Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད། ཚེ་དབང་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད། ཚེ་དབང་ནོར་བུ།next

ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད། ཚེ་དབང་ནོར་བུ།


RTZ027_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད༔ ཆིག་ཆོག་རི་ཆོས་ཟབ༔ ཨྠྀི༔


RTZ027_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་སཏྭ་ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔར་ཕྱག་འཚལ་ནས༔ དེ་ཡི་མན་ངག་རྡོ་རྗེའི་རྣལ་འབྱོར་བྲི༔ དེ་ཡང་རྒྱས་པ་ནི་གཞན་དུ་བསྟན་པར་འགྱུར་ལ༔ འདིར་མན་ངག་དུམ་བུ་རྒྱུན་གྱི་ཉམས་ལེན་དྲིལ་ནས་བསྟན་པར་བྱ་ཡི༔ དེ་ལ་ཡང་སྦྱོར་དངོས་རྗེས་གསུམ་སྟེ༔ དང་པོ་སྐྱབས་སེམས་སྤྱི་དང་མཚུངས་ཤིང༔ ཡན་ལག་བདུན་པ་བཅས་སྔོན་དུ་འགྲོ་ལ༔ ཁྱད་པར་བདག་དང་ནམ་མཁའི་མཐའ་ཀླས་འགྲོ་རྣམས་དུས་འདི་ནས་རྡོ་རྗེ་སེམས་དཔའི་གོ་འཕང་མ་ཐོབ་བར་དུ་སྐྱབས་ཀྱི་དམ་པར་བླ་མ་དཀོན་མཆོག་གཟུང་བར་བྱ་ཞིང༔ འགྲོ་རྣམས་སྡུག་བསྔལ་མཚོ་ལས་བསྒྲལ་ཕྱིར་ཧེ་རུ་ཀ་དཔལ་རྡོ་རྗེའི་རྣལ་འབྱོར་ལ་འབད་དེ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་དུས་འདི་ཉིད་དུ་བདག་གིས་ཐོབ་པར་བྱ་སྙམ་པར་ཁ་ཞེ་མེད་པར་བགྱིད་ལ༔ གཉིས་པ་དངོས་གཞི་ནི༔ རང་གི་ཕུང་ཁམས་སྣོད་བཅུད་ཐམས་ཅད་སྟོང་ཞིང་བདག་མེད་པ་ལ་དར་གཅིག་བློ་བཞག༔ དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་འཕར་བ་ལྟར་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་རང་འོད་ཡུམ་བཅས་ཀྱི་སྐུར་གྱུར་པར་བསམ་ལ༔ དེའི་སྤྱི་བོར་རྩ་བའི་བླ་མ་པདྨ་འབྱུང་གནས་ཀུན་བཟང་ཡབ་ཡུམ་གྱི་ཆ་ལུགས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ་ཞིང༔ དེ་ལ་གསོལ་བ་བཏབ་པས་ཡབ་ཡུམ་ཟག་མེད་བདེ་བའི་རྒྱུན་སྦྱོར་མཚམས་ནས་བབས༔


RTZ027_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོར་ཞུགས་དཔྲལ་བ་ཡན་ཆད་ཁེངས་པས་བུམ་པའི་དབང་གི་སྦྱངས་ཐོབ་སྨིན་པ་ཐམས་ཅད་གྲུབ༔ དེ་བཞིན་མགྲིན་པ་ཡན་ཆད་ཁེངས་པས་གསང་དབང༔ སྙིང་ག་ཡན་ཆད་ཁེངས་པས་ཚིག་དབང་སྟེ༔ རང་རང་གི་སྦྱངས་ཐོབ་སྨིན་པ་ཐམས་ཅད་མངོན་དུ་གྱུར་ཅིང༔ མཐར་བླ་མ་ཡབ་ཡུམ་ཟླ་བ་ལྟར་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་བསམ་པ་ཐུན་འགོ་ཐམས་ཅད་དུ་བྱ༔ དེ་ནས་རང་ལུས་དྲང་པོར་བསྲངས་ལ་རླུང་རོ་བསལ་ནས༔ དབུགས་རྔུབ་པ༔ ཁོང་དུ་གནས་པ༔ ཕྱིར་དབྱུང་བ༔ ཕྱི་ན་གནས་པ་སྟེ༔ དེ་ཆ་བཞི་རིང་ཐུང་ཤིན་ཏུ་སྙོམ་པར་བྱ་སྟེ༔ དེ་ཡང་དང་པོ་གཤིས་ནས་སྙོམ་པར་འགྱུ་ན་ལེགས་མོད༔ མ་གོམས་ན་སྙོམ་པར་མི་རྒྱུ་བ་དང༔ མི་རིགས་ལ་ལ་རྩ་རླུང་ཁམས་ཀྱི་རྒྱུ་བ་ཤིན་ཏུ་མི་སྙོམ་པ་ཡང་ཡོད་པས་དེ་དག་རིམ་གྱིས་སྙོམ་པར་སྦྱངས་པ་ལས༔ ཐོག་མ་ནས་ནན་གཅེར་གྱིས་སྙོམ་བློ་བྱས་ན་གེགས་ཀྱི་ཚོགས་སུ་འགྱུར་བས་སྤང་ཞིང༔ དེས་ན་བུམ་པ་ཅན་ལ་མ་གོམས་པ་རྣམས་ཐོག་མར་རང་སོ་ལ་བཞག་ནས་བགས་ཀྱིས་གཉུག་བསྲིང་སྟེ་བསླབ་པ་གནད་གལ་པོ་ཆེ་ཡིན་ནོ༔ མཐར་རྡོར་བཟླས་གོམས་ཚེ་གཡོ་བ་བཅུད་དུ་ཡུན་ཇེ་རིང་ཇེ་རིང་དུ་བསླབ་པར་བྱའོ༔ དེ་ལྟར་རླུང་གི་གནད་ངེས་པར་བྱས་ལ༔ དེ་ནས་དབུགས་ནང་དུ་རྔུབ་དུས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་


RTZ027_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དྭངས་མ་ཡི་གེ་ཨོཾ་དུ་གྱུར། སྣ་བུག་གཡོན་གྱི་སྒོར་ཞུགས་ཤིང་རླུང་ཁོང་དུ་གནས་པའི་ཚེ༔ ལྟེ་འོག་སོར་བཞིའི་ཐད་དུ་མི་ཤིགས་པའི་ས་བོན་རླུང་གི་ངོ་བོ་དྭངས་མ་ཧཱུྃ་མཐིང་ལ་འཁོར་འདས་ལས་དང་ཡེ་ཤེས་ཀུན་འདུས༔ དབུགས་ཕྱིར་དབྱུང་ཚེ་བདེ་བ་མཆོག་གི་རང་བཞིན་ཨཱཿདམར་པོ་སྤྲོས་ཏེ་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐང་ཞིང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད་པར་བསམ༔ དེ་ལྟར་དབུགས་ཕྱི་ནང་འགྱུ་གནས་ལ་རིག་པ་མ་ཡེངས་པས་རྩེ་གཅིག་ཏུ་བྱ་ཞིང་རྣམ་རྟོག་གཞན་གྱིས་བར་མི་བྱེད་པར་ཉམས་སུ་བླངས༔ ཡང་སྐབས་སུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གཟུགས་སུ་མི་བསྒོམ་པར་འབྲུ་གསུམ་རྔུབ་པར་ཨོཾ་གནས་པར་ཧཱུྃ་ཕྱིར་དབྱུང་བར་ཨཱཿའི་སྒྲ་དབྱངས་ལ་ཡིད་བཟུང་ནས༔ གོང་གི་དང་འདི་གཉིས་གང་བདེ་སྤེལ་བར་ཉམས་སུ་ལེན༔ ཡང་སྐབས་སུ་བསམ་གཏན་གྱི་ཚད་འཛིན་པའི་ཕྱིར་དབྱུང་རྔུབ་གནས་གསུམ་ཨོཾ་ཨཱཿཧཱུྃ་དུ་བྱས་པ་ལ་ཕྲེང་བ་རེ་རེ་བསྒྱུར་ཏེ་རྣམ་རྟོག་གི་བར་ཆོད་ཚེ་ཕྲེང་བ་སླར་འགོ་ནས་འདྲེན་པར་བྱས་པས༔ དང་པོ་རིག་པ་རྣམ་རྟོག་གི་བར་མ་ཆོད་པ་བཅུ་དང་བཅོ་ལྔ་ཉེར་གཅིག་སོགས་རིམ་བཞིན་བརྒྱ་ཕྲག་དང༔ མཐར་སྟོང་ཕྲག་གི་བར་དུ་རྣམ་རྟོག་འཕྲོ་རྒོད་ཀྱིས་མི་གནོད་པར་རིག་པ་རྗེན་པར་གནས་པར་འགྱུར༔ ཤིན་ཏུ་གོམས་ན་ཉིན་མཚན་འཁོར་ཡུག་བསམ་གཏན་ལ་


RTZ027_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་འགྱུར་རོ༔ མཐར་ཐུན་བསྡུ་ཚེ་སྣང་སྲིད་ཐམས་ཅད་འོད་ཀྱི་གོང་བུར་ཞུ་ནས་རང་ལ་ཐིམ༔ རང་ལུས་སྐད་ཅིག་གིས་ལྟེ་བའི་ཧཱུྃ་ལ་ཐིམ་པའམ༔ ཡང་ན་མེ་ལོང་ལ་ཧས་བཏབ་པ་ཡལ་བ་བཞིན་དབྱིངས་སུ་ཡལ་བར་བསྒོམས་ལ་དར་གཅིག་མཉམ་པར་བཞག༔ དེ་མཐར་ཕྱོགས་བཞི་ནས་ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་པའི་སྒྲས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་ལྡངས་ལ་བསྐྱེད་རྫོགས་ཟུང་འཇུག་ཏུ་མཉམ་པར་བཞག༔ གཉིད་ལོག་སྐབས་སྙིང་ཐིག་ལེ་རྨ་བྱའི་མདོངས་ལྟ་བུར་བླ་མའི་སྐུ་བསྒོམ་པར་ཡིད་གཏད་ལ་གཉིད་ལོག་གོ༔ སང་ཉིན་ལངས་པའི་དུས་ལ་བབ་ཚེ་སྔར་ལྟར་ཉམས་སུ་བླང་ངོ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ དུས་ཀུན་ཏུ་ཆོས་རྣམས་སྒྱུ་མ་ལྟ་བུ་བདེན་མེད་དུ་ཤེས་པ་ཆེད་གཉེར་གྱིས་བསྒོམ་པ་མེད་ཀྱང༔ ཡེངས་རྐྱེན་འཁྲུལ་དབང་དུ་ནམ་ཡང་མི་ཤོར་བར་ལྷ་སྔགས་ཡེ་ཤེས་ཀྱི་ངོ་བོར་ལམ་ཁྱེར་དང༔ ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བླ་མའི་བྱིན་རླབས་ཉིད་ཡིན་པས་བླ་མ་ལ་མོས་གུས་དང༔ དམ་ཚིག་ལ་རབ་ཏུ་བརྩོན་ཞིང་རྒྱུ་འབྲས་ཀྱི་འདོར་ལེན་མི་ནོར་བར་བྱ་བ་གང་བྱས་པ་ཀུན་རང་འདོད་ཀྱི་འཁྲིས་མེད་པར་གཞན་ཕན་གྱི་སྙིང་པོ་རྒྱལ་བསྟན་རིན་པོ་ཆེའི་མཆེད་གྲོགས་དང་འགྲོ་ལ་རྟག་པར་སྙིང་རྗེའི་རྩིས་ཟིན་པར་བྱ་བ་ནི་གལ་ཤིན་ཏུ་ཆེ་ལ༔ ཐུན་མཚམས་སུ་ཀུན་རྫོབ་དོན་དམ་དགེ་ཀུན་མཁའ་ཁྱབ་སེམས་ཅན་དོན་དུ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གི་དུས་འདིར་སྐད་


RTZ027_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་ལ་ཐོབ་པར་གྱུར་ཅིག་སྙམ་ནས་བསྔོ་སྨོན་བཟང་པོས་རྒྱས་བཏབ་པར་བྱའོ༔ ཨེ་མ་རབ་ཟབ་མཁའ་འགྲོའི་སྙིང་གི་ཁྲག༔ ཟབ་གཉན་སྙན་བརྒྱུད་ཡིད་བཞིན་དབང་གི་ཆོས༔ བླ་མའི་ཞལ་ལུང་བྱིན་རླབས་ངད་པ་ཅན༔ ཡིད་ཆེས་གསུམ་ལྡན་སངས་རྒྱས་གསེང་ལམ་འདི༔ སྐལ་ལྡན་མང་པོས་གསོལ་བ་བཏབ་པའི་ངོར༔ ཚེ་དབང་ནོར་བུ་དོན་དམ་རྣལ་འབྱོར་དེས༔ གཞན་ཕན་ལྷག་བསམ་དག་པས་ཉེར་བཀོད་དོ༔ སྙན་བརྒྱུད་ཡིག་མེད་ཡི་གེར་བཀོད་པ་ལ༔ ནོངས་ན་རྩ་བ་གསུམ་ལ་མཐོལ་བཤགས་ཤིང༔ ལེགས་གྱུར་དགེ་བས་འགྲོ་བ་མ་ལུས་ཀུན༔ རྡོ་རྗེའི་རྣལ་འབྱོར་གཞུང་ལམ་འདིར་ཞུགས་ཏེ༔ ཚེ་འདི་ཉིད་ནས་ཟུང་འཇུག་ཐོབ་པར་ཤོག༔ ཅེས་སྔ་ཕྱིར་སྐལ་བཟང་མང་པོས་བསྐུལ་བ་དང་། ཁྱད་པར་མང་ཡུལ་གུང་ཐང་མ་ཆེས་མཁར་གྱི་འདུལ་འཛིན་གནས་བརྟན་ཆེན་པོ་ཐེག་ཆེན་མཆོག་ལ་སྤྱོད་པ་སུ་མ་དྷི་དྷརྨཱ་ཀིརྟི་ཤྲཱི་བྷ་དྲ་ཡི་གསུང་གིས་ཡང་ཡང་བསྐུལ་བར་གནང་བ་མ་གཅོག་ཙམ་དུ། ལྷ་རིགས་སྔགས་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུའམ་མིང་གཞན་དུ་ན་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་གསང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་རྒྱལ་དབང་པོའི་སྡེ་ཞེས་པས། མང་ཡུལ་ནུབ་རི་ཀུན་གསལ་སྒང་པོ་ཆེར་ས་བྱ་ཧོར་ཟླ་དྲུག་པའི་ཚེས་བཟང་བཅུ་གཅིག་ཐུན་སྐབས་ཆ་ཤས་གཅིག་ཏུ་ཡོངས་སུ་གྲུབ་པར་བྲིས་ཀྱི་འདི་ལ་བསྲེ་བསླད་འདྲ་མིན་འཆོས་པ་བྱུང་ན་མ་གཟའ་དམ་གསུམ་གྱིས་བཀའ་ཆད་ཆོད་ཅིག །ཉམས་ལེན་བུ་ལ་རྟག་ཏུ་གྲོགས་མཛོད་ཅིག །ས་མ་ཡཱ་དཾ་ཛ༔ རྒྱཱ་རྒྱཱ་རྒྱཱ༔ འདི་སྐལ་


RTZ027_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཆོས་སྙིང་ནས་དྲན་པ་དད་དམ་ཅན་ལ་སྦྱིན་གྱི་གཞན་ལ་གསང་ངོ་།། ཨྠྀི༔ དགེའོ།། །།


previousཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་སྙན་བརྒྱུད་ཟབ་མོ་ལས་ཕྱུང་པ་རྒྱུན་གྱི་ཉམས་ལེན་ཤིན་དུ་གཅེས་པ་ཤོག་དྲིལ་གོང་ཁུག་མ་ཡོད། ཚེ་དབང་ནོར་བུ།next