Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོར་བསྡུས་པ། དྷརྨ་ཤྲཱི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོར་བསྡུས་པ། དྷརྨ་ཤྲཱི།next

ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོར་བསྡུས་པ། དྷརྨ་ཤྲཱི།


RTZ025_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོར་བསྡུས་པ་བཞུགས་སོ། །


RTZ025_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །སྤྱན་རས་གཟིགས་དབང་ལ་བཏུད་ནས། །ཇོ་བོ་དེར་བསྟེན་སྨྱུང་གནས་ཀྱི། །སྡིག་སྒྲིབ་སྦྱོང་བའི་ཆོ་ག་བཤད། །དཔྱིད་ཟླ་ཐ་ཆུང་ས་ག་ཟླའི། །ཚེས་གཅིག་བརྒྱད་དང་བཅུ་བཞི་སོགས། །བཟང་པོའི་དུས་སུ་རྟེན་གྱི་དྲུང་། །འདབ་མ་བརྒྱད་པའི་དཀྱིལ་འཁོར་བྲི། །དེ་མཐར་ཉེར་སྤྱོད་དཀར་གཏོར་དང་། །མདུན་ངོས་བུམ་པ་གཟུངས་རིང་གིས། །བགེགས་བསྐྲད་སྤྱི་དང་མཐུན་པར་བཤམ། །དེ་ནས་སྔ་དྲོ་ཁྲུས་བྱས་ཏེ། །སྐྱབས་སེམས་བྱས་རྗེས་བླ་མ་འམ། །རྟེན་ལ་ཐུགས་རྗེ་ཆེན་པོ་ཡི། །འདུ་ཤེས་བཞག་ལ་དེ་ཡི་དྲུང་། །གསོ་སྦྱོང་བླངས་ལ་བསྲུང་སྙམ་པའི། །བསམ་པ་དྲགས་པོས་འདི་ལྟར་ལེན། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱེད་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣལ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་


RTZ025_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། གསོ་སྦྱོང་ངེས་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱི་འོ། །ཞེས་ལན་གསུམ་བཟླས་པའི་རྗེས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ཀྱང་ལན་གསུམ་བརྗོད་བྱས་ནས། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཉི་ཤུ་རྩ་གཅིག་བཟླ །དེ་ནས་ཚོགས་གསག་རིམ་པ་ནི། སེམས་ཅན་བདེ་དང་ལྡན་པ་དང་། །དེ་བཞིན་སྡུག་བསྔལ་དང་བྲལ་ཞིང་། །སྡུག་བསྔལ་མེད་པའི་བདེ་རྒྱས་ཏེ། །བཏང་སྙོམས་གནས་ལ་སྤྱོད་གྱུར་ཅིག །གནས་


RTZ025_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་རིན་ཆེན་ས་གཞི་ལ། །མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པར། །རང་ཉིད་ཇོ་བོ་སྤྱན་རས་གཟིགས། །དེ་ཡི་ཐུགས་ཀར་ཟླ་དཀྱིལ་སྟེང་། །ཧྲཱིཿདཀར་བཅས་པ་ལམ་གྱིས་བསྒོམ། །དེ་དག་མདུན་གྱི་ནམ་མཁའ་ལ། །རིན་ཆེན་མཛེས་ཁྲི་པད་ཟླའི་གདན། །ཡངས་ཤིང་རྒྱ་ཆེ་གསལ་བར་གྱུར། །རང་གི་སྙིང་ཁའི་ཧྲཱིཿཡིག་ལས། །འོད་འཕྲོས་རྩ་བའི་བླ་མ་ནི། །འཕགས་པའི་རྣམ་པར་སྤྱན་དྲངས་པ། །གདན་གྱི་ལྟེ་བར་བཞུགས་པར་བསམ། །ཕྱོགས་བཞིར་རིགས་བཞིའི་མཐའ་སྐོར་དུ། །སངས་རྒྱས་བྱང་སེམས་ཉན་རང་དང་། །ཆོས་སྲུང་ལ་སོགས་སྤྲིན་ལྟར་གཏིིབས། །དེ་དག་སྟེང་གི་བར་སྣང་ལ། །བརྒྱུད་པའི་བླ་མ་མ་ལུས་བཞུགས། །རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །དགེ་སློང་དཔལ་མོ་པཎ་ཆེན་ཟླ་གཞོན་ཞབས། །ཡེ་ཤེས་བཟང་པོ་བལ་པོ་པེ་ཉ་བ། །བྱང་སེམས་ཟླ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་ཐོབ་ཉི་ཕུག་འཁྲུལ་ཞིག་རྡོ་རྗེ་རྒྱལ། །ཞང་སྟོན་དགྲ་འཇིགས་མཁན་ཆེན་རྩི་འདུལ་བ། །བདེ་བ་ཅན་པ་བྱང་སེམས་ཆུ་བཟང་པ། །ཤེས་རབ་འབུམ་པ་རྣམས་ལ་ཕྱག་འཚལ་ལོ། །


RTZ025_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཐོགས་མེད་གཉགས་ཆེན་བསོད་ནམས་དབང་། །གཉགས་དབོན་བསོད་བཟང་འཕགས་ཆེན་བསོད་ནམས་དར། །བསོད་ནམས་རྒྱལ་མཚན་གྲགས་པ་བསོད་ནམས་དང་། །ཀུན་དགའ་མཆོག་གྲུབ་རྣམས་ལ་ཕྱག་འཚལ་ལོ། །ཀུན་དགའ་གྲོལ་མཆོག་རྗེ་བཙུན་རྡོ་རིང་པ། །ཀུན་དགའ་སྙིང་པོ་བཀྲ་ཤིས་ཕུན་ཚོགས་ཞབས། །ཤཱཀྱ་བསྟན་འཕེལ་ཕུན་ཚོགས་རྣམ་པར་རྒྱལ། །ངག་དབང་ཆོས་དཔལ་རྣམས་ལ་ཕྱག་འཚལ་ལོ། ཁ་རག་སྒོམ་ཆེན་ཕུན་ཚོགས་མཚན་ཅན་དང་། །ཞྭ་ལུ་མཁན་ཆེན་ཀུན་དགའ་མཁྱེན་རབ་དབང་། །བསྟན་འཛིན་ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡང་ན། རྒྱལ་སྲས་ཐོགས་མེད་བྱང་རྩེ་བུདྡྷ་ཤྲཱི། །ཀུན་དགའ་བཟང་པོ་མུས་ཆེན་སངས་རྒྱས་འཕེལ། །གོ་རམ་ཀོང་ཆེན་མཁན་ཆེན་ཆོས་གྲགས་པ། །བློ་གྲོས་རབ་ཡངས་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་དབང་པོ་ཀརྨ་བསྟན་འཕེལ་དང་། །ཀུན་དགའ་ཆོས་ལྷུན་དྷརྨ་ཝརྡྷའི་ཞབས། །ཆོས་སྐྱོང་རྒྱལ་མཚན་དྷརྨ་ཤྲཱི་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་འཕགས་ཆེན་བསོད་ནམས་དར་ནས་འཇམ་དཔལ་བཟང་པོ་སོགས་ཀར་ལུགས་ཀྱི་བརྒྱུད་རིམ་ཡོད་དེ་གང་འདོད་སྦྱར་བས་ཆོག །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་


RTZ025_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་པའི་ཕྱག་བྱས་མཆོད་རྫས་རྣམས། ཨོཾ་སྭ་བྷཱ་བ་སོགས། མི་དམིགས་སྟོང་པའི་ངང་ཉིད་ལས། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་བྱུང་བའི་ལྷ་རྫས་ཀྱི། །མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན། ཤབྡའི་བར་སོ་སོའི་ཕྱག་རྒྱར་བཅས་པས་བྱིན་གྱིས་བརླབ། སྙིང་གའི་ཧྲཱིཿལས་མཆོད་པའི་ནི། །ལྷ་མོ་དཔག་མེད་སྤྲོས་ཏེ་མཆོད། །མེ་ཏོག་མ་དཀར་མེ་ཏོག་འཐོར། །སྤོས་མ་མཐིང་ག་བདུག་པ་འབུལ། །སྣང་གསལ་མ་དམར་མེ་སྒྲོན་འཛིན། །དྲི་མ་ལྗང་གུས་དྲི་མཆོག་བྱུགས། །རོ་མ་སེར་མོས་ཟས་གཞོང་ཐོགས། །སྒྲ་མ་རོལ་མོ་སྣ་ཚོགས་འཁྲོལ། །རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ། །བདག་ཅག་དད་པས་འབུལ་གྱིས་བཞེས། །


RTZ025_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན། ཤབྡའི་བར་དུ་མཆོད། དེ་ནས་མཆོད་པའི་ལྷ་མོ་རྣམས། །ཚུར་འདུས་ཧྲཱིཿཡིག་ཉིད་ལ་ཐིམ། །དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་རཏྣ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི། དེ་ནས་སྔར་གྱི་སྡིག་པ་ལ། །རབ་འགྱོད་ཕྱིན་ཆད་བསྡམ་པའི་བློས། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་


RTZ025_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་སོགས་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །ཞེས་པ་ལན་གསུམ་བརྗོད་རྗེས་སུ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སེམས་ཅན་སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པར་གྱུར་པ་གང་བགྱིས་པ། །སྐྲག་པས་རྨི་འདྲར་བཤགས་བགྱིད་ཅིང་། །དེང་ནས་བརྩམ་སྟེ་འབྱུང་མི་བགྱིད། །


RTZ025_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་རྣམས་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །སེམས་ཅན་བདེ་དང་ལྡན་པ་དང་། །དེ་བཞིན་སྡུག་བསྔལ་དང་བྲལ་ཞིང་། །སྡུག་བསྔལ་མེད་པའི་བདེ་རྒྱས་ཏེ། །བཏང་སྙོམས་གནས་ལ་སྤྱོད་གྱུར་ཅིག །ཚོགས་ཞིང་རང་གནས་གཤེགས་པར་བསམ། །དེ་ནས་བདག་བསྐྱེད་བསྒོམ་པ་ནི། །ཨོཾ་སྭ་བྷཱ་བ་སོགས། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཆོས་ཀུན་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་པཾ་ལྗང་སེར། །ཡོངས་གྱུར་སྣ་ཚོགས་པད་འདབ་བརྒྱད། །དེ་དབུས་ཨ་ལས་ཟླ་རྒྱས་སྟེང་། །རང་སེམས་ཧྲཱིཿཡིག་དཀར་ལ་འཚེར། །དེ་ལས་འོད་འཕྲོས་འགྲོ་ཀུན་གྱི། །སྒྲིབ་སྦྱངས་ཇོ་བོའི་སྐུ་རུ་གསལ། །ཚུར་འདུས་ཧྲཱིཿར་ཐིམ་དེ་ཉིད་ཀྱང་། །གསེར་མདོག་པདྨ་འདབ་མ་བརྒྱད། །ལྟེ་བར་ཧྲཱིཿཡིས་མཚན་པར་གྱུར། །དེ་ལས་འོད་འཕྲོས་རྒྱལ་བ་ཀུན། །སྤྱན་དྲངས་ཧྲཱིཿར་ཐིམ་ཡོངས་གྱུར་ལས། །བདག་ཉིད་འཕགས་པ་སྤྱན་རས་གཟིགས། །སྟོན་ཀའི་ཟླ་བ་ལྟ་བུར་དཀར། །བཅུ་གཅིག་ཞལ་ཅན་རྩ་ཞལ་དཀར། །གཡས་ལྗང་གཡོན་དམར་དེ་ཡི་སྟེང་། །ཞལ་གསུམ་ལྗང་དམར་དཀར་བ་འོ། །དེ་


RTZ025_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དམར་དཀར་ལྗང་བའི་མདོག །དེ་རྣམས་ཞི་ཞལ་འཛུམ་མདངས་ཅན། །དེ་སྟེང་ཁྲོ་བོའི་ཞལ་ནག་པོ། །མཆེ་གཙིགས་སྤྱན་གསུམ་ཁྲོ་གཉེར་ཅན། །རལ་པ་དམར་སེར་གྱེན་དུ་བརྫེས། །དེ་ཡི་སྤྱི་བོར་ཞི་ཞལ་དམར། །རྒྱན་སྤངས་གཙུག་ཏོར་མགུལ་པར་བཅས། །ཕྱག་སྟོང་ལས་ནི་རྩ་ཕྱག་བརྒྱད། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཉིས་པས་བགྲང་ཕྲེང་པདྨ་བསྣམས། །གསུམ་པ་མཆོག་སྦྱིན་སྤྱི་བླུགས་ཏེ། །ཐ་གཉིས་འཁོར་ལོ་མདའ་གཞུ་འཛིན། །ལྷག་མའི་ཕྱག་ནི་དགུ་བརྒྱ་དང་། །དགུ་བཅུ་གོ་གཉིས་མཆོག་སྦྱིན་མཛད། །ཕྱག་ཀུན་མཐིལ་ན་སྤྱན་རེས་མཚན། །ཕྱག་རྣམས་དབུ་ཡི་གཙུག་ཏོར་དང་། །པུས་མོའི་ལྷ་ངར་མི་འདའ་མཛེས། །རི་དྭགས་ལྤགས་པས་ནུ་གཡོན་བཀབ། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ལང་ཚོར་བབ་ཅིང་ཟླ་འོད་འཕྲོ། །ཞབས་གཉིས་པད་ཟླར་བཞེངས་སྟབས་ཅན། །ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཧྲཱིཿདཀར་གནས་ལས་འོད་འཕྲོས་པས། །པོ་ཊ་ལ་ནས་རང་འདྲ་བའི། །ཇོ་བོ་སྤྱན་རས་གཟིགས་དབང་ནི། །ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱས་མཆོད། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །


RTZ025_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། །དམ་ཚིག་པ་དང་གཉིས་མེད་གྱུར། །རང་གི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་སྙིང་ག་རུ། །ཧཱུྃ་ཡིག་སྔོན་པོ་གསལ་བར་གྱུར། །ཨོཾ་ཨཱཿཧཱུྃ་བརྗོད་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་ངོ་བོར་མོས། །སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དབང་ལྷ་རིགས་ལྔ་འཁོར་དང་བཅས། །ཨོཾ་བཛྲ་ས་མཱ་ཛཿས། སྤྱན་དྲངས་མེ་ཏོག་སོགས་ཀྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་མངོན་པར་དབང་བསྐུར་སྩོལ། །ཞེས་གསོལ་རིགས་ལྔའི་ཐུགས་ཀ་ནས། །ཡུམ་རྣམས་བྱོན་ཏེ་བདུད་རྩི་ཡིས། །གང་བའི་བུམ་པས་དབང་བསྐུར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་མངོན་པར་དབང་བསྐུར་པས། །སྐུ་གང་དྲི་མ་མ་ལུས་དག །ལྷག་མའི་ཆུ་བོ་ཡར་ལུད་པས། །རྩ་ཞལ་མགོ་བོའི་གནས་ལྔ་པོར། །བླ་མའི་ངོ་བོ་འོད་དཔག་མེད། །རིགས་ཀྱི་བདག་པོ་བྱས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །དེ་ནས་བཟླས་པ་ལ་འཇུག་སྟེ། །རང་གི་ཐུགས་ཀར་པད་ཟླའི་སྟེང་། །ཡེ་ཤེས་སེམས་དཔའ་


RTZ025_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གང་བ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས། །པད་ཟླར་དཀར་གསལ་ཧྲཱིཿཡིག་བསྒོམ། །དེ་ལས་འོད་འཕྲོས་འགྲོ་ཀུན་གྱི། །སྒྲིབ་སྦྱངས་ཇོ་བོའི་གོ་འཕང་ལ། །བཀོད་ནས་ཚུར་འདུས་ཧྲཱིཿལ་ཐིམ། །དེ་ནས་ཧྲཱིཿམཐར་སྔགས་ཕྲེང་གིས། །བསྐོར་བ་ལ་ནི་ཡིད་གཏད་དེ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མཱ་པ་ན་ཡ་སྭཱ་ཧཱ། ཞེས་པ་ཚར་གཅིག །ཏདྱ་ཐཱ་མན་ཆད་བརྒྱ་དང་བདུན་བཟླའོ། །དེ་ནས་མདུན་བསྐྱེད་བྱ་བ་ནི། །རྡུལ་ཚོན་དཀྱིལ་འཁོར་ལ་དམིགས་ནས། །ཨོཾ་སྭ་བྷཱ་བ་སོགས། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས། །བྷྲཱུྃ་དཀར་འོད་ལྔ་ལྡན་པ་ཞིག །མཆེད་དེ་འོད་དུ་ཞུ་བ་ལས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཐར་པ་ཆེན་པོའི་གཞལ་མེད་ཁང། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །རིན་ཆེན་མཛེས་ཁྲི་པདྨ་དང་། །ཟླ་བའི་དཀྱིལ་འཁོར་ཉ་རྒྱས་གྱུར། །དེ་ནས་དཀྱིལ་འཁོར་དབུས་སུ་ནི། །མེ་ཏོག་


RTZ025_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་གཅིག་བཞག་སྟེ། །ངག་ཏུ་ཧྲཱིཿཞེས་བརྗོད་པ་ལས། །གདན་སྟེང་འཕགས་པ་སྤྱན་རས་གཟིགས། །སྟོན་ཀའི་ཟླ་བ་ལྟ་བུར་དཀར། །བཅུ་གཅིག་ཞལ་ཅན་རྩ་ཞལ་དཀར། །གཡས་ལྗང་གཡོན་དམར་དེ་ཡི་སྟེང་། །ཞལ་གསུམ་ལྗང་དམར་དཀར་བ་འོ། །དེ་སྟེང་དམར་དཀར་ལྗང་བའི་མདོག །དེ་རྣམས་ཞི་ཞལ་འཛུམ་མདངས་ཅན། །དེ་སྟེང་ཁྲོ་བོའི་ཞལ་ནག་པོ། །མཆེ་གཙིགས་སྤྱན་གསུམ་ཁྲོ་གཉེར་ཅན། །རལ་པ་དམར་སེར་གྱེན་དུ་བརྫེས། །དེ་ཡི་སྤྱི་བོར་ཞི་ཞལ་དམར། །རྒྱན་སྤངས་གཙུག་ཏོར་མགུལ་པར་བཅས། །ཕྱག་སྟོང་ལས་ནི་རྩ་ཕྱག་བརྒྱད། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཉིས་པ་བགྲང་ཕྲེང་པདྨ་བསྣམས། །གསུམ་པ་མཆོག་སྦྱིན་སྤྱི་བླུགས་ཏེ། །ཐ་གཉིས་འཁོར་ལོ་མདའ་གཞུ་འཛིན། །ལྷག་མའི་ཕྱག་ནི་དགུ་བརྒྱ་དང་། །དགུ་བཅུ་གོ་གཉིས་མཆོག་སྦྱིན་མཛད། །ཕྱག་ཀུན་མཐིལ་ན་སྤྱན་རེས་མཚན། །ཕྱག་རྣམས་དབུ་ཡི་གཙུག་ཏོར་དང་། །པུས་མོའི་ལྷ་ངར་མི་འདའ་མཛེས། །རི་དྭགས་ལྤགས་པས་ནུ་གཡོན་བཀབ། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ལང་ཚོར་བབ་ཅིང་ཟླ་འོད་འཕྲོ། །ཞབས་གཉིས་པད་ཟླར་བཞེངས་སྟབས་བཞུགས། །ཕྱོགས་བཞིའི་པདྨ་འདབ་མ་བཞིའི། །ཤར་དུ་ཧཱུྃ་ལས་མི་བསྐྱོད་པ། །སྔོན་པོ་ས་གནོན་ཕྱག་རྒྱ་


RTZ025_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ལྷོ་རུ་ཏྲཱཾ་ལས་རིན་ཆེན་འབྱུང་། །སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །ནུབ་ཏུ་ཨོཾ་ལས་རྣམ་སྣང་ནི། །དཀར་པོ་བྱང་ཆུབ་མཆོག་རྒྱ་ཅན། །བྱང་དུ་ཨཱཿལས་དོན་ཡོད་གྲུབ། །ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧྲཱིཿདཀར་གནས་ལས་འོད་འཕྲོས་པས། །པོ་ཏ་ལ་ནས་རང་འདྲ་བའི། །ཇོ་བོ་སྤྱན་རས་གཟིགས་དབང་ནི། །ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱས་མཆོད། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། །དམ་ཚིག་པ་དང་གཉིས་མེད་གྱུར། །རང་གི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་སྙིང་ག་རུ། །ཧཱུྃ་ཡིག་སྔོན་པོ་གསལ་བར་བསམ། །ཨོཾ་ཨཱཿཧཱུྃ་བརྗོད་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་ངོ་བོར་མོས། །སླར་ཡང་ཧྲཱིཿལས་འོད་འཕྲོས་པས། །དབང་ལྷ་རིགས་ལྔ་འཁོར་དང་བཅས། །ཨོཾ་བཛྲ་ས་མཱ་ཛཿས། སྤྱན་དྲངས་མེ་ཏོག་སོགས་ཀྱིས་མཆོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདི་ལ་མངོན་པར་དབང་བསྐུར་སྩོལ། །ཞེས་གསོལ་རིགས་ལྔའི་ཐུགས་ཀ་ནས། །ཡུམ་རྣམས་བྱོན་ཏེ་བདུད་རྩི་ཡིས། །གང་བའི་བུམ་པས་དབང་བསྐུར་བསྩལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་


RTZ025_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་མངོན་པར་དབང་བསྐུར་བས། །སྐུ་གང་དྲི་མ་མ་ལུས་དག །ལྷག་མའི་ཆུ་བོ་ཡར་ལུད་པས། །རྩ་ཞལ་མགོ་བོའི་གནས་ལྔ་པོར། །བླ་མའི་ངོ་བོ་འོད་དཔག་མེད། །རིགས་ཀྱི་བདག་པོ་བྱས་པ་ཡི། །རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །དེ་ནས་ཡན་ལག་བདུན་པ་ནི། །སྤྲོ་ན་སྔར་ལྟར་བྱ་བ་འམ། །མི་ནུས་ཇི་སྙེད་སུ་དག་ཙམ། །དེ་མཐར་མཎྜལ་སྔར་བཞིན་འབུལ། །དེ་ནས་བདག་མདུན་གཉིས་ཀ་ཡི། །ཕྱག་མཛུབ་ལས་ནི་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །དེར་དམིགས་གཟུངས་རིང་བརྒྱ་རྩ་བཟླ། །དེ་ནས་བདག་བསྐྱེད་ཡེ་ཤེས་པ། །མདུན་བསྐྱེད་གཙོ་བོའི་ཐུགས་ཀར་བསྟིམ། །དེ་ནས་ཡན་ལག་བདུན་པ་ཕུལ། །རྒྱལ་བ་སྲས་དང་བཅས་རྣམས་ལ། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་བསྟོད་པ་བྱ་བ་ནི། །རང་གི་སྤྱི་བོར་པད་ཟླའི་སྟེང་། །དགེ་སློང་དཔལ་མོ་བྱོན་ནས་ནི། །ངོ་ཆེན་མཛད་པ་ལེགས་བསམ་སྟེ། །ཨོཾ་བླ་མ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་


RTZ025_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨོའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་


RTZ025_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པ་འམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པའི་བསྟོད་པ་ཉེར་གཅིག་བྱ། །དེ་ནས་གསོལ་བ་གདབ་པ་ནི། །འཕགས་པ་སྤྱན་རས་གཟིགས་དབང་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀུན། །དེང་འདིར་བདག་ལ་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བདེ་གཤེགས་ཀྱི། །བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་པའི་རྩ་ལག་བཤེས་གཉེན་རྣམས། །སྐུ་ཚེ་


RTZ025_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཞིང་འགྲོ་དོན་འཕེལ། །མཐའ་ཡས་སྐྱེ་དགུ་མ་ལུས་ཀུན། །བདེ་ཞིང་དམ་པའི་ཆོས་ལ་སྤྱོད། །བྱམས་དང་སྙིང་རྗེའི་སེམས་འབྱོངས་ཤིང་། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་དང་། །ཇི་ལྟ་ཇི་སྙེད་ཤེས་རབ་ཆེ། །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེ་ནས་གཏོར་མ་གཏང་བ་ནི། །སྭ་བྷཱ་བ་ཡིས་སྟོང་པར་སྦྱང་། །ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ནི། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཏདྱ་ཐཱ་སོགས་སྙིང་པོ་ནི། །ལན་གྲངས་བདུན་ནམ་གསུམ་བརྗོད་དེ། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི། །བླ་མ་རྣམས་དང་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་ཚོགས་ལ་འབུལ། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུཏྤནྣ་ཏྭཱ་ད་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གྲངས་གསུམ་བརྗོད་དེ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་རྣམས། །ཞི་ཞིང་མཐུན་རྐྱེན་ལྷུན་གྲུབ་མཛོད། །དེ་ནས་སྨོན་ལམ་གདབ་པ་ནི། །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །དེ་ནས་ཁྲུས་ནི་མེ་ལོང་ངོས། །ལྷ་ཡི་གཟུགས་


RTZ025_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཤར་བ་ལ། །བུམ་ཆུས་བཀྲུ་ཞིང་འདི་སྐད་བརྗོད། །འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་རབ་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཁྲུས་གསོལ་དེ་ནས་བཟོད་གསོལ་ནི། །མ་རྙེད་ཡོངས་སུ་མ་ཚང་དང། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ་པདྨ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ལན་གསུམ་བཟླས་ལ་བསྔོ་བ་བྱ། །འཇམ་དཔལ་དཔའ་བོས་སོགས་ཇི་ལྟར་རིགས་པ་བརྗོད། དེ་ནས་རང་ཉིད་ཁྲུས་བྱ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གསུམ། ཞེས་པས་མདུན་གྱི་ནམ་མཁའ་ལ། །འཕགས་པ་གཙོ་འཁོར་གསུམ་བྱོན་ཏེ། །རྒྱལ་ཡུམ་ཡི་གེ་དྲུག་མ་ཡི། །ཕྱག་ནས་བདུད་རྩིའི་རྒྱུན་བབས་པ། །བདག་གི་སྤྱི་བོར་བླུག་པར་བསམ། ཁྲུས་བྱས་དང་པོས་ཉོན་སྒྲིབ་དག །གཉིས་པས་ཤེས་བྱའི་སྒྲིབ་པ་དག །གསུམ་པས་སྐྱེ་མེད་ཆོས་སྐུར་གྱུར། །དེ་ནས་གཙོ་འཁོར་གསུམ་པོ་ནི། །རང་གི་སྤྱི་བོར་ཐིམ་པར་


RTZ025_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཐུགས་རྗེ་ཕྱག་ན་པདྨོ་ཡིས། །ཡིད་ཀྱི་པདྨ་ཁ་ཕྱེས་ནས། །རི་བོ་ཏ་ལར་གཤེགས་ནས་ཀྱང་། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུཿ ཞེས་པས་མདུན་བསྐྱེད་ལྷ་ཚོགས་རྣམས། །རང་བཞིན་གནས་སུ་གཤེགས་པར་བསམ། །མེ་ཏོག་ཚོམ་བུ་རྡུལ་ཚོན་རྣམས། །བསྡུས་ཏེ་འབབ་ཆུར་བསྐྱལ་བར་བྱ། །གལ་ཏེ་རྟེན་ལ་བཞུགས་གསོལ་ན། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་མེ་ཏོག་གཏོར་བར་བྱ། །དེ་ནས་བདག་བསྐྱེད་ཞལ་ཕྱག་རྣམས། །རྩ་བའི་ཞལ་ཕྱག་ལ་བསྡུས་ཏེ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་དང་། །གསེར་གྱི་པདྨ་འཛིན་པར་བསྒོམ། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །ཞེས་སོགས་བཀྲ་ཤིས་རྒྱ་ཆེར་བརྗོད། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི། །སྦྱོར་དངོས་གཉིས་ལ་ཆོ་ག་ཚར། །གསུམ་སྟེ་དེ་ཡང་དང་པོ་གཉིས། ཁྲུས་རྗེས་གསོ་སྦྱོང་བླངས་ནས་འཇུག །ཕྱི་མ་གཉིས་དང་རྗེས་ཆོག་ལ། །གསོ་སྦྱོང་མི་དགོས་ཁྱད་པར་དུ། །རྗེས་ཆོག་ཚར་གཅིག་ཁོ་ནས་ཆོག །སྦྱོར་


RTZ025_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉིན་མོ་དཀར་གསུམ་ལ། །བསྟེན་པའིགདན་གཅིག་བྱ་བ་གཅེས། །དངོས་གཞིའི་ཉིན་མོ་སྨྲ་བ་བཅད། །ཆོ་ག་ངག་ཏུ་མི་བརྗོད་ལ། །ཤུབ་བུར་འདོན་ཞིང་བཟའ་བཏུང་ནི། །ཆུ་ཐིགས་ཙམ་ཡང་སྤང་བར་བྱ། །ཐུན་མཚམས་ཀུན་ཏུ་ཇོ་བོ་ཡི། །ང་རྒྱལ་ངང་ནས་བཟླས་པ་དང་། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ། །ཤིན་ཏུ་བློ་གྲོས་དམན་རྣམས་ཀྱིས། །ཞལ་ཕྱག་མང་པོ་མི་ནུས་ན། །ཞལ་གཅིག་ཕྱག་གཉིས་བསྒོམ་ཞེས་གསུངས། །མདོར་ན་ས་ག་ནས་བརྩམ་སྟེ། །ཟླ་བ་བྱུང་ངོ་ཅོག་གི་ཚེས། །བདུན་ནམ་བཅུ་བཞི་སྦྱོར་བ་དང་། །བརྒྱད་དང་བཅོ་ལྔ་དངོས་གཞི་སྟེ། །དགུ་འམ་བཅུ་དྲུག་རྗེས་ཆོག་བྱ། །དེ་བཞིན་ཆོ་འཕྲུལ་ཆེ་ལྟ་བུའི། །ཞག་གྲངས་སྦྲེལ་ནས་བྱེད་ན་ཡང་། །སྦྱོར་དངོས་རེས་མོས་སྤེལ་ཏེ་བྱ། །ཞིབ་པར་མཐོང་བ་བརྒྱུད་པ་ཡི། །ཕྱག་ལེན་ཁོ་ནར་བརྟེན་པ་གཅེས། །དཔལ་མོའི་རྒྱ་གཞུང་དགོངས་དོན་བཞིན། །ལེགས་སྟོན་ཐོགས་མེད་མན་ངག་ཉིད། ཁྱེར་བདེ་ཚིགས་བཅད་ཉུང་ངུར་བསྡུས། །ནོངས་ན་འཕགས་པའི་སྤྱན་སྔར་བཤགས། །དེ་སྐད་དྷརྨ་ཤྲཱི་ཡིས། །རྟ་ལོ་ཟླ་བའི་ཚེས་བརྒྱད་ཀྱི། །ཉིན་གཅིག་ཁོ་ནར་ཤར་མར་སྤེལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །སརྦ་དཱ་མངྒ་ལཾ།། །།


previousཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྨྱུང་བར་གནས་པའི་ཆོ་ག་སྙིང་པོར་བསྡུས་པ། དྷརྨ་ཤྲཱི།next