ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་གཞན་དོན་གཏེར་བུམ་སྒྲུབ་པའི་ལས་བྱང་དགོས་འདོད་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ025_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས། གཞན་དོན་གཏེར་བུམ་སྒྲུབ་པའི་ལས་བྱང་དགོས་འདོད་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


RTZ025_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དོན་ཡིད་བཞིན་འཇོ་བ་ལ། །ནོར་བུ་དབྱིག་གི་འཁོར་ལོས་སྒྱུར། །ཐུགས་རྗེ་རྨད་བྱུང་ཞབས་པད་ལ། །བཏུད་ནས་གཞན་ཕན་ཕྲིན་ལས་འགོད། །གངས་ཅན་སྐྱབས་མགོན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ནང་ནས་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བ་ལ། ཐུགས་རྗེའི་མཐུ་ཁྱད་པར་དུ་མྱུར་བ་འཕགས་པ་ཡིད་བཞིན་འཁོར་ལོའི་ལས་ཚོགས་རྨད་དུ་བྱུང་བ་ངོ་མཚར་བུམ་ལྔའི་ཕྲིན་ལས་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། གཏེར་བུམ་སོ་སོའི་ཁ་དོག་རྫས་བཅུད་སོགས་བཅའ་གཞི་ཟུར་གསལ་ལྟར་ལེགས་པར་གྲུབ་ནས་སྦྱོང་ཁྲུས་སྤྱི་མཐུན་བྱ། མདུན་དུ་སྟེགས་གཙང་ཁེབས་ལྡན་སྟེང་བུམ་ལྔ་ལྷན་ཅིག་བསྒྲུབ་ན། འབྲུའི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་ཆོས་ཀྱི་བུམ་པ། ཤར་དུ་མཐུན་བུམ། ལྷོར་ནོར་བུམ། ནུབ་ཏུ་ཚེ་བུམ། བྱང་དུ་ནད་སེལ་བུམ་པ་བཅས་ཞལ་མདུན་བསྟན་དུ་བཀོད། ནོར་བུམ་ལྟ་བུ་སྒེར་སྒྲུབ་བྱེད་ན་གང་བསྒྲུབ་དེ་ཀ་གྲངས་མང་ཉུང་གང་ཡོད་ཀྱང་ཐམས་ཅད་སྔར་ལྟར་བཀོད། མདུན་དུ་སྣོད་གཙང་མར་འབུལ་གཏོར་ཟླུམ་གཏོར་རྒྱན་ལྡན་དཀར་མངར་སྤུངས་པ་དང་། ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། དེའང་བུམ་ལྔ་ཕྱོགས་སྒྲུབ་སྐབས་འབུལ་གཏོར་ལྔ་བུམ་པ་སོ་སོའི་མདུན་བཞག་པ་དང་། ཉེར་སྤྱོད་ཆ་བཞི་ཕྱོགས་བཞིར། མདུན་དུ་ཆ་གཅིག་བཅས་ལྔ་འཛོམ་ན་ལེགས། དཀར་གཏོར། བསང་ཆུ། འཐོར་ནས་སོགས་འདུ་བྱ། གཉིས་པ་དངོས་གཞིའི་ཐོག་མར་བསང་ཆུ་ལ་དམིགས་ཏེ། ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཧཱུྃ་ཕཊ། ཅེས་ཉེར་གཅིག་ཙམ་བཟླས་པས་བྱིན་བརླབ། དེས་བྲན་ཏེ་དཀར་གཏོར་སྤྱི་ལྟར་གཏང་། དེ་ནས་སྐྱབས་སེམས་ནི། ན་མོ༔ མཆོག་གསུམ་ངོ་བོ་ཐུགས་རྗེ་ཅན༔ བླ་མར་བཅས་ལ་


RTZ025_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཡིད་བཞིན་འཁོར་ལོ་མྱུར་དུ་བསྒྲུབ༔ ལན་གསུམ། ཚོགས་གསག་ནི། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བཞུགས་གསོལ་དགེ་ཀུན་འགྲོ་ལ་བསྔོ༔ ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག༔ བདག་གི་རྣལ་འབྱོར་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གདོད་ནས་སྟོང་པ་ཆེན་པོའི་ངང༔ སྙིང་རྗེ་སྒྱུ་མ་རིག་པའི་རྩལ༔ ཧྲཱིཿཡིག་ཟླ་བ་ལྟ་བུར་ཤར༔ ཧྲཱིཿཡི་འོད་ལས་གཞལ་ཡས་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་དབུས༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་བརྒྱད་འཛུམ་པའི་མདངས༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ ཕྱག་བརྒྱད་དང་པོ་ཆོས་དབྱིངས་རྒྱ༔ རྡོ་རྗེ་རྩེ་ལྔ་གདེངས་ཏེ་འཛིན༔ དེ་འོག་ནོར་བུ་བུམ་པ་སྦྲེང༔ དེ་འོག་པད་སྡོང་ཁ་ཊྭཱཾ་གསོར༔ ཐ་མས་ལྕགས་ཀྱུ་ཞགས་པ་བསྣམས༔ བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔ འོད་ཟེར་འཇའ་ཚོན་འཕྲོ་བའི་ཀློང༔ སངས་རྒྱས་བྱང་སེམས་རྒྱ་མཚོས་བསྐོར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ཐུགས་ཀར་པདྨ་ཟླ་བའི་


RTZ025_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་མཚན༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྐུལ༔ འགྲོ་བའི་སྒྲིབ་སྦྱངས་རེ་འདོད་བསྐངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་གསལ་བཏབ་ལ། ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ ཅི་ནུས་བཟླ། མཆོད་གཏོར་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ ཨོཾ་ལས་ཉེར་སྤྱོད་འདོད་ཡོན་ལྔ༔ ཨ་ལས་ཟླ་བའི་སྣོད་ཡངས་པར༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཞུ༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ མདུན་བསྐྱེད་བུམ་ལྔ་སོ་སོར་བསྒྲུབ་དགོས་པས་ཐོག་མར་ཆོས་ཀྱི་བུམ་པ་སྒྲུབ་པ་ནི། བསང་ཆུ་འཐོར་ལ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་དཀར་པོ༔ ཡོངས་གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ གྲོལ་བ་མཆོག་གི་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ དང་པོའི་ཕྱག་གཉིས་ཆོས་དབྱིངས་རྒྱ༔


RTZ025_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔ་འོད་འབར་འཛིན༔ གཉིས་པའི་ཕྱག་གཉིས་རིན་པོ་ཆེ༔ བུམ་པ་མྱོང་གྲོལ་བདུད་རྩིས་གང༔ གསུམ་པའི་ཕྱག་གཉིས་པད་སྡོང་དང༔ ཁ་ཊྭཱཾ་རྩེ་གསུམ་འབར་བ་འཛིན༔ བཞི་པ་གཉིས་ཀྱིས་ལྕགས་ཀྱུ་དང༔ རིན་ཆེན་ཕྲེང་བ་ཞགས་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ ཡུམ་སྲས་སེམས་དཔའ་སངས་རྒྱས་སྟོང༔ སྒོ་བ་ཐུབ་དྲུག་ཁྲོམ་ཚོགས་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཞེས་གསལ་བཏབ་ནས་སྤྱན་འདྲེན་པ་ནི། ཧཱུྃ༔ རང་བཞིན་དག་པའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་ལྷ་ཚོགས་གཤེགས་སུ་གསོལ༔ བྱང་ཆུབ་སེམས་དཔའི་འཁོར་དང་བཅས༔ བདག་ལ་དགྱེས་ཤིང་འདིར་བྱོན་ཅིག༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི། ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པའི་ནང༔ པདྨ་ཟླ་བའི་གདན་སྟེང་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ འགྲོ་བའི་དོན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ འགྲོ་བའི་མགོན་པོ་ཐུགས་རྗེ་ཅན༔ ཡབ་ཡུམ་སྲས་དང་སེམས་དཔའ་སྟོང༔ སྒོ་བ་ཐུབ་དྲུག་ཚོགས་


RTZ025_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ མཆོད་པ་ནི། ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་ལ་སོགས་མཆོད་པའི་སྤྲིན༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མོ་གྷ་པཱུ་ཛ་མ་ཎི་པདྨ་བཛྲེ་ཏ་ཐཱ་ག་ཏ་བི་ལོ་ཀི་ཏེ༔ ས་མནྟ་པྲ་ས་ར་ཧཱུྃ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཨཱཿཧཱུྃ༔ གཏོར་འབུལ་ནི། ཨོཾ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ཡ་ས་པ་རི་བཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། བསྟོད་པ་ནི། ཧྲཱི༔ སྙིང་རྗེའི་བདག་ཉིད་འགྲོ་བའི་མགོན༔ བསྐལ་བཟང་སངས་རྒྱས་སྟོང་གི་ཡབ༔ སྐྱབས་མཆོག་ཇོ་བོ་གངས་ཅན་མགོན༔ ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ རིགས་འདུས་རང་ལས་སྤྲུལ་པའི་ལྷ༔ ཡབ་ཡུམ་སྲས་དང་སེམས་དཔའ་སྟོང༔ སྒོ་བ་ཐུབ་དྲུག་འཁོར་དང་བཅས༔ ཐུགས་རྗེའི་ལྷ་ཚོགས་རྣམས་ལ་བསྟོད༔ བཟླས་པ་ནི། གཟུངས་ཐག་བླངས་ལ། བུམ་ལྷའི་ཐུགས་ནས་འོད་ཟེར་ནི༔ ལས་དང་རྗེས་མཐུན་བསམ་ཡས་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་དོན་བསྒྲུབས༔ ཚུར་འདུས་རྫས་ལ་ཐིམ་པ་ཡིས༔ འདོད་པའི་དངོས་གྲུབ་ཀུན་སྩོལ་བའི༔ ཡིད་བཞིན་འཁོར་ལོའི་ངོ་བོར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་


RTZ025_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ལ། ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ྄༔ སརྦ་དུཿཁ་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་ཅི་ནུས་བཟླ་ཞིང་རང་བྱུང་ཡེ་ཤེས་ཀྱི་དགོངས་པ་ལས་མི་གཡོ་བར་བྱའོ། །མཐར་བཅུ་གཅིག་ཞལ་གྱི་གཟུངས་རིང་ཐུང་། དོན་ཞགས་སྙིང་པོ། པདྨ་གཙུག་ཏོར། བཏགས་གྲོལ་འབྲུ་དྲུག་རྣམས་ཀྱང་ཤེས་ཤིང་སྤྲོ་ན་བཟླ། མི་ནུས་ན་བཞག་ཆོག་པ་འོག་མ་རྣམས་ལའང་འགྲེའོ། །བུམ་པ་བཞི་པོ་སྒྲུབ་ཚུལ་དེའི་འགྲེས་སྦྱར་ཏེ། གཏོར་མཆོད་ཆ་གཅིག་ལས་མ་འཛོམ་ན་ཁ་གསོ། གོང་བཞིན་མཆོད་པ་བྱིན་བརླབ། མཐུན་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལྗང་གུ༔ ཡོངས་གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ ཐམས་ཅད་མཐུན་པའི་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་ལྗང་དམར་མདོག༔ གཡས་མཐིང་སོགས་ནས། བུམ་པ་བྱམས་པའི་བདུད་རྩིས་གང༔ ཞེས་བསྒྱུར་བ་མ་གཏོགས་གཞན་ཐམས་ཅད་སྔར་ལྟར་ཆ་ཚང་གཏང་། བཟླས་པ་རྩ་སྔགས་ཤམ་དུ། སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨེ་ཀ་ཧཱུྃ་ཧཱུྃ་དྷརྨ་ལོ་ཀི་ས་མ་ཡ་སྭསྟི་སྭཱ་ཧཱ༔ ཧེ་ཀ་ས་མ་ཡ་སཏྭཾ༔ ཞེས་བཟླ། མཐར་རྟེན་སྙིང་། མུ་ནི། གཙུག་ཏོར་རྣམ་རྒྱལ་དང་དྲི་མེད། གདུགས་དཀར་གྱི་སྙིང་པོ་སོགས་སྤྲོ་ན་བཟླ། ཡང་མཆོད་པ་བྱིན་བརླབ། ནོར་བུམ་


RTZ025_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་སེར་པོ༔ ཡོངས་གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ ལོངས་སྤྱོད་རྒྱས་པའི་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་སེར༔ གཡས་མཐིང་སོགས་ནས། བུམ་པ་འདོད་འབྱུང་བདུད་རྩིས་གང༔ ཞེས་བསྒྱུར་ལ་ཕྲིན་ལས་ཚང་བར་གཏང་། བཟླས་པའི་སྐབས། རྩ་སྔགས་ཤམ་དུ། མ་ཎི་རཏྣ་པཉྩ་ཀཱ་མ་གུ་ཎ་པུཥྚཱིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་མཐར་ནོར་ལྷའི་སྙིང་པོ་རྣམས་ཀྱང་སྤྲོ་ན་བཟླ། ཡང་མཆོད་པ་བྱིན་བརླབ། ཚེ་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་དམར་པོ༔ ཡོངས་གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ འཆི་མེད་ཚེ་ཡི་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དམར༔ གཡས་མཐིང་གཡོན་དཀར་སྤྱན་དགུར་ལྡན༔ སོགས་ནས། བུམ་པ་འཆི་མེད་བདུད་རྩིས་གང༔ ཞེས་བསྒྱུར་ལ་ཕྲིན་ལས་གཏང་།


RTZ025_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་རྩ་སྔགས་ཤམ་དུ། ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་སྦྱར་བ་དང་། མཐར་ཚེ་གཟུངས་ཚེ་སྙིང་རིགས་བཟླ། ཡང་མཆོད་པ་བྱིན་བརླབ། སྨན་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་དཀར་སྔོ༔ ཡོངས་གྱུར་ཕྱི་ནི་བུམ་པ་ལ༔ ནང་ནི་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་སོགས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ༔ སྣང་སྟོང་འཇའ་ཚོན་ལྟ་བུའི་ཀློང༔ ནད་རྣམས་སེལ་བའི་རྫས་ཀྱིས་གང༔ དེ་དབུས་པད་ཟླའི་གདན་སྟེང་དུ༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་མཐིང་དཀར་མདངས༔ གཡས་དཀར་གཡོན་དམར་སྤྱན་དགུར་ལྡན༔ སོགས་ནས། བུམ་པ་སྨན་གྱི་བདུད་རྩིས་གང༔ ཞེས་བསྒྱུར་ལ་ཕྲིན་ལས་གཏང་། བཟླས་པ་རྩ་སྔགས་ཤམ་དུ། སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་དང་། མཐར་སྨན་བླ་ལོ་གྱོན་མའི་སྙིང་པོ་སོགས་བཟླའོ། །བསྐྱེད་བཟླས་ཐམས་ཅད་གྲུབ་པ་དང་མཆོད་པ་ཁ་གསོས་ལ། ཚིགས་བཅད་སྔགས་དང་བཅས་པས་མཆོད་བསྟོད་བྱ། འདོད་དོན་གསོལ་བ་འདེབས་པ་ནི། ཆོས་བུམ་ལ། ཨོཾ༔ ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ སངས་རྒྱས་བྱང་སེམས་འཁོར་བཅས་ལ༔ ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དངོས་གྲུབ་སྩོལ་ཅིག་བསམ་དོན་སྒྲུབས༔ རྟེན་འདིར་བཞུགས་


RTZ025_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཕྲིན་ལས་མཛོད༔ འདི་ཉིད་གང་དུ་བཞུགས་པའི་ཕྱོགས༔ མཐོང་ཐོས་དྲན་རེག་འགྲོ་ཀུན་གྱི༔ སྡིག་སྒྲིབ་སྡུག་བསྔལ་ཞི་བ་དང༔ ཚེ་བསོད་འབྱོར་པ་འཕེལ་བ་དང༔ ཡེ་ཤེས་རྒྱས་པར་མཛད་ནས་ཀྱང༔ མྱུར་དུ་སངས་རྒྱས་སར་འགོད་གསོལ༔ ངན་སོང་གནས་ཀུན་སྟོངས་པ་དང༔ མཐོ་རིས་རྟེན་རྣམས་ཐར་པ་ཐོབ༔ ཀུན་ཀྱང་བྱང་ཆུབ་སྐལ་ལྡན་ནས༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་གསོལ༔ བདག་གཞན་མཁའ་ཁྱབ་སེམས་ཅན་ཀུན༔ མ་རིག་རྨོངས་པའི་གཉིད་སད་ནས༔ སྐད་ཅིག་སྒྲིབ་དག་ཚོགས་གཉིས་རྫོགས༔ རང་རིག་ཡེ་ཤེས་རྟོགས་ནས་སུ༔ ཐུགས་རྗེ་ཆེན་པོ་འགྲུབ་མཛད་གསོལ༔ མཐུན་བུམ་ལ། ཨོཾ༔ ཐུགས་རྗེའི་བདག་ཉིད་ནས། ཕྲིན་ལས་མཛོད༔ བར་ཚིག་རྐང་དྲུག་སྔ་མ་ལྟར་ལ། འདི་ཉིད་བཞུགས་པའི་ཡུལ་ཕྱོགས་ཀྱི༔ མཛའ་ཞིང་གཉེན་དུ་འོས་རྣམས་དང༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀུན༔ ཕན་ཚུན་ལུས་ངག་ཡིད་གསུམ་མཐུན༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ གཡར་དམ་ཐམས་ཅད་ལེགས་པ་དང༔ བརྟན་པ་མི་འགྱུར་དབང་བརྙེས་མཛོད༔ དགེ་འདུན་ཐུགས་མཐུན་བཤད་སྒྲུབ་འཕེལ༔ གྲོང་ཁྱེར་ཡིད་དགའ་འཐབ་


RTZ025_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་མེད༔ ཁྱིམ་གང་སྐྱེ་བོ་མཛའ་ཞིང་བརྟན༔ དམ་པའི་ཆོས་ལ་སྤྱོད་མཛད་གསོལ༔ ནོར་བུམ་ལ། གོང་གསལ་ཚིག་རྐང་དྲུག་པོའི་རྗེས་སུ། འདི་བཞུགས་གནས་དང་ཡུལ་ཕྱོགས་སུ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ སྣོད་ཀྱི་དགེ་མཚན་བཅུད་ཀྱི་གཡང༔ ལྷ་མི་ཀླུ་དང་གནོད་སྦྱིན་གྱི༔ ཟས་ནོར་རིན་ཆེན་འབྱོར་པའི་སྤྲིན༔ ཅང་ཤེས་རྟ་དང་རྐང་བཞི་ཕྱུགས༔ ལོ་ཏོག་འབྲུ་དང་རྩི་ཤིང་སྨན༔ ཚེ་རིང་ནད་མེད་བཀྲ་ཤིས་དཔལ༔ ཆོས་དང་རིགས་ཀྱི་རྒྱུད་འཛིན་སོགས༔ མདོར་ན་སྲིད་ཞིའི་ཕུན་ཚོགས་ཀུན༔ འབད་པ་མེད་པར་དབང་དུ་སྡུས༔ ཟད་མེད་ཆུ་བོའི་རྒྱུན་ལྟར་སྤེལ༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང༔ བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད༔ ཚེ་བུམ་ལ། ཚིག་རྐང་དྲུག་པོའི་རྗེས། མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་བྲལ་ཡེ་ཤེས་མཁྱེན་བརྩེའི་ཐུགས༔ ཡོན་ཏན་རེ་བ་སྐོང་བ་དང༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་སྐུལ༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྲ་བརྟན་ས་གཞི་ལྷུན་ཆགས་རི༔ རྒྱུན་རིང་ཆུ་ཀླུང་གཏན་འཁྱིལ་མཚོ༔ འབར་བ་མེ་དང་སྟོབས་ཆེན་རླུང༔ གཞོམ་གཞིག་མེད་པ་ཀུན་ཁྱབ་མཁའ༔ ཀུན་གྱི་བཅུད་བསྡུས་བུམ་པར་སྐྱིལ༔ རིན་ཆེན་དབྱིག་དང་ནད་སེལ་སྨན༔ འཆི་མེད་བདུད་རྩི་བཅུད་


RTZ025_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཟས༔ བསོད་ནམས་དབང་ཐང་སྟོབས་ཆེན་གྱི༔ ལྷ་ཀླུ་མི་དང་གནོད་སྦྱིན་སོགས༔ ཀུན་གྱི་ཚེ་དང་བསོད་ནམས་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ ཚེ་དཔལ་རྒྱས་པའི་ཕྲིན་ལས་མཛོད༔ འདི་བཞུགས་གནས་ལ་འཁོད་པ་ཀུན། །ཐམས་ཅད་ཚེ་ཡི་བར་ཆད་ཞི། །ཚེ་རིང་རྒས་སྲ་སྟོབས་རྩལ་འཕེལ། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་། །མི་འགྱུར་རྡོ་རྗེའི་ཚེ་དབང་བརྙེས། །འཆི་མེད་ཡེ་ཤེས་འགྲུབ་མཛད་གསོལ། །སྨན་བུམ་ལ། ཚིག་རྐང་དྲུག་པོའི་རྗེས་སུ། གུས་པས་ཐུགས་དམ་རྒྱུད་བསྐུལ་ན༔ རྟེན་འདིར་མགོན་པོ་རྟག་བཞུགས་ནས༔ མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ གནས་སྐབས་འདུ་བ་འཁྲུགས་པ་དང༔ མཐར་ཐུག་དུག་གསུམ་གདུང་བའི་ནད༔ ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཀུན༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཕྱི་ཡི་ནད་གདོན་ཐམས་ཅད་སོལ༔ ནང་གི་ཉོན་མོངས་དུག་ལྔ་སྦྱོངས༔ གསང་བའི་གཉིས་འཛིན་རྣམ་རྟོག་སྦྱོངས༔ གློ་བུར་རྐྱེན་གྱི་འཁྲུལ་སྣང་ཀུན༔ རང་སངས་ཀ་དག་ངང་ལ་དེངས༔ ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག༔ ཅེས་པ་རྣམས་ཀྱིས་རྩེ་གཅིག་ཏུ་གསོལ་བ་གདབ། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཨོཾ༔ འདིར་ནི་རྟེན་དང་སོགས་ཀྱིས་རྟེན་སྙིང་དང་སུ་པྲ་ཏིཥྛ་རྣམས་


RTZ025_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ལ་མེ་ཏོག་འཐོར། བུམ་པར་བསྐྱེད་པའི་ལྷ་དམ་ཚིག་ཡེ་ཤེས་དབྱེར་མེད་པ་ཇི་སྲིད་དུ་བརྟན་པར་བཞུགས་ནས་ཇི་ལྟར་གསོལ་བའི་ཕྲིན་ལས་མཛད་པར་མོས། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ། ཤིས་བརྗོད་སྤྱི་ལྟར་བྱའོ། །གསུམ་པ་རྗེས་གཏེར་བུམ་སྦ་བའི་ཚུལ་ནི། ཆོས་ཀྱི་བུམ་པ་སྐུ་གཟུགས་ཀྱི་སྤྱི་བོ། མཆོད་རྟེན་གྱི་བྲེ། རྒྱལ་མཚན་ནམ་ཏོག །རི་བོའི་རྩེ་ལྟ་བུ་ཀུན་གྱིས་མཐོང་ས། མཐུན་བུམ་གཙུག་ལག་ཁང་གི་སྒོ་གོང་། གྲོང་ཁྱེར་གྱི་དབུས། ཁྱིམ་གྱི་དཀྱིལ། ནོར་བུམ་བང་མཛོད་དང་ཕྱུགས་རྭའི་དབུས། ཚེ་བུམ་འཕོ་འགྱུར་ཞིག་རལ་མི་འགྱུར་བའི་སྡོད་གནས་ལྟ་བུའི་ལྟེ་བ། སྨན་བུམ་འཐུང་ཆུའི་ཕུག །ཆུ་སྣོད་སྟེང་། འཛུལ་སྒོའི་གོང་རྣམས་སུ་བཞག །འཇོག་ཚུལ་སྤྱི་དང་མཐུན་ལ། སྤྲོ་ན་སླར་ཡང་ལྷ་བསྐྱེད་མཆོད་བསྟོད་བཟླས་བརྗོད་ཅི་རིགས་ཀྱང་བྱ། གང་ལྟར་གོང་སྨོས་འདོད་གསོལ་དང་བརྟན་བཞུགས། སོ་སོར་འབྲེལ་ཆགས་པའི་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱས་པས། གཞུང་ནས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་འབྱུང་ངེས་པ་སྟེ་དུས་ལ་དགོངས་པའི་ཟབ་ཁྱད་བོད་ཁམས་བདེ་བྱེད་ཆོས་བཅུའི་ཡ་གྱལ་ཡིན་པའི་ཕྱིར་རོ། །ཡིད་མཐུན་ལོངས་སྤྱོད་ཚེ་དབང་འཕེལ། །ནད་གདོན་ཞི་ཞིང་རྣམ་པར་གྲོལ། །འཕྲལ་ཡུན་དགོས་རྒུ་ཚང་བའི་ཆོས། །ཀུན་ཁྱབ་ཀུན་ཏུ་བདེ་ལེགས་ཤོག །ཅེས་པའང་ཤིན་ཏུ་ཉེ་བར་མཁོ་ཞིང་དགོས་གནད་ཟབ་ཁྱད་ཆེ་བར་མཐོང་ནས་གཞན་ཕན་ལྷག་པའི་བསམ་པས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།