Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།next

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ025_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས། འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


RTZ025_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་ནོར་བུའི་རྒྱལ་པོ་བཞིན། །གསོལ་བཏབ་ཙམ་གྱིས་འདོད་པ་འཇོ། །བླ་མ་ཡིད་བཞིན་འཁོར་ལོ་ལ། །གུས་བཏུད་ལས་སྦྱོར་དབང་ཆོག་འགོད། །འདི་ལ་རང་དོན་མན་ངག་དོན་ཏིག་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་དང་བཅས་པ། གཞན་དོན་ངོ་མཚར་བུམ་པའི་ལས་ཚོགས་གཉིས་སུ་བཞུགས་པའི་ཕྱི་མ་ལ་སྨིན་བྱེད་ཀྱི་དབང་སྔོན་དུ་འགྲོ་དགོས་པས་དེ་ཉིད་རྩ་བའི་དབང་དང་རྗེས་གནང་གིས་རྒྱུད་སྨིན་པ་དགོས་ཤིང་། ཇི་ལྟར་བྱེད་པའི་ཚུལ་ནི། སྟེགས་གཙང་ཁེབས་ལྡན་གྱི་དབུས་དང་ཕྱོགས་བཞིར་མཉྫི་རེ་རེའི་སྟེང་དུ་དབུས་སུ་ཆོས་ཀྱི་བུམ་པ་མགུལ་ཆིངས་དཀར་པོ། ནང་བཅུད་པོ་ཏ་ལའི་ས་མྱང་གྲོལ་གྱི་རིལ་བུ་གཙོ་བོར་གྱུར་པའི་སྐྱེ་བདུན་མྱང་གྲོལ་གྱི་རིགས་དང་། དྲི་ལྔ། རྟག་ངུ་རིགས་གསུམ། ཤར་དུ་མཐུན་པའི་བུམ་པ་མགུལ་ཆིངས་ལྗང་དམར། ནང་བཅུད་འབྲུ་ལྔ། རྒུན་འབྲུམ། མོན་ལུག་གླ་སྒང་། སིནྡྷུ་ར། ལྷོར་ལོངས་སྤྱོད་ཀྱི་བུམ་པ་མགུལ་ཆིངས་སེར། ནང་བཅུད་རིན་ཆེན་ལྔ། ཡུངས་དཀར། གི་ཝཾ།


RTZ025_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨོས་ལོ་ཏོག་གི་འབྲས་བུ། ནུབ་ཏུ་ཚེའི་བུམ་པ་མགུལ་ཆིངས་དམར། ནང་བཅུད་སྙིང་པོ་ལྔ། ཅོང་ཞི། བྲག་ཞུན། དུརྺ། བྱང་དུ་ནད་སེལ་གྱི་བུམ་པ་མགུལ་ཆིངས་མཐིང་སྐྱ། ནང་བཅུད་སྨན་ལྔ། འབྲས་བུ་གསུམ་རྣམས་གཞུག །ཁ་རྒྱན་དུང་ཆོས་གཟུངས་རྡོར་སོགས་སྤྱི་ལྟར་ལ། བུམ་པ་ལྔ་ཀ་ཞལ་མདུན་ངོས་སུ་བསྟན་ཏེ་བཀོད། མཆོད་པ་ཉེར་སྤྱོད་ལྔ་དང་། འབུལ་གཏོར་དཀར་ཟླུམ་བཅས་འཛོམ་ན་ཕྱོགས་བཞི་མདུན་དང་ལྔར་ཆ་ལྔ་བཤམ། མ་འབྱོར་ན་མདུན་ངོས་ཆ་གཅིག་བཤམ། ལས་བུམ། འཐོར་ནས་སོགས་འདུ་བྱ། སྒྲུབ་ཚུལ་རྒྱས་པར་སྤྲོ་ན། འདི་ཉིད་ཀྱི་གཏེར་བུམ་སྒྲུབ་པའི་ཕྲིན་ལས་ལྟར། ལས་བུམ་བྱིན་རླབས། སྐྱབས་སེམས། ཚོགས་གསག །བདག་བསྐྱེད་རྒྱུན་གྱི་རྣལ་འབྱོར་གཙོ་རྐྱང་གི་སྒོམ་བཟླས་བྱ། མཆོད་པ་བྱིན་རླབས་ནས་མདུན་བསྐྱེད་ཆོས་ཀྱི་བུམ་པ་ནས་བརྩམ་རེ་རེ་བཞིན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་བར་དུ་བྱ། བཟླས་དམིགས། བུམ་ལྷའི་སྐུ་ལས་བདུད་རྩི་བབས༔


RTZ025_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ཅིང་གཟུངས་ཐག་བླངས་ལ་བཟླས་པ་ཅི་འགྲུབ་བྱ། བསྡུ་ན་སྐྱབས་སེམས་ནས་མཆོད་བརླབ་བར་སྔར་ལྟར་ལ། ཆོས་ཀྱི་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ རྫས་བཅུད་ཆས་ལྡན་བུམ་པའི་ནང༔ པདྨ་ཟླ་བའི་གདན་སྟེང་དུ༔ ཧྲཱིཿཡིག་ཡོངས་གྱུར་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ ཞལ་གསུམ་ཕྱག་བརྒྱད་འཛུམ་པའི་མདངས༔ རྒྱན་ཆ་ཕྱག་མཚན་ཡོངས་རྫོགས་པ༔ གང་ལ་གང་འདུལ་འདོད་རྒུར་འཆར༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ ཡུམ་སྲས་སེམས་དཔའ་སངས་རྒྱས་སྟོང༔ སྒོ་བ་ཐུབ་དྲུག་ཁྲོམ་ཚོགས་ལྟར༔ གསལ་བའི་སྐུ་ལས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་བསམ༔ ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ༔ སརྦ་དུཿཁ་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་བཟླ། དེས་འགྲེས་སྦྱར་ཏེ། མཐུན་བུམ་བསང་སྦྱང་སོགས་ནས། ཡིད་བཞིན་འཁོར་ལོ་ལྗང་དམར་མདོག༔ ཅེས་བསྒྱུར་བ་དང་། བཟླས་པ་སྙིང་པོའི་ཤམ་དུ། སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨེ་ཀ་ཧཱུྃ་ཧཱུྃ་དྷརྨ་ལོ་ཀི་ས་མ་ཡ་སྭསྟི་སྭཱ་ཧཱ༔ ཧེ་ཀ་ས་མ་ཡ་སཏྭཾ༔ ཞེས་བཏགས་པ་བཟླ། ནོར་བུམ་ལ། ཡིད་བཞིན་འཁོར་ལོ་གསེར་གྱི་མདོག༔ ཅེས་དང་། སྔགས་ཤམ། མ་ཎི་རཏྣ་པཉྩ་ཀཱ་མ་གུ་ཎ་པུཥྚཱིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བུམ་ལ། ཡིད་བཞིན་འཁོར་ལོ་སྐུ་མདོག་དམར༔ ཅེས་དང་། སྔགས་ཤམ་


RTZ025_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ སྨན་བུམ་ལ། ཡིད་བཞིན་འཁོར་ལོ་མཐིང་དཀར་མདངས༔ ཞེས་དང་། སྔགས་ཤམ། སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། མཐར་ཐུན་མོང་དུ་དམིགས་ཏེ་མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ། གིས་དུང་ཆོས་ཕུལ་ལ། ལྷ་འོད་དུ་ཞུ་བས་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་བདུད་རྩི་ལས་མཐུན་གྱི་ཁ་དོག་ཅན་དུ་གྱུར་པར་མོས། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སྤྱི་མཚམས་དང་། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ་སོགས་ཀྱི་རྗེས། གང་གསན་པར་བྱ་བའི་ཆོས་མདོ་རྒྱུད་གསར་རྙིང་གི་རིང་སྲོལ་དུ་མ་ཞིག་མཆིས་པ་ལས་སྐབས་སུ་བབས་པ་འདི་ནི། ཀུན་བཟང་པདྨ་སཾ་བྷ་བའི་བཀའ་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བོད་ལ་ཕན་པའི་ཕྱིར༔ པོ་ཏ་ལ་ཡི་གནས་སུ་ཕྱིན༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ ཞི་མཐུན་ཚེ་ནོར་ཆོས་རྣམས་ནི༔ སྒྲུབ་ཐབས་ཞུས་པས་གདམས་པ་དང༔ པོ་ཏ་ལ་ཡི་ས་རྡོ་ལ༔ ཐུགས་རྗེས་བྱིན་བརླབས་བདག་ལ་གནང༔ མཆིམས་ཕུར་བསྒྲུབས་ཏེ་བོད་ཁམས་སུ༔ དམ་རྫས་སྡུག་བསྔལ་ཞི་བྱེད་འགྱེད༔ བོད་ཁམས་བདེ་ཞིང་སྐྱིད་པ་བྱུང༔ རྒྱལ་ཁམས་མ་ཎིར་བདག་གིས་བསྐུལ༔ ཕྱི་རབས་རྗེས་འཇུག་དེ་བཞིན་མཛོད༔ གདམས་པ་དམ་རྫས་འདི་ལྟ་བུ༔ གཏེར་ཁ་གཅིག་ལས་སྦས་པ་མེད༔ ལྷ་སྲས་


RTZ025_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འཕྲོད་པར་ཤོག༔ ཅེས་གདམས་པར་མཛད་པ་གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་གདམས་སྐོར། མྱང་གྲོལ་དམ་རྫས་སྡུག་བསྔལ་ཞི་བྱེད་དང་བཅས་པ་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ཏེ། མདོ་ཁམས་ལྷོ་རྒྱུད་ཀྱི་གནས་ཆེན་མཛོད་ལྔ་སྒྲོམ་གསུམ་གྱི་གཏེར་མཛོད་ཆེན་པོ་དང་ལྡན་པའི་ནམ་མཁའ་མཛོད་དུ་སྦས་པ། སྙིགས་མའི་འགྲོ་བར་ཕན་བདེ་འབྱུང་བའི་དུས་ལ་བབས་པའི་ཚེ་ལྷ་སྲས་སྐྱེ་བ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་སྤྱན་འདྲེན་པར་མཛད་པའི་ཟབ་མོའི་ཆོས་སྡེ་ལ། རང་དོན་བསྐྱེད་རྫོགས་ཀྱི་རྣལ་འབྱོར། གཞན་དོན་བུམ་པའི་ལས་སྦྱོར་གཉིས་སུ་མཆིས་པ་ལས་འདིར་གཞན་དོན་བུམ་པའི་ཕྲིན་ལས་རྣམ་པ་ལྔ་དང་འབྲེལ་བའི་སྨིན་བྱེད་བགྱི་བ་ལ་ཐོག་མར་ཕན་ཚུན་མཛའ་ཞིང་མཐུན་པར་བྱེད་པའི་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཉིད་སྨིན་པར་མཛད་པ་དང༔ ཐམས་ཅད་མཐུན་པའི་དབང་གི་རྒྱལ༔ མགོན་པོས་མྱུར་བར་བསྩལ་དུ་གསོལ༔ ལན་གསུམ། གནང་བ་སྩལ་བ་འདི་ལ་སྙན་གཏོད་འཚལ། བུ་རྣམས་ཚུར་ཤོག་དད་པ་དང༔


RTZ025_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་དང་སྤྲོ་བ་རྒྱ་ཆེར་སྐྱེད༔ སྡིག་པ་བཅུ་རྣམས་སྤང་བ་དང༔ དགེ་བ་བཅུ་རྣམས་ལེགས་སྤྱད་དེ༔ ཐུགས་རྗེའི་ལྷ་འདི་གཟུང་བར་གྱིས༔ བླ་མ་འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པ་ལ། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ མཆོག་གསུམ་ངོ་བོ་སོགས་ལས་བྱང་ལྟར་སྐྱབས་སེམས་ལན་གསུམ། ཚོགས་གསག་ཡན་ལག་བདུན་ལྡན་གྱི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། སྲས་བཅས་རྒྱལ་བ་སོགས་ལན་གསུམ། དབང་གི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་དམ་ཚིག་པའི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབས་ཤིག །ལས་ཆུ་འཐོར། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སློབ་མ་ཉིད། །གང་དུ་གནས་པའི་གོ་ས་རུ། །པདྨ་ཉི་ཟླའི་གདན་གྱི་སྟེང༔ ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཅན༔ ཡིད་བཞིན་འཁོར་ལོ་ལྗང་དམར་མདོག༔ གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ དང་པོའི་ཕྱག་གཉིས་ཆོས་དབྱིངས་རྒྱ༔ རྡོ་རྗེ་རྩེ་ལྔ་འོད་འབར་འཛིན༔ གཉིས་པའི་ཕྱག་གཉིས་རིན་པོ་ཆེ༔ བུམ་པ་བྱམས་པའི་བདུད་རྩིས་གང༔ གསུམ་པའི་ཕྱག་གཉིས་པད་སྡོང་དང༔ ཁ་ཊྭཱཾ་རྩེ་གསུམ་འབར་བ་འཛིན༔ བཞི་པ་


RTZ025_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ལྕགས་ཀྱུ་དང༔ རིན་ཆེན་ཕྲེང་བ་ཞགས་པ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞབས་གཉིས་བཞེངས་སྟབས་འོད་འབར་བཞུགས༔ གནས་གསུམ་འབྲུ་གསུམ་མཚན་པ་དང་། །སློབ་དཔོན་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །མཁའ་ཁྱབ་སངས་རྒྱས་ཞིང་ཀུན་དང་། །པོ་ཏ་ལ་ནས་སྤྱན་རས་གཟིགས། །ཡིད་བཞིན་འཁོར་ལོ་གྲངས་མེད་པ། །སྤྱན་དྲངས་གཉིས་མེད་ཐིམ་པར་གྱུར། །སྤོས་དང་རོལ་མོ་བཅས། སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་མང་དུ་བརྗོད་ལ་བྱིན་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུན་བརྟན་པར་བྱས་པར་མོས་མཛོད། རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སྲས་དང་བཅས་པའི་རྒྱལ་བ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །ཤར་གྱི་མཐུན་བུམ་ཐོགས་ལ། ཧྲཱི༔ བདེ་གཤེགས་རྣམས་ཀྱི་བདེན་པ་དང༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ མཛའ་ཞིང་གཉེན་དུ་འོས་རྣམས་དང༔ གཟུགས་ཅན་གཟུགས་མེད་ཐམས་ཅད་ཀུན༔ ཕན་ཚུན་ལུས་ངག་ཡིད་གསུམ་མཐུན༔ འཇིག་རྟེན་


RTZ025_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འདས་པ་ཡི༔ གཡར་དམ་ཐམས་ཅད་ལེགས་པ་དང༔ བརྟན་པ་མི་འགྱུར་དབང་བསྐུར་བས༔ ཕན་ཚུན་འཁྲུགས་པ་མེད་པ་རུ༔ མཛའ་ཞིང་མཐུན་ལ་དེ་བརྟན་ཤོག༔ སྒྲུབ་ཐབས་ལྟར་མཐུན་པའི་སྔགས་བརྗོད་ལ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱི་སྒོ་གསུམ་ནམ་ཡང་ཁོང་ཁྲོས་མི་འཁྲུགས་ཤིང་མ་བུ་བཞིན་དུ་མཛའ་ཞིང་མཐུན་པར་ནུས་པའི་དབང་ཐོབ་པ་ལ་དབང་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །འཐབ་རྩོད་ཁྲོ་འཁྲུག་གནོད་འཚེའི་བསམ་སྦྱོར་སོགས། །སྡང་བའི་སེམས་ཞི་བྱམས་པའི་ཡིད་དང་ལྡན། །ཐམས་ཅད་གཉེན་བཤེས་བཞིན་དུ་མཛའ་ཞིང་མཐུན། །དམ་ཆོས་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་ལྟ་བུ་འོས་ཤིང་འཐད་པའི་ཤིས་པ་བརྗོད་ལ་མེ་ཏོག་འཐོར། གཉིས་པ་དཔལ་འབྱོར་བསོད་ནམས་ལོངས་སྤྱོད་རྒྱས་པར་བྱེད་པ་ནོར་གྱི་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་སོགས་བརྗོད་ལ་མཎྜལ་དང་། གསོལ་འདེབས་སྔར་ལྟར། ཚིག་རྐང་གསུམ་པའི་མལ་དུ། ལོངས་སྤྱོད་རྒྱས་པའི་དབང་གི་རྒྱལ༔ ཞེས་བསྒྱུར་ལ་གནང་བ་སྦྱིན། སྐྱབས་སེམས། ཚོགས་གསག །ལྷ་བསྐྱེད་སྐབས། ཡིད་བཞིན་འཁོར་ལོ་སྐུ་མདོག་སེར༔ ཞེས་དང་། བུམ་པ་འདོད་འབྱུང་བདུད་རྩིས་གང༔ ཞེས་བསྒྱུར་བ་མ་གཏོགས་སྔར་ལྟར་ལ། ལྷོའི་བུམ་པ་ཐོགས། བུམ་དབང་གི་ཆོ་ག །ཧྲཱི༔


RTZ025_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྣམས་ཀྱི་བསོད་ནམས་དང༔ ཡིད་བཞིན་འཁོར་ལོའི་དངོས་གྲུབ་ཀྱིས༔ དུག་ལྔའི་སྒྲིབ་པ་ཕྱིར་སྦྱངས་ཏེ༔ བསོད་ནམས་ཚོགས་ཆེན་རྫོགས་གྱུར་ནས༔ འབྲུ་ནོར་དར་གོས་རིན་པོ་ཆེ༔ ཡིད་ལ་འདོད་པའི་ཡོན་ཏན་ལྔ༔ ཕུན་སུམ་ཚོགས་པའི་དབང་བསྐུར་བས༔ ཡིད་ལ་བསམ་པའི་དོན་འགྲུབ་ཤོག༔ ནོར་བུམ་གྱི་སྔགས་བརྗོད་ལ་དབང་བསྐུར་ལ་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་དཔལ་དང་འབྱོར་པ་བསོད་ནམས་ལོངས་སྤྱོད་སྙན་གྲགས་མངའ་ཐང་སོགས་འདོད་རྒུའི་ཡོན་ཏན་རྒྱས་པའི་དབང་ཐོབ་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་འདོད་རྒུས་ཕོངས་མེད་པར། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད། གསུམ་པ་དུས་མ་ཡིན་པའི་འཆི་བ་འཇོམས་ཤིང་འཆི་མེད་རྡོ་རྗེའི་ཚེ་སྒྲུབ་པར་བྱེད་པ་ཚེའི་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་ཞེས་མཎྜལ། གསོལ་འདེབས་ཚིག་རྐང་གསུམ་པར། འཆི་མེད་ཚེ་ཡི་དབང་གི་རྒྱལ༔ ཞེས་བསྒྱུར་ལ་གནང་བ་སྦྱིན། སྐྱབས་སེམས། ཚོགས་གསག་རྣམས་དང་། ལྷ་བསྐྱེད་སྐབས། ཡིད་བཞིན་འཁོར་ལོ་སྐུ་མདོག་དམར༔ གཡས་མཐིང་གཡོན་དཀར་སྤྱན་དགུར་ལྡན༔ ཞེས་དང། བུམ་པ་འཆི་མེད་བདུད་རྩིས་གང༔ ཞེས་བསྒྱུར། གཞན་སྔར་ལྟར་ལ། ནུབ་ཀྱི་


RTZ025_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཐོགས་ནས་བསྐུར་ཚིག །ཧྲཱི༔ གར་གྱི་དབང་ཕྱུག་སྤྱན་རས་གཟིགས༔ ཐུགས་རྗེའི་ཐུགས་དམ་དུས་ལ་བབས༔ བཀྲ་ཤིས་ཚེ་ཡི་བུམ་པ་ནས༔ སྙིང་པོ་ཚེ་ཡི་དབང་བསྐུར་སྩོལ༔ ལོ་བརྒྱ་ཐུབ་པའི་ཚེ་དབང་སྐུར༔ མི་ཤིགས་མི་འགྱུར་ཚེ་ཐོབ་ཤོག༔ བདེ་གཤེགས་ཚེ་ཡི་དབང་མཆོག་འདི༔ སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག༔ ཚེ་བུམ་སྒྲུབ་སྔགས་བརྗོད་ཅིང་དབང་བསྐུར། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཞི། ཚེ་སྲོག་རྡོ་རྗེའི་བྲག་ལྟར་སྲ་ཞིང་བརྟན། སྐུ་ཚེ་ཉི་ཟླ་དང་མཉམ་པའི་དབང་ཐོབ་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་སོགས་ཤིས་པ་བརྗོད། བཞི་པ་རྣམ་གྲོལ་གཏན་གྱི་བདེ་བ་ཐོབ་པར་བྱེད་པ་གྲོལ་བ་བཞི་ལྡན་ཆོས་ཀྱི་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་ཞེས་མཎྜལ། གསོལ་འདེབས་ཚིག་རྐང་གསུམ་པར། གཏན་དུ་བདེ་བའི་དབང་གི་རྒྱལ༔ ཞེས་བསྒྱུར་ལ་གནང་བ་སྦྱིན། སྐྱབས་སེམས། ཚོགས་གསག །ལྷ་བསྐྱེད་སྐབས། ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔ ཞེས་དང་། བུམ་པ་མྱོང་གྲོལ་བདུད་རྩིས་གང༔ ཞེས་བསྒྱུར། གཞན་སྔར་ལྟར་ལ། དབུས་ཀྱི་བུམ་པ་ཐོགས་ནས་དབང་ཚིག །ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་པའི་བུམ་པ་ནས༔ ཡིད་བཞིན་འཁོར་ལོའི་དབང་བསྐུར་བླ་ན་མེད༔ བུམ་པ་རིན་ཆེན་གཞལ་ཡས་ཕོ་བྲང་ནས༔ བུམ་ཆུ་ལྷ་ཡི་སྐུར་


RTZ025_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྲངས་མེད་པ༔ སྐལ་ལྡན་རྣམས་ལ་གཉིས་སུ་མེད་པར་ཐིམ༔ འཕྲལ་དང་ཡུན་དུ་སྡུག་བསྔལ་གྱིས་གཟིར་བའི༔ གཞི་རྒྱུ་རྐྱེན་དང་འབྲས་བུ་ཐམས་ཅད་སྦྱངས༔ བདེ་བའི་རྒྱུ་རྐྱེན་འབྲས་བུ་གོང་འཕེལ་ཞིང༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྫོགས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི༔ གསང་གསུམ་དབང་གི་ཆུ་བོ་འབབ་པ་ཡང༔ བཀྲ་ཤིས་དགེ་མཚན་དུ་མར་ལྡན་པ་ཡིས༔ དེ་རིང་སྐལ་ལྡན་རྣམས་ཀྱི་གདུང་སེལ་ཤོག༔ ཆོས་བུམ་གྱི་སྔགས་བརྗོད་ལ་དབང་བསྐུར། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་མཐོང་ཐོས་དྲན་རེག་གིས་འབྲེལ་བའི་གཟུགས་ཅན་གཟུགས་མེད་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་དབུགས་འབྱིན་ཆེན་པོའི་དགའ་སྟོན་སྦྱིན་ནུས་པའི་དབང་ཐོབ་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །འགྲོ་རྣམས་ཐེག་ཆེན་ཆོས་ལ་སྤྱོད་པ་དང་། །ཀུན་བཟང་ཀློང་དུ་གྲོལ་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད། ལྔ་པ་འཕྲལ་རྐྱེན་ལུས་སྲོག་གི་འཚོ་བ་ལ་བར་དུ་གཅོད་པའི་ནད་གདོན་ཞི་བར་བྱེད་པ་སྨན་གྱི་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་ཚིག་རྐང་གསུམ་པར། ནད་ཀུན་ཞི་བའི་དབང་གི་རྒྱལ༔ ཞེས་བསྒྱུར་ལ་གནང་བ་སྦྱིན། སྐྱབས་སེམས། ཚོགས་གསག །ལྷ་སྐྱེད་སྐབས། ཡིད་བཞིན་འཁོར་ལོ་མཐིང་དཀར་མདངས༔ གཡས་དཀར་གཡོན་དམར་སྤྱན་དགུར་ལྡན༔ ཞེས་དང་།


RTZ025_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སྨན་གྱི་བདུད་རྩིས་གང༔ ཞེས་བསྒྱུར། བྱང་གི་བུམ་པ་ཐོགས་ལ་དབང་ཚིག །ཧྲཱི༔ ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ནང༔ སྐུ་དང་ཡེ་ཤེས་སྨན་གྱིས་བཀང༔ ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱི་ཡི་ནད་གདོན་ཐམས་ཅད་སོལ༔ ནང་གི་ཉོན་མོངས་དུག་ལྔ་སྦྱོངས༔ གསང་བའི་གཉིས་འཛིན་རྣམ་རྟོག་སྦྱོངས༔ གློ་བུར་རྐྱེན་གྱི་འཁྲུལ་སྣང་ཀུན༔ རང་སངས་ཀ་དག་ངང་ལ་དེངས༔ ལྷུན་གྲུབ་བདེ་ཆེན་རྟོགས་པར་ཤོག༔ སྨན་བུམ་སྔགས་བརྗོད་ལ་དབང་བསྐུར། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་རྒྱུ་དུག་གསུམ་གྱིས་བསྐྱེད་པའི་འབྲས་བུ་ཉེས་པ་གསུམ་གྱི་ནད་དང་ཕོ་མོ་མ་ནིང་ལས་གྱུར་པའི་གདོན་གྱི་ཉེར་འཚེ་ཐམས་ཅད་ཞི་ཞིང་འཇོམས་པའི་དབང་ཐོབ་པར་གྱུར་པ་ལ་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་ཇི་ལྟར་འོས་པའི་ཤིས་པ་བརྗོད། དེ་དག་གིས་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་གཞན་དོན་བུམ་པའི་ལས་ཚོགས་དང་འབྲེལ་བར་འཕྲལ་ཡུན་གྱི་འདོད་རྒུ་མ་ལུས་པ་འཇོ་བར་བྱེད་པའི་དབང་རྣམས་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་དང་སྡོམ་པ་མདོར་བསྡུས་ཏེ་འཛིན་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། བུམ་ལྷ་འོད་དུ་ཞུ་ཟིན་ཅིང་མདུན་བསྐྱེད་མེད་པས་མཆོད་བསྟོད་མི་དགོས། ནོངས་བཤགས་དང་ཡིག་བརྒྱ་


RTZ025_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། བདག་བསྐྱེད་འོད་གསལ་དུ་བསྡུས་ནས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་གནས་གསུམ་བསྲུང་། དགེ་བསྔོ་ཤིས་བརྗོད་བྱའོ། །གང་འདིར་འབྲེལ་ཚད་འགྲོ་བ་ཀུན། །གནས་སྐབས་ཡིད་མཐུན་ཚེ་ནོར་འཕེལ། །གེགས་ཞི་མཐར་ཐུག་འཇིག་རྟེན་གྱི། །མགོན་དང་དབྱེར་མེད་བྱང་ཆུབ་ཤོག །ཅེས་པའང་སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་ཟུང་གིས་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བ་ཐོབ་པ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པའམ་པདྨ་གར་དབང་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་མགུལ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏེར་ཆེན་རྣམ་པ་གཉིས་ཀྱི་ཕྱག་བཞེས་གསལ་བར་བསྡེབས་པ་དགེ་ལེགས་འཕེལ།། །།


previousཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལས་འགྲོ་དོན་ལས་ཚོགས་བུམ་པ་ལྔའི་དབང་གི་ཆོ་ག་ཕན་བདེའི་འབྱུང་གནས། བསྟན་གཉིས་གཡུང་དྲུང་གླིང་པ།next