Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།next

ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།


RTZ029_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །


RTZ029_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་གུ་རུ་བཛྲ་ཨཱ་ཡུ་སིདྡྷི་ཕ་ལ་ཧཱུྃ་ཧོཿ ཉེས་པའི་ཟུག་རྔུ་རྩད་ནས་འཇོམས་མཛད་ཅིང་། །འགྱུར་མེད་རྡོ་རྗེ་ཚེ་ཡི་གྲུབ་མཆོག་སྦྱིན། །བྱིན་རླབས་སྟོབས་ལྡན་དེ་ལ་ཕྱག་བགྱིས་ཏེ། །འཆི་བདག་བདུད་འཇོམས་ལྷན་ཐབས་གསལ་བར་བཀོད། །རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་ཐུགས་ཐིག་སྙན་བརྒྱུད་ཟབ་གནད་ཐུགས་རྗེ་ཉི་འོད་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པ་ལ། རང་དོན་སྤྲོས་མེད་བསྙེན་པའི་རྣལ་འབྱོར་དང་། གཞན་དོན་སྤྲོས་བཅས་སྒྲུབ་པའི་རྣལ་འབྱོར་གཉིས་སུ་གསུངས་པ་ལས། སྔ་མ་ནི་གསང་སྒྲུབ་དང་དྲིལ་སྒྲུབ་ཞལ་གདམས་ལྟོ་སྦྱར་བས་འགྲུབ་པ་ཡིན་ཞིང་། ཕྱི་མ་ལྟར་ན་སྦྱོར་བ་བཤམ་བཀོད། དངོས་གཞི་སྒྲུབ་ཕྲིན། རྗེས་ཚེ་དབང་བསྐུར་བ་གསུམ་ལས། དང་པོ་ནི། བཀྲ་ཤིས་པའི་གནས་སུ་སྟེགས་གཙང་མ་ལ་དཀྱིལ་འཁོར་སྒོ་རྫོགས་རྡོར་རྭ་མེ་རིས་བསྐོར་བའི་ནང་དུ་པདྨ་འདབ་བཞི་ཕྱོགས་མདོག་རིགས་ལྔའི་ཕྱག་མཚན་ནམ་ཐིག་ལེ་རང་མདོག་བཀོད་པའམ། འབྲིང་དུ་


RTZ029_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་བཞི་ཐིག་ལེ་རྡོར་རྭ་མེ་རི་ཙམ་ལས་སྒོ་རྫོགས་མེད་པ་དང་། བསྡུ་ན་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་པ་བཀོད་པའི་སྟེང་དུ་མཉྫི་ལ་རིན་པོ་ཆེའི་བུམ་པར་བ་དམར་ཟལ་གྱི་འོ་མ་ཆུ་གཙང་དྲི་བཟང་ཉེར་ལྔའི་རྫས་སྦྱར་གྱིས་སུམ་གཉིས་བཀང་བ་དར་དམར་གྱི་མགུལ་ཆིངས་འབྲས་བུ་ཅན་གྱི་ཤིང་དང་རིགས་ལྔས་ཁ་བརྒྱན་པ་བཀོད། དེའི་སྟེང་དུ་འཕྲུལ་སྟེགས་ལ་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་ནོར་བུའི་དབྱིབས་ཅན་རང་འདྲ་བཞིས་བསྐོར་བ། རྩེ་མོར་པདྨ་ལ་གནས་པའི་ཚེ་བུམ་དང་རྡོ་རྗེ་འཁོར་ལོ་ཉི་ཟླ་རིན་ཆེན་འབར་བའི་རྒྱན་གྱིས་སྤྲས་ཤིང་དཀར་མངར་ཟས་སྣ་སྨན་སྤོད་ཀྱིས་གཏམས་པ་བཀོད། མདུན་དུ་ལྷ་ཙཀ་དང་ཐོད་པ་མཚན་ལྡན་དུ་ཆང་བཟང་པོར་བུ་རམ་དང་ཆོས་སྨན་སྦྱར་ཞིང་མར་གྱི་ཉི་ཟླ་ལ་ནྲྀ་ཡིག་གིས་མཚན་པའི་བཅུད་ལྡན་དང་། མངར་གསུམ་སྦྱར་བའི་ཚེ་རིལ་དར་དམར་གྱི་ཞལ་ཁེབས་བྱས་ལ་བཞག །གཡས་གཡོན་དུ་སྨན་གྱི་དྲང་སྲོང་ལྷ་སྨན་རྣམས་ཀྱི་དཀར་གཏོར་གཉིས་ལ་རྩི་སྨན་མངར་


RTZ029_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཏབ་པ། རྒྱབ་ཏུ་བཀའ་སྲུང་ལ་དམར་གཏོར་གཙོ་འཁོར་དགུ་པ་ཤ་ཁྲག་གིས་བརྒྱན་པ། མཚམས་བཞིར་མདའ་དར་མཐིང་སེར་དམར་ལྗང་བཞི་ལ་གཡུ་མུ་ཏིག་བྱེ་རུ་མན་ཤེལ་མེ་ལོང་བཏགས་པ་གཟུག །མདུན་རྒྱབ་གང་བདེར་རིགས་འདུས་གཏོར་མ་དང་སྨན་རཀ །ཆུ་གཉིས་ཉེར་སྤྱོད། རིགས་ལྔའི་ཕྱག་མཚན་གོ་ཁྲབ་དང་བཅས་པའི་ཙཀླི། སྔོན་གཏོར་ཚོགས་ཆས་ཆད་བརྟན་སོགས་ཉེར་མཁོ་རྣམས་ཚང་ཞིང་བཀོད་པའི་བྱེ་བྲག་བག་དྲོ་ཞིང་བྱིན་ཆགས་པར་བྱའོ། །གཉིས་པ་སྒྲུབ་ཕྲིན་ནི། བརྒྱུད་འདེབས། ཕྱི་གཏོར། མཚམས་གཅོད་ནས་བརྩམ་ཕྲིན་ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒོམ་པའི་ལྷ་བསྐྱེད་སྐབས་སུ་ལས་བྱང་མཆན་གསལ་ལྟར་ཕྱག་གཡོན་ཐོད་པ་རྣམས་ཚེ་བུམ་བསྣམས་པ་བསྒྱུར། བསྟོད་པའི་རྗེས་སུ་ཛཔ྄་ཁང་ཕྱེས་ལ་དམིགས་པ་ནི། ལྷ་ཚོགས་གཙོ་འཁོར་ཐུགས་ཀར་ཟླ་ཉིའི་སྟེང་། སྲོག་སྙིང་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བདེ་གཤེགས་མཉེས་མཆོད་སྐུ་གསུང་ཐུགས་རྒྱུད་བསྐུལ། །ཐུགས་རྗེ་བྱིན་རླབས་ཚེ་ཡི་དངོས་གྲུབ་བསྡུས། །ཐུགས་ཀའི་སྲོག་སྙིང་ཕྱག་གི་ཚེ་བུམ་ཐིམ། །སྔགས་ཕྲེང་འཁོར་བའི་འོད་ཀྱིས་ལུས་ཁྱབ་པ། །བཞི་བརྒྱའི་ནད་དང་སྟོང་ཕྲག་བགེགས་ལ་སོགས། །ལས་དང་རྐྱེན་གྱུར་ཚེ་ཡི་བར་ཆད་རྣམས། །འོད་ཟེར་ཡེ་ཤེས་མེ་ཡིས་རབ་བསྲེགས་ནས། །གཞོབ་རྡུལ་བསྐལ་པའི་རླུང་གིས་ཕྱིར་གཏོར་ཏེ། །ལུས་ཉིད་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ། །རབ་གཏམས་གནོད་བྱེད་གཞན་གྱིས་མི་ཚུགས་གྱུར། །ཅེས་གསལ་བཏབ་ལ།


RTZ029_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་སྤྱི་དྲིལ་གྱི་སྔགས་ཤམ་དུ། བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཞེས་བཏགས་ལ་བཟླས་པའི་དངོས་གཞི་བྱ། སྐབས་སུ་ཚེ་བཅུད་བསྡུ་བ་ནི། སླར་ཡང་འོད་འཕྲོས་ཕྱི་ནང་སྣོད་བཅུད་ཀྱི། །སྐྱེ་འགྲོའི་ཚེ་སྲོག་དཔལ་བརྗིད་སྟོབས་མངའ་རིས། །སྨན་འབྲུ་ཟས་གོས་རིན་ཆེན་འབྱུང་བ་སོགས། །ཀུན་གྱི་བཅུད་བསྡུས་འཆི་བ་མེད་པ་ཡི། །དངོས་གྲུབ་དམ་པ་བདུད་རྩིས་ལུས་གང་བས། །རྡོ་རྗེའི་ལུས་ལ་ཉི་ཟླའི་ཚེ་ཐོབ་གྱུར། །ཅེས་བསམ་ལ་བཟླས་པ་བྱ། ཐུན་མཚམས་སུ་སྔགས་ཙམ་གྱིས་མཆོད། བསྟོད་པ་ནི། ཧཱུྃ་ཧྲཱིཿ རིགས་འདུས་རྒྱལ་བ་སྨན་རྒྱལ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ཚེ་བུམ་བསྣམས། །སྔོ་བསངས་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཐུགས་སྤྲུལ་མི་བསྐྱོད་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྡོ་རྗེ་ཚེ་བུམ་བསྣམས། །མཐིང་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །སྐུ་སྤྲུལ་རྣམ་སྣང་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་འཁོར་ལོ་ཚེ་བུམ་བསྣམས། །དུང་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཡོན་ཏན་རིན་འབྱུང་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རིན་ཆེན་ཚེ་བུམ་བསྣམས། །གསེར་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །


RTZ029_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཕྲིན་ལས་དོན་གྲུབ་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་རྒྱ་གྲམ་ཚེ་བུམ་བསྣམས། །གཡུ་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །གསུང་སྤྲུལ་སྣང་མཐའ་རིག་ཡེ་ཚེ་དཔག་མེད། །མཚན་དཔེ་རྒྱན་རྫོགས་པདྨ་ཚེ་བུམ་བསྣམས། །མཚལ་མདོག་རང་རིག་ཡུམ་སྦྱོར་ཚེ་ཡི་བདག །འགྲོ་ལ་འཆི་མེད་དངོས་གྲུབ་སྩོལ་ཕྱག་འཚལ། །ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་འཇིགས་རུང་ཁྲོ་བོའི་སྐུ །གར་གྱི་དབང་ཕྱུག་འཆི་བདག་བདུད་དཔུང་འཇོམས། །རྟ་མཆོག་ཡབ་ཡུམ་འཁོར་བཅས་ཕྱག་འཚལ་བསྟོད། །རྩ་གསུམ་རང་སྣང་དག་པའི་ཡེ་ཤེས་ལྷ། །མ་རིག་འཆི་བདག་བདུད་འཇོམས་སྒྱུ་མའི་སྐུ །འགྱུར་མེད་བདེ་ཆེན་ཚེ་དང་ཡེ་ཤེས་ཀྱི། །དབང་བསྐུར་བྱིན་རླབས་དུས་འདིར་བསྩལ་དུ་གསོལ། །ཞེས་དབྱངས་རོལ་བཅས་བསྟོད། ཚེ་འགུགས་པ་ནི། ལྷ་ཚོགས་ཐུགས་ལས་སྤྲུལ་པའི་ཕོ་ཉ་མཆོག །སྐུ་མདོག་མ་ངེས་དར་དང་རིན་ཆེན་བརྒྱན། །ཚེ་འགུགས་ལྕགས་ཀྱུ་ཚེ་བུམ་མདའ་དར་བསྣམས། །གྲངས་མེད་ཕྱོགས་མཚམས་སྟེང་འོག་ཀུན་ཁྱབ་སྟེ། །སྟོང་གསུམ་སྒོ་གསུམ་ཁམས་གསུམ་སྲིད་པ་གསུམ། །ལྷ་འདྲེ་མི་གསུམ་རྣམས་ཀྱི་ཚེ་བསྡུས་ཤིང་། ཁྱད་པར་བདག་གི་བླ་ཚེ་ཡར་དང་འཁྱམས། །


RTZ029_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡི་གེ་ནྲྀ་ཡི་ཚུལ་དུ་བཀུག །ཚུར་ཐིམ་འཆི་མེད་དངོས་གྲུབ་ཐོབ་པར་གྱུར། །ཅེས་བསྒོམས་ལ་མདའ་དར་གཡབ་ཅིང་། ཧྲཱིཿ དུས་གསུམ་རྒྱལ་བའི་གསུང་མཆོག་འདུས་པའི་དཔལ། །རྟ་ཕག་ཡབ་ཡུམ་དབང་གི་ལས་མཛད་གཙོ། །སྤྲུལ་དང་ཡང་སྤྲུལ་འཁོར་བཅས་དུས་ལ་བབས། །སྟེང་འོག་བླ་ཚེ་འགུགས་པའི་ཕྲིན་ལས་མཛོད། །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །རྡོ་རྗེ་མཁའ་འགྲོས་ལྕགས་ཀྱུ་མཐིང་བུམ་འཛིན། །ཞི་བའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ཤར་དང་ཤར་ལྷོའི་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །རིན་ཆེན་མཁའ་འགྲོས་ལྕགས་ཀྱུ་གསེར་བུམ་འཛིན། །རྒྱས་པའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ལྷོ་དང་ལྷོ་ནུབ་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་པར་ཁོས། །དབུགས་ལེན་གཤེད་མའི་


RTZ029_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །པདྨ་མཁའ་འགྲོས་ལྕགས་ཀྱུ་ཟངས་བུམ་འཛིན། །དབང་གི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །ནུབ་དང་ནུབ་བྱང་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །ལས་ཀྱི་མཁའ་འགྲོས་ལྕགས་ཀྱུ་གཡུ་བུམ་འཛིན། །དྲག་པོའི་ལས་མཛད་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་བཅས་ཐམས་ཅད་ཞལ་བཞེས་དུས་ལ་བབས། །བྱང་དང་བྱང་ཤར་ཕྱོགས་ཀྱི་ཚེ་ཁུག་ཅིག །འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས། །སྲོག་གཅོད་ལྷ་འདྲེའི་མགོ་བོ་ཚལ་བར་ཁོས། །དབུགས་ལེན་གཤེད་མའི་སྲོག་རྩ་དམར་འབྱིན་མཛོད། །ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག །ཅེས་དང་སྤྱི་སྔགས་ཤམ་བུ་ཅན་བརྗོད་དོ། །སྒྲུབ་པ་ཞག་གྲངས་ལྟ་བུ་ལ་འདི་མཚམས་དབང་གི་གཤམ་དུ་འབྱུང་བའི་རྒྱས་གདབ་བྱ། ཐུན་རྗེས་མར་གཏོར་འབུལ་དང་ཚོགས་མཆོད། རྗེས་རིམ་རྣམས་ལས་བྱང་ལྟར་བྱ། དབང་བསྒྲུབ་ལ་གོང་གི་ཚེ་འགུགས་འཕྲོས་སུ་སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་གསོལ་ཁའི་བར་དུ་བཏང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས། བདག་ཉིད་འཇུག་པ་རྒྱས་བསྡུས་ཅི་རིགས་བྱའོ། །གལ་ཏེ་དབང་རྒྱས་བསྡུས་ཀྱི་མཐའ་རྟེན་དུ་ཚེ་དབང་འདི་ཉིད་སྦྱོར་ན། བཤམ་བཀོད་ལྷན་ཅིག་ཏུ་བྱས་


RTZ029_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས། གཞུང་གི་བཟླས་པའི་མཇུག་ཏུ་ལྷ་ཚོགས་རྣམས་ཕྱག་གཡོན་ཚེ་བུམ་བསྣམས་པའི་དམིགས་པ་བསྒྱུར་ལ། འདིར་གསལ་དམིགས་བཟླས་བསྟོད་པ་ཚེ་འགུགས་བཅས་བཏང་། གཞུང་དབང་གྲུབ་ནས་འདིའི་མཎྜལ་གསོལ་གདབ་དང་། དངོས་གཞིའི་བུམ་དབང་ལ་འཇུག་པས་ཆོག་གོ །གསུམ་པ་རྗེས་ཚེ་དབང་ནི། སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་མཚམས་གཅོད་སྲུང་འཁོར་རྣམས་དང་། སེམས་བསྐྱེད་གསལ་བཏབ་ནས། འདིར་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ཉིད་ཁ་བ་ཅན་གྱི་ལྗོངས་སུ་གྲུབ་མཆོག་ཚེ་རིག་འཛིན་པའི་སྐུར་བཞེངས་པ་རྗེ་བཙུན་གཡུ་ཐོག་པ་ཆེན་པོ་གུ་ཎ་ནཱ་ཐཱའི་ཐུགས་ཏིག །ལམ་ཟབ་བླ་མ་སྒྲུབ་པའི་ཆ་ལག །སྒྲུབ་པ་པོ་རྣམས་དུས་མ་ཡིན་པའི་འཆི་བདག་གི་ཆད་པ་ཟློག་ཅིང་། རྡོ་རྗེ་ཚེའི་དངོས་གྲུབ་སྒྲུབ་པ་ལ་བྱིན་རླབས་དང་མཐུ་སྟོབས་ཁྱད་པར་དུ་འཕགས་པ་ཚེ་དབང་འཆི་བདག་བདུད་འཇོམས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། མ་བཅོས་སྤྲོས་བྲལ་ཁྱབ་བརྡལ་ཆོས་སྐུའི་ཀློང་། །རྩལ་སྣང་རིགས་འདུས་བདེ་ཆེན་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པ་སྨན་རྒྱལ་ཚེ་དཔག་མེད། །སྨན་མཆོག་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་རིགས་འདུས་བླ་མ་


RTZ029_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྒྱལ་གྱི་དཀྱིལ་འཁོར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ། ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པར་བགྱིའོ་སྙམ་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཐོག་མ་མེད་ནས་ད་ལྟའི་བར། །ལུས་དང་ངག་དང་ཡིད་གསུམ་གྱིས། །སྡིག་པ་མི་དགེ་གང་བྱས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་སུ། །སྙིང་ནས་ཁྱོད་ཀྱི་སྤྱན་སྔར་བཤགས། །ལན་གསུམ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བསླུ་བ་མེད་པའི་སྐྱབས་གནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་དུས་དཀོན་མཆོག་གསུམ་འདུས་པ། །བླ་མ་རྡོ་རྗེ་འཛིན་རྒྱལ་ལ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ལན་གསུམ། ལྷ་ཚོགས་དེ་དག་གི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད། མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །རྡོ་རྗེ་འཛིན་པ་མཆོག་བསྒྲུབས་


RTZ029_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཞི་སོགས་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་རྣམས་བདེ་ལ་འགོད་པར་བྱ། །ལན་གསུམ། སྐྱབས་གནས་དེ་དག་གི་མདུན་དུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ནོད་ལ་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་དངོས་རྡོ་རྗེ་འཛིན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བྱང་ཆུབ་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་གསང་སྔགས་བླ་མེད་ཀྱི། །སྡོམ་པ་མ་ལུས་བདག་གིས་བཟུང་། །སེམས་ཅན་འགྱུར་མེད་བདེ་ལ་འགོད། །ལན་གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་ལ་ཁྱེད་རང་རྣམས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས་བཞུགས་ཤིང་སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། གར་གྱི་ཉམས་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་


RTZ029_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན་ཅིང་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་སྒྲ་སྒྲོག་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་གསལ་ཐོབ་ཅིག །དེ་ནས་བླ་མ་ལ་གུས་འདུད་བྱས་པའི་རྐྱེན་གྱིས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ལྟར་བྱོན་པ་དང་། གཞན་ཡང་སྨན་གྱི་ལྷ་དང་ལྷ་མོ་དྲང་སྲོང་རིག་འཛིན་ཆོས་སྐྱོང་བ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱང་འུབ་ཀྱིས་བསྡུས་ཏེ་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་གི་སྤྱི་བོའི་གཙུག་དང་། བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །དབྱངས་རོལ་བཅས་ལས་བྱང་ལྟར་བྱིན་འབེབ་གྱེར། རྩ་སྔགས་བརྗོད་ཅིང་ནས་དང་བདུད་རྩི་འཐོར། རོལ་མོ་དྲག་ཏུ་བྱ། དེ་ལྟར་ཡེ་ཤེས་པ་ཕབ་པའི་རྒྱུན་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྩ་སྔགས་བརྗོད་འབྲུ་འཐོར། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་ཐུགས་ལས་སྤྲུལ་པའི་


RTZ029_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་མཆོག །སོགས་དང་ཚེ་འགུགས་ཚང་མ་གྱེར་ལ་སྤོས་བཏུལ་ཞིང་མདའ་དར་གཡབ་རོལ་མོ་བྱའོ། །དེ་ནས་རྣམ་བུམ་ཐོགས་ལ། བླ་མ་དང་མདུན་སྐྱེད་དབྱེར་མེད་པ་རིགས་ལྔ་སྨན་པའི་རྒྱལ་པོ་ཚེ་དཔག་མེད་རྣམས་ཀྱི་ཕྱག་གི་བུམ་པས་སྤྱི་བོ་ནས་དབང་བསྐུར་བས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། དུག་ལྔའི་སྒོ་ནས་ཚེ་ཐུང་བར་འགྱུར་བའི་ལས་སྒྲིབ་བག་ཆགས་དང་བཅས་པ་དག །འཆི་བ་མེད་པ་སྐུ་ལྔའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ་སྤྲོས་མེད་ཆོས་ཀྱི་སྐུ །བུམ་བཅུད་རང་བཞིན་བདེ་ཆེན་ལོངས་སྤྱོད་རྫོགས། །བུམ་པའི་རྒྱན་ཆས་འགྲོ་འདུལ་སྤྲུལ་སྐུ་མཆོག །བར་ཆད་ཀུན་སེལ་འཆི་མེད་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱཿཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མགོ་བོའི་གནས་ལྔར་བཞག་ལ་བུམ་ཆུ་བླུད། སྐུ་ཕྱག་རྒྱས་དབང་བསྐུར་བའི་སླད་དུ། ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་རང་འདྲ་བའི་སྐུ་གཉིས་པ་འཕྲོས་ཁྱོད་རང་གི་གནས་སོ་སོར་ཐིམ་པས་ལུས་འཕོ་འགྱུར་མེད་པ་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་མོས་མཛོད། ཙཀླི་རྣམས་སྤྱི་བོའི་གནས་སོ་སོར་བཞག་ལ། ཨོཾ། སངས་རྒྱས་ཀུན་གྱི་སྐུ་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད། །འགྱུར་མེད་སྐུ་ཡི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་


RTZ029_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དུ་གསོལ། །ཨོཾ་ཨཱཿབུདྡྷ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཨཱཿ སངས་རྒྱས་ཀུན་གྱི་གསུང་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་སྣང་མཐའ་ཚེ་དཔག་མེད། །འགག་མེད་གསུང་གི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿཔདྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་མཆོག་སྨན་གྱི་བླ། །རིག་པའི་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད། །འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿབཛྲ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། སྭཱ། སངས་རྒྱས་ཀུན་གྱི་ཡོན་ཏན་སྨན་གྱི་བླ། །རིག་པའི་ཡེ་ཤེས་རིན་འབྱུང་ཚེ་དཔག་མེད། །ཡོན་ཏན་རེ་སྐོང་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿརཏྣ་གུ་རུ་གུ་ཎ་སིདྡྷི་ཧཱུཾ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། ཧཱ། སངས་རྒྱས་ཀུན་གྱི་ཕྲིན་ལས་སྨན་གྱི་བླ། །རིག་པའི་ཡེ་ཤེས་དོན་གྲུབ་ཚེ་དཔག་མེད། །ཕྲིན་ལས་འགྲོ་འདུལ་བྱིན་རླབས་ཀུན་སྡུས་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །ཨོཾ་ཨཱཿཀརྨ་གུ་རུ་གུ་ཎ་སིདྡྷི་ཧཱུྃ་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་བོའི་དབང་བསྐུར་ལ། ཧྲཱིཿ སངས་རྒྱས་མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྨན་གྱི་བླ། །རིགས་འདུས་བླ་མ་རྒྱལ་བ་ཚེ་དཔག་མེད། །བྱིན་རླབས་མཐར་ཐུག་ཚེ་


RTZ029_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དུ་གསོལ། །འབྱུང་ལྔ་རྣམ་དག་རིགས་ལྔ་ཡུམ་ཆེན་ལྔ། །བཅོམ་ལྡན་བདེ་གཤེགས་ལྔ་དང་གཉིས་མེད་སྦྱོར། །དུག་ལྔ་འཆི་བདག་བདུད་ཀྱི་དཔུང་ཆོམས་ལ། །སྐུ་ལྔར་བྱིན་རློབས་ཚེ་དབང་བསྐུར་དུ་གསོལ། །སྤྱི་སྔགས་ཤམ་བཅས་བརྗོད། ཧྲཱིཿ བདེ་ཆེན་གར་གྱི་དབང་ཕྱུག་རྟ་མཆོག་དཔལ། །གཉིས་མེད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །མཐུ་སྟོབས་གཟི་བརྗིད་འཆི་བདག་དཔུང་འཇོམས་ལྷ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་དུ་གསོལ། །མཁའ་འགྲོ་སྡེ་བཞིས་འཆི་བདག་བདུད་བཞི་འཇོམས། །ཕྲིན་ལས་བཞི་སྒྲུབ་རྡོ་རྗེ་ཚེ་འགུགས་མ། །ཕྱོགས་བཞི་མཚམས་དང་སྟེང་འོག་ཚེ་ཁུག་ལ། །དུས་བཞི་དུས་མེད་ཚེ་དབང་བསྐུར་དུ་གསོལ། །ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིང་ཧྲཱིང་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ། གསུང་སྙིང་པོ་བཟླས་པའི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་དང་མདུན་སྐྱེད་དབྱེར་མེད་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱོན། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་ས་བོན་གྱི་མཐར་འཁོད་པས་ངག་འཕོ་བ་མེད་པ་མི་ཤིགས་ནཱ་དའི་རང་སྒྲར་སྨིན་པར་མོས་ལ་འདིའི་རྗེས་ཟློས། སྤྱི་སྔགས་ཤམ་བུ་བཅས་ལན་གསུམ། རྡོ་རྗེ་སློབ་མ་འདི་རྣམས་ལ་རིགས་འདུས་སྨན་རྒྱལ་ཚེ་དཔག་མེད་པའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་འབྲུ་འཐོར། ཐུགས་དཔལ་གྱི་གཏོར་ཆེན་ལ་བརྟེན་ནས་དབང་བསྐུར་བའི་སླད་དུ། གཏོར་མ་འདི་ཉིད་ཡེ་ཤེས་


RTZ029_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞལ་ཡས་ཁང་པར་གྱུར་པའི་ནང་དུ་རིགས་འདུས་སྨན་རྒྱལ་ཚེ་དཔག་མེད་པའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པ་བྱུང་སྟེ། ཁྱེད་རང་རྣམས་ལ་ཐིམ་པས་ཡིད་འཁྲུལ་རྟོག་དག་པ་རྡོ་རྗེ་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས་པར་མོས་ཤིག །དཔལ་གཏོར་མགོར་བཞག་ལ། ཧྲཱིཿ དཔལ་གྱི་གཏོར་ཆེན་ཚེ་དང་ཡེ་ཤེས་རི། །ནོར་བུ་འབར་བས་དགོས་འདོད་རེ་བ་སྐོང་། །ནང་ན་རིགས་ལྔ་ཚེ་ཡི་ལྷ་ཚོགས་བཞུགས། །དབང་མཆོག་བསྐུར་པས་འཆི་མེད་དབང་ཐོབ་ཤོག །སྤྱི་སྔགས་ཤམ་བཅས་བརྗོད། ཡོན་ཏན་དངོས་གྲུབ་རྫས་ཀྱིས་ཞལ་བསྲོ་བའི་སླད་དུ། ཚེ་ཟན་དང་ཚེ་ཆང་མྱོང་བ་ལ་བརྟེན་ནས་འབྱུང་བའི་དྭངས་མ་སྟོབས་སུ་གྱུར། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་ལ་མངའ་དབང་བསྒྱུར། སྐྱེ་འཆི་མེད་པ་ཚེའི་རིག་འཛིན་ལ་མངའ་བརྙེས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཨེ་མ་འཆི་མེད་ཡེ་ཤེས་བདུད་རྩི་མཆོག །ཚེ་ཟན་ཡི་དམ་ལྷ་ཡི་ཕ་འབབ་འདི། །གང་གི་ལྕེ་ཡི་ཐོག་ཏུ་རེག་མ་ཐག །དད་པས་མྱོང་ན་འཆི་བ་འབྱུང་རེ་ཀན། །སྲ་བརྟན་རི་བོ་ལྟ་བུའི་ཚེ་ཐོབ་ཤོག །ཆད་མེད་ཆུ་རྒྱུན་ལྟ་བུའི་ཚེ་ཐོབ་ཤོག །གཞོམ་མེད་རྡོ་རྗེ་ལྟ་བུའི་ཚེ་ཐོབ་ཤོག །ནད་སེལ་བདུད་རྩི་ལྟ་བུའི་ཚེ་ཐོབ་ཤོག །རེ་སྐོང་ནོར་བུ་ལྟ་བུའི་ཚེ་ཐོབ་ཤོག །ཀུན་ཁྱབ་ནམ་མཁའ་ལྟ་བུའི་ཚེ་ཐོབ་ཤོག །གསལ་མདངས་ཉི་ཟླ་ལྟ་བུའི་ཚེ་ཐོབ་ཤོག །འགྱུར་མེད་ཆོས་སྐུ་ལྟ་བུའི་ཚེ་ཐོབ་ཤོག །ཕྱག་རྒྱ་ཆེན་པོ་མཆོག་གི་ཚེ་ཐོབ་ཤོག །སྔགས་གོང་


RTZ029_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བརྗོད། ཚེ་ཆང་སྦྱིན་ལ། ཧྲཱིཿ ཚེ་ཆང་རིགས་ལྔ་ཡབ་ཡུམ་བྱང་ཆུབ་སེམས། །སྣོད་བཅུད་བདུད་རྩིར་བསྒྱུར་པ་ཚེ་ཡི་བཅུད། །དད་པས་འཐུང་ན་ཚེ་དབང་རིག་འཛིན་ཐོབ། །སྐལ་ལྡན་བུ་ལ་བྱིན་པས་འཆི་མེད་ཤོག །ཧྲཱིཿ སྨན་འབྲུ་རིན་ཆེན་ཟས་གོས་འབྱུང་བ་དང་། །འཆི་མེད་རྫས་སྔགས་ཏིང་འཛིན་བཅུད་བསྡུས་ནས། །བྱིན་གྱིས་བརླབས་པའི་བདུད་རྩི་འདི་ཐུངས་ཤིག །བར་ཆད་ཀུན་སེལ་ངོ་མཚར་ཨ་ལ་ལ། །སྔགས་བརྗོད། ཕྲིན་ལས་མི་འཇིགས་རྡོ་རྗེའི་གོ་བགོ་བའི་སླད་དུ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཕྱག་མཚན་ལྔ་པོ་ཆར་ལྟར་དུ་བབས་ཏེ་ཁྱེད་རང་གི་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཞུ་ལུབ་ཏུ་གཡོགས་ཤིང་གོ་ཁྲབ་ཏུ་གྱུར་པས་ནམ་ཡང་གཞོམ་གཞིག་དང་བྲལ་བར་མོས་མཛོད། ཕྱག་མཚན་ལྔ་དང་གོ་ཁྲབ་ཀྱི་ཙཀླི་གནས་གསུམ་དུ་རེག་ལ། ཧྲཱིཿ ཅིས་ཀྱང་མི་འགྱུར་མི་ཕྱེད་མི་ཤིགས་པའི། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་ཕྱག་མཚན་གོ་ཁྲབ་འདི་བྱིན་པས། །ཚེ་མཆོག་སྲ་བརྟན་འགྱུར་མེད་དབང་ཐོབ་ཤོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། དེ་དག་གི་མཐའ་རྟེན་ལྟ་བའི་ཀློང་དུ་རྒྱས་འདེབས་པ་ནི། རང་སེམས་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཧྲཱིཿ སྣང་སྲིད་འཁོར་འདས་རང་གི་སེམས། །སེམས་ཉིད་སྟོང་གསལ་ངོས་བཟུང་བྲལ། །འདི་ལ་སྐྱེ་འཆི་གྲུབ་མ་མྱོང་། །ཡང་དག་ལྟ་བས་རྒྱས་གདབ་བོ། །འཁོར་འདས་གཉིས་སྣང་འཛིན་རྟོག་རྣམས། །ཆུ་དང་རྦ་རླབས་ཇི་བཞིན་དུ། །སེམས་


RTZ029_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པའི་རང་རྩལ་ཡིན། །མ་བཅོས་སྒོམ་པའི་རྒྱས་གདབ་བོ། །སངས་རྒྱས་སེམས་ཅན་དབྱེར་མེད་པ། །ཀུན་བཟང་རྒྱལ་བའི་ཀློང་དུ་གཅིག །ས་ལམ་འབད་རྩོལ་ཅི་བྱར་ཡོད། །རང་ཆས་འབྲས་བུའི་རྒྱས་གདབ་བོ། །དང་པོ་ཐིག་ལེ་ཉག་གཅིག་རྒྱ། །གཉིས་པ་ཐབས་ཤེས་ཟུང་འཇུག་རྒྱ། །གསུམ་པ་དུག་གསུམ་རང་གྲོལ་རྒྱ། །བཞི་པ་ཚད་མེད་བཞི་ཡི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་པ་བྱང་ཆུབ་ཕྱག་ཆེན་རྒྱ། །རྒྱ་བདུན་ཚེ་ལ་བཏབ་གྱུར་ན། །སྣང་སྲིད་ཐམས་ཅད་དགྲར་ལངས་ཀྱང་། །གནོད་པ་རྡུལ་ཙམ་མི་ནུས་ན། །དགྲ་བགེགས་གཞན་གྱིས་སྨོས་ཅི་དགོས། །ཞེས་དང་། ཤིས་བརྗོད་བྱ་ཞིང་ཡེ་དྷར་བརྗོད། དེ་དག་གིས་ནི་ཚེ་དབང་འཆི་བདག་བདུད་འཇོམས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་གཟུང་བ། གཏང་རག་སོགས་སྤྱི་ལྟར་བྱ་ཞིང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་ཚང་བར་བྱས་པས་འགྲུབ་བོ། །ཀུན་ལ་མཁོ་བ་རིང་འཚོའི་ཚེ་ཡིན་ཀྱང་། །སྒྲུབ་ཐབས་གདམས་ཟབ་འདི་འདྲ་ཤིན་ཏུ་དཀོན། །འདི་བགྱིས་དགེ་བས་བདག་གཞན་འགྲོ་བ་ཀུན། །ཆོས་ལྡན་འཚོ་བ་འཆི་མེད་དཔལ་བརྙེས་ཤོག །འདིའང་གཞུང་ཉིད་ཧ་ཅང་བསྡུས་ཆེ་བ་བློ་དམན་ཕལ་མོ་ཆེས་ཇི་བཞིན་མ་ཁྲོལ་བར་དོན་མེད་དང་དོན་ལོག་གི་མུན་པར་འཁྱམས་པར་མཐོང་ནས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་རིང་འཚོའི་དགེ་མཚན་བརྙེས་པའི་གྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


previousཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་ལས་གསལ་བྱེད་དབང་བསྐུར་དང་བཅས་པ་འཆི་མེད་བདུད་རྩིའི་བུམ་བཟང་། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ།next