར་བཅས་པས་དགང༔ དབུས་སུ་སྐུ་འམ་སྔགས་བྱང་དང༔ གཞན་ཡང་རྟེན་འབྲེལ་ཐུབ་པའི་གཟུངས༔ གཙུག་ཏོར་ཆེན་མོ་ལ་སོགས་དང༔ བཀྲ་ཤིས་འདོད་གསོལ་རྒྱས་པར་གཞུག༔ བདག་ཉིད་ལྷར་གསལ་བུམ་པ་ནི༔ སྟོང་པའི་ངང་ལས་བྷྲཱུྃ་ལྗང་གུ༔ ཡོངས་


RTZ025_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ ཐམས་ཅད་མཐུན་པའི་་གཞན་རྣམས་ལ། ལོངས་སྤྱོད་རྒྱས་པའི༴འཆི་མེད་ཚེ་ཡི༴ནད་རྣམས་སེལ་བའི༴གྲོལ་བ་མཆོག་གི༴ཞེས་སོ་སོར་བསྒྱུར།་་་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཐུགས་རྗེ་མཐུན་པའི་ལྷ་ཚོགས་བསྐྱེད༔ དབང་བསྐུར་རྒྱས་གདབ་ཡེ་ཤེས་བསྟིམ༔ ཕྱག་མཆོད་བསྟོད་པ་ཅི་རིགས་བྱ༔ བུམ་ལྷའི་ཐུགས་ནས་འོད་ཟེར་ནི༔ ལས་དང་རྗེས་མཐུན་བསམ་ཡས་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་དོན་བསྒྲུབ༔ ཚུར་འདུས་རྫས་ལ་ཐིམ་པ་ཡིས༔ འདོད་པའི་དངོས་གྲུབ་ཀུན་སྩོལ་བའི༔ ཡིད་བཞིན་འཁོར་ལོའི་ངོ་བོར་བསམ༔ སྔགས་བཟླས་དགོངས་པ་དབྱིངས་སུ་གཏད༔ འོད་དང་སྒྲ་དང་ཉམས་དགའ་སོགས༔ རྟགས་བྱུང་ལྷ་ཚོགས་བརྟན་པར་བཞུགས༔ དགེ་འདུན་འདུས་པའི་སྒོ་གོང་དང༔ གྲོང་ཁྱེར་དབུས་དང་ཁྱིམ་གྱི་དཀྱིལ༔ སྨོན་ཚིག་བཀྲ་ཤིས་དང་བཅས་སྦས༔ དགེ་འདུན་ཐུགས་མཐུན་བཤད་སྒྲུབ་འཕེལ༔ གྲོང་ཁྱེར་ཡིད་དགའ་འཐབ་རྩོད་མེད༔ ཁྱིམ་གང་སྐྱེ་བོ་མཛའ་ཞིང་བརྟན༔ ས་མ་ཡ༔ རྒྱ་རྒྱ༔ ནོར་དང་


RTZ025_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱས་འདོད་ན༔ བུམ་པ་སེར་པོ་རིན་ཆེན་ལྔ༔ ཡུངས་དཀར་གི་ཝཾ་རྟེན་འབྲེལ་རྫས༔་་་མ་རྨོས་ལོ་ཏོག་གི་འབྲུ། སྙིང་པོའི་སྔགས་དང་ལས་སྔགས་དང༔ གཞན་ཡང་ནོར་ལྷའི་གཟུངས་མང་གཞུག༔ ལྷ་བསྐྱེད་སྔགས་བཟླས་བརྟན་བཞུགས་བྱ༔ མཛོད་ཀྱི་དབུས་སུ་གཞུག་པ་ཡིས༔ དཔལ་འབྱོར་ལོངས་སྤྱོད་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ ཚེ་ཡི་དངོས་གྲུབ་བསྒྲུབ་འདོད་ན༔ བུམ་པ་དམར་པོར་སྙིང་པོ་ལྔ༔ ཅོང་ཞི་བྲག་ཞུན་རྟེན་འབྲེལ་རྫས༔་་་དུརྺ། སྙིང་པོ་ལས་སྔགས་ཚེ་གཟུངས་གཞུག༔ ལྷ་བསྐྱེད་སྔགས་བཟླས་བརྟན་བཞུགས་བྱ༔ གནས་ཀྱི་ལྟེ་བར་མི་འགྱུར་སྦས༔ ཐམས་ཅད་ཚེ་ཡི་བར་ཆད་ཞི༔ ཚེ་རིང་རྒས་སྲ་སྟོབས་འཕེལ་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ ནད་གདོན་ཉེར་འཚེ་ཞི་འདོད་ན༔ བུམ་པ་དཀར་སྔོར་སྨན་ལྔ་དང༔ འབྲས་གསུམ་གཟུངས་དང་ལས་ཀྱི་སྔགས༔ ནད་སེལ་རིག་པ་་་སྨན་བླའི་གཟུངས། རི་ཁྲོད་མའི་སྔགས། ཚི་བརྟུལ་མ་སོགས།་་་གྲངས་མང་གཞུག༔ ལྷ་བསྐྱེད་སྔགས་བཟླས་ཡེ་ཤེས་བརྟན༔ འབབ་ཆུའི་ཕུགས་དང་ཆུ་སྣོད་སྟེང༔ བརྟན་བཞུགས་ནད་ཀྱི་འཚེ་བ་ཞི༔ སྒོ་གོང་བཞག་པས་བགེགས་ལམ་གཅོད༔ ས་མ་ཡ༔ རྒྱ་རྒྱ༔ མཐོང་ཐོས་དྲན་རེག་གྲོལ་འདོད་ན༔ བུམ་པ་དཀར་པོར་དྲི་ལྔ་དང༔ རྟག་ངུ་རིགས་


RTZ025_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫས་ཀྱིས་དགང༔ ཁྱད་པར་མྱང་གྲོལ་དམ་རྫས་གཞུག༔ སྐུ་དང་སྔགས་བྱང་སྨོན་ལམ་དང༔ བཅུ་གཅིག་ཞལ་དང་དོན་ཡོད་ཞགས༔ པདྨ་གཙུག་ཏོར་དྲི་མེད་སྔགས༔ བསྟན་པ་བུ་གཅིག་འཁོར་ལོ་སོགས༔ ཚུལ་བཞིན་བྲིས་ཏེ་སྙིང་པོར་བྱ༔ ལྷ་བསྐྱེད་སྔགས་བཟླས་དགོངས་པ་གསར༔ གཟུངས་སྔགས་ཐོས་གྲོལ་ཀུན་ཀྱང་བཟླ༔ བརྟན་བཞུགས་སྨོན་ལམ་རྒྱ་ཆེར་གདབ༔ སྐུ་གཟུགས་སྤྱི་བོ་མཆོད་རྟེན་བྲེ༔ རྒྱལ་མཚན་ཏོག་དང་ཡུལ་གྱི་རྩེ༔ ཀུན་གྱིས་མཐོང་སར་སྦས་པ་ཡིས༔ དེ་ལ་རླུང་ཕོག་རེག་པས་ཀྱང༔ འཕགས་པ་མཆོག་གི་ཐུགས་རྗེ་ཡིས༔ ལས་ངན་སྒྲིབ་པ་ཀུན་བྱང་ནས༔ བདེ་བ་ཅན་དུ་སྐྱེ་འགྱུར་ན༔ མཐོང་ཐོས་དྲན་རེག་སྨོས་ཅི་དགོས༔ འགྲོ་འདུལ་མན་ངག་མཐའ་རྒྱས་སོ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།།


previousཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་བདག་གི་རྣལ་འབྱོར་བསྡུས་པ། མཆོག་གྱུར་བདེ་ཆེན་གླིང་པ།next