Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད། བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད། བསྟན་གཉིས་གཡུང་དྲུང་གླིང་པ།next

སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ029_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །


RTZ029_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་སྐྱེ་དགུའི་འདྲེན་པ་མཆོག །དུག་གསུམ་ནད་སེལ་སྨན་གྱི་བླ། །ལོངས་སྤྱོད་ཡོངས་རྫོགས་དེར་བཏུད་ནས། །དབང་ཆོག་བླ་མའི་ཕྱག་བཞེས་བཀོད། །དཔལ་ཆོས་ཀྱི་གྲགས་པ་ནས་བརྒྱུད་པའི་སྨན་བླ་ལོངས་སྐུའི་སྒྲུབ་ཐབས་ཀྱི་སྨིན་བྱེད་བྱ་བར་འདོད་པས། སྦྱོར་བ་སྐུ་བརྙན་སོགས་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མར་མཎྜལ་དྲི་བཟང་གིས་བྱུགས་ཤིང་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ། རིན་པོ་ཆེའི་སྣོད་དུ་འབྲུ་སྣ་སྤོད་སྣ་དཀར་གསུམ་མངར་གསུམ་སྨན་སྣ་ཚོགས་ལས་བྱས་པའི་གཏོར་མ་ཟུར་གསུམ་པ་རིན་ཆེན་འབར་བའི་དབྱིབས་ཅན་པད་འདབ་བཞི་དང་ཚེ་རིལ་གྱིས་བསྐོར་བ། ལོགས་ལ་ཨ་རུ་ར་གསེར་མདོག་གི་གཟུགས་དང་ཟུར་དུ་མེ་རི་རྩེར་ཉི་ཟླ་ནོར་བུ་སྐུ་རྟེན་ཙཀླི་དར་གུར་སྔོན་པོས་སྤྲས་པ་བཀོད། གཡས་སུ་དཀར་གཏོར་རྒྱན་ལྡན་སྨན་སྣ་བླུགས་པ། གཡོན་དུ་དམར་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་ཆད་བརྟན་སོགས་ལས་བྱང་ལ་མཁོ་བའི་ཡོ་བྱད་རྣམས་དང་། ལས་ཀྱི་བུམ་པ་སོགས་འདུ་བྱས་ལ། སློབ་དཔོན་གྱིས་སྐྱབས་སེམས་ནས་བརྩམ་སྨན་བླ་ལོངས་སྐུའི་ཕྲིན་ལས་བཏང་། བཟླས་པ་ཅི་འགྲུབ་དང་གསོལ་འདེབས། ཚོགས་བྱིན་རླབས་བཤགས་པའི་བར་དུ་བཏང་། ལས་བུམ་འཁྱིལ་པའི་སྔགས་བཟླས་པས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་


RTZ029_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ནོད་དོ། །དངོས་གཞི་ལས་བུམ་གྱི་ཆུས་སློབ་མ་ཁྲུས་ནས་དབྱུང་། སུམྦྷ་ནིས་བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། འདིར་བསིལ་ལྡན་སྨན་གྱི་བླ་མ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་ཡེ་ཤེས་ཀྱི་སྐུས་དངོས་སུ་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ། ལ་ཐོག་ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེའི་ཐུགས་དམ་ཕྱག་བཞེས་ཀྱི་བརྒྱུད་པ་རྗེ་འབྲི་གུང་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པ་ལ་བཀའ་བབས་ཤིང་གསལ་བར་མཛད་པའི། སྨན་བླ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པའི་ཐབས་དང་འབྲེལ་བའི་བྱིན་རླབས་རིང་བརྒྱུད་དམ་པ་དེ་དག་ལས་བར་མ་ཆད་དུ་བྱོན་ཅིང་། ཉེ་བརྒྱུད་རྗེ་བཙུན་གཡུ་ཐོག་པས་བྱིན་གྱིས་བརླབས་ཤིང་གདམས་པའི་མཛོད་ཐོབ་པ་ཐམས་ཅད་མཁྱེན་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཅིག་བརྒྱུད་ཀྱི་ཚུལ་དུ་ཁོ་བོ་ཅག་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་ཕྱག་བཞེས་ཇི་ལྟ་བར་བསྒྲུབ་པར་བགྱི་བ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རིགས་ཀྱི་བདག་པོ་རྡོ་རྗེ་འཛིན། །འཁོར་བར་མནར་པ་བདག་ལ་གཟིགས། །བདེ་ཆེན་རྒྱལ་བའི་གྲོང་མཆོག་ཏུ། །དེ་རིང་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་ལ་རྩ་གསུམ་རྒྱལ་བ་རབ་


RTZ029_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཀྱིས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པདྨ་དང་ཟླ་བ་རྒྱས་པའི་གདན་ལ་ཁྱེད་རང་རྣམས་སངས་རྒྱས་སྨན་གྱི་བླ་སྐུ་མདོག་བཻ་ཌཱུརྱ་ལྟར་འཚེར་བ་མཚན་དང་དཔེ་བྱད་ཀྱི་དཔལ་མངའ་བ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ཆོས་གོས་གསུམ་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག །སློབ་དཔོན་དང་མདུན་བསྐྱེད་སྨན་གྱི་བླ་མར་གསལ་བ་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་ཁྱབ་ཅིང་ཐུགས་རྒྱུད་བསྐུལ་བས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་འོད་ཟེར་གྱི་རྣམ་པར་ནམ་མཁའ་གང་བར་བསྡུས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བསྙེན་སྔགས་བྷཻ་ཥ་ཛྱེའི་ཤམ་དུ། ཨཱ་བེ་ཤ་ཡ་ཨཱ་བེ་


RTZ029_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡ་ཨ་ཨཱཿ བཏགས་པ་ལན་མང་དུ་བརྗོད། སྤོས་རོལ་བཅས་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མེ་ཏོག་མགོར་བཞག །དེ་ནས་དཔལ་གཏོར་ཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་འདབ་མ་བཞི་པའི་ལྟེ་བར། པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡོངས་སུ་འདུས་པའི་ངོ་བོ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་སྐུ་མདོག་ནམ་མཁའ་གཡའ་དག་པ་ལྟ་བུ། ཨུཏྤལ་ལྟར་དཀྱུས་རིང་བའི་སྤྱན་ཟུང་འགྲོ་བའི་གདུལ་བྱ་ལ་ཕྱོགས་བཅུར་གཟིགས་པ། དབུ་སྐྲ་མཐོན་ཀ་སྤྱི་བོར་བཅིངས་པའི་ཕྱེད་སིལ་བུར་རྒྱབ་ཏུ་ཕྱོགས་པ་ཐོར་ཅོག་གི་རྩེ་མོར་ནོར་བུ་རིན་པོ་ཆེ་དང་གཡས་གཡོན་དུ་ཉི་ཟླའི་དཀྱིལ་འཁོར་གྱིས་སྤྲས་པས་འགྲོ་བ་ཐམས་ཅད་ཀྱི་དབུལ་ཕོངས་དང་ཚ་གྲང་གི་ནད་ལས་སྐྱོབ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་འདབ་མ་དང་བཅས་པའི་ཨ་རུ་ར་རྣམ་པར་རྒྱལ་བ་དང། གཡོན་མཉམ་གཞག་གིས་སྨན་གྱི་བདུད་རྩིའི་གང་བའི་ལྷུང་བཟེད་བསྣམས་པ། དར་དཀར་པོ་དང་དམར་པོའི་སྟོད་གཡོགས་དང་


RTZ029_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་གཡོགས་འཆང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་ཐུགས་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་སྙོམས་པར་ཞུགས་པ། དེ་ལ་གསོ་རིག་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མདུན་གྱི་འདབ་མ་ལ་སྨན་གྱི་ལྷ་མོ་དཀར་མོ་ཕྱག་གཉིས་རིན་པོ་ཆེའི་པི་ཝང་བསྒྱུར་བ། གཡས་སུ་ལྷ་མོ་སེར་མོ་ཕྱག་གཉིས་བྱ་རྒོད་ཀྱི་རྐང་གླིང་བསྒྱུར་བ། རྒྱབ་ཏུ་ལྷ་མོ་དམར་མོ་ཕྱག་གཉིས་མི་རྐང་གི་གླིང་བུ་འབུད་པ། གཡོན་དུ་ལྷ་མོ་ལྗང་གུ་ཕྱག་གཉིས་དངུལ་དཀར་གྱི་མེ་ལོང་འཛིན་པ། བཞི་ཀའང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་སྐྲ་སིལ་བུར་གྲོལ་བ། མེ་ཏོག་དང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞབས་ཕྱེད་སྐྱིལ་གྱིས་བཅོམ་ལྡན་འདས་ལ་འདུད་པའི་ཚུལ་གྱིས་བཞུགས་པ། མུ་འཁྱུད་ལ་སྨན་གྱི་སྲུང་མ་ཞང་བློན་ཆེན་པོ་དང་དྲང་སྲོང་ལྷ་ཀླུ་གཟའ་སྐར་རྒྱལ་པོ་བཙན་བདུད་གིང་གི་ཚོགས་ཀྱིས་ཏིལ་གྱི་གང་བུ་ལྟར་གང་བས་གཙོ་བོའི་ཕྱོགས་སུ་ཐལ་མོ་སྦྱར་ཏེ་འཁོད་པ། དབུས་ཀྱི་གཙོ་འཁོར་ལྔའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་སྨན་གྱི་བླ་མ་གནས་གསུམ་ཡིག་འབྲུ་གསུམ་དང་བཅས་པ་གསལ་ཐོབ་ཅིག །གཏོར་མའི་ལྷ་ཚོགས་རྣམས་


RTZ029_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱི་བོའི་ཨོཾ་ལས་ཨོཾ་ཡིག་དཀར་པོ་འོད་ཟེར་དང་བཅས་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་ཡིག་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་དག་པའི་ཀློང་ཡངས་ནས། །རིགས་འདུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན། །སྔོན་གྱི་དམ་བཅས་ཐུགས་དམ་བདག་བསྐུལ་ན། །མཁྱེན་བརྩེ་ནུས་པས་འདི་ལ་བྱིན་གྱིས་རློབས། །ཕྱི་ནི་དམ་རྫས་གཏོར་མ་རྒྱན་དང་ལྡན། །རོ་བཅུད་ཕུན་ཚོགས་ཤ་ལྔ་བདུད་རྩི་ལྔ། །ནང་ནི་ཡེ་ཤེས་ལྷ་ཡི་གཞལ་ཡས་ཁང་། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས། །སྐལ་ལྡན་བུ་ལ་དབང་མཆོག་བསྐུར་དུ་གསོལ། །ལུས་ཀྱི་སྒྲིབ་པ་མ་ལུས་དག་པ་དང་། །སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་ནས་ཀྱང་། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་པར་ཤོག །བཟླས་སྔགས་བྷཻ་ཥ་ཛྱེའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་དཔྲལ་བར་བཞག །དེང་ནས་བརྩམ་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་ཅན་དུ་ངོ་སྤྲད་པ་ཡིན་པས། དྲན་པ་དང་ཤེས་བཞིན་གྱིས་རྒྱུན་དུ་སྐྱོང་བར་མཛོད་ཅིག །དེས་སྐུ་སྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་མགྲིན་


RTZ029_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨཱཿལས་ཨཱཿཡིག་དམར་པོ་འོད་ཟེར་དང་བཅས་པ་རེ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཨཱཿདམར་པོ་ལ་ཐིམ་པས་ངག་གི་སྒྲིབ་པ་སྦྱངས། གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ལུས་དང་སྐུ་ཡི་མལ་དུ། ངག་གི་དང་གསུང་གི་ཞེས་དང་། སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྒྱུར། གཏོར་མ་མགྲིན་པར་བཞག །དེང་ནས་བརྩམ་སྟེ་སྒྲ་གྲགས་ཚད་ཡི་དམ་ལྷའི་གསུང་དུ་ངོ་ཤེས་པར་གྱིས་ལ་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་པ་ཆུ་བོའི་རྒྱུན་ལྟར་དུ་བརྩོན་པར་གྱིས་ཤིག །དེས་ངག་གིས་བཟླས་པ་བྱེད་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་མཐིང་ག་འོད་ཟེར་དང་བཅས་པ་རེ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་ཁའི་ཧཱུྃ་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ཡིད་ཀྱི་དང་། ཐུགས་ཀྱི་ཞེས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྒྱུར། གཏོར་མ་སྙིང་ཁར་བཞག །དེང་ཕྱིན་ཆད་དྲན་རྟོག་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་ངོ་ཤེས་པར་གྱིས་ལ་མ་བཅོས་གཉུག་མའི་རང་བབ་སྐྱོང་མཛོད། དེས་


RTZ029_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་ཧྲཱིཿཡིག་དང་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ཚིག་དབང་རིན་པོ་ཆེ་ཐོབ་པར་མོས་ཤིག །ཧཱུྃ། གཉིས་མེད་ཆོས་དབྱིངས་སོགས་གོང་ལྟར་ལ། ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས་ཀྱང་། །ཡེ་ཤེས་ལྔ་ཡི་དབང་མཆོག་ཐོབ་པར་ཤོག །བཟླས་སྔགས་བྷཻ་ཥ་ཛྱེའི་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་གནས་གསུམ་ཀར་བཞག །དེང་ཕྱིན་ཆད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་རིག་བརྡལ་བ་ཆེན་པོ་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ལ་རང་སྣང་རིས་མེད་ཀྱི་དགོངས་པར་ལ་ཟླ་བར་མཛད་འཚལ། དེས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་ས་བོན་མཐུ་ཅན་དུ་བྱས་པ་ཡིན་ནོ། །སླར་གཏོར་མ་སྤྱི་བོར་བཞག་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ། དཔལ་མགོན་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས། རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་རྣམས་ལ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་


RTZ029_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་བྱིན་གྱིས་བརླབ་པར་མཛད་དུ་གསོལ། བཟླས་སྔགས་བྷཻ་ཥ་ཛྱེའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ་ཛཿཧཱུྃ་བཾ་ཧོཿ ཞེས་བྱིན་རླབས་བྱ། མཐའ་རྟེན་དྲང་སྲོང་གི་བཀའ་གཏད་ནི། དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ལན་གསུམ། གཏོར་མ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་ཕུང་འཕྲོ་བར་གྱུར། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ལྷ་དང་མིའི་སྨན་གྱི་དྲང་སྲོང་རིག་འཛིན་སྨན་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿ ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་སྨན་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཞེས་གསུམ་དང་། གཞན་ཡང་སྨན་གྱི་རིག་པ་འཛིན་པའི་ལྷ་ཚོགས་རྣམས་དང་། སྨན་གྱི་བཀའ་སྲུང་ལྷ་ཀླུ་དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས་པ་དམ་ཚིག་ལ་གནས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་གྲྀཧྞ་ཁཱ་ཧི། གཏོར་མ་དྲང་སྲོང་རིག་འཛིན་རྣམས་ཀྱིས་གསོལ་བའི་ལྷག་མ་ན་བ་མེད་པ་སྨན་གྱི་བདུད་རྩི། འཆི་བ་མེད་པ་ཚེའི་བདུད་རྩི། དགོས་འདོད་འབྱུང་བ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཕྱོགས་བཅུའི་ལྷ་དང་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་རྣམས་དང་སྨན་གྱི་ལྷ་མོ་ཐམས་ཅད་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས།


RTZ029_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་སྐལ་པ་མཉམ་པར་གྱུར་སྙམ་དུ་མོས་མཛོད། དཀར་གཏོར་མགོར་བཞག་ལ། ཧཱུྃ། རྒྱལ་བ་ཀུན་འདུས་སྨན་རྒྱལ་བཀའ་ཡི་འཁོར། །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞི་པོ། །སྔོན་གྱི་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས། །གཅེར་མཐོང་མངོན་ཤེས་ནད་ངོས་ཟིན་པ་དང། །སྣང་སྲིད་སྨན་གྱི་རོལ་པར་འཆར་འགྱུར་ཞིང་། །མཐོང་ཐོས་དྲན་རེག་ནད་པའི་ཚོགས་རྣམས་ཀུན། །མ་ལུས་བདེ་ལ་འགོད་པའི་དབང་ཐོབ་ཤོག །སརྦ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་བཀའ་སྲུང་བཀའ་གཏད་ནི། གཏོར་མ་རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་ཐོད་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རང་བཞིན་གྱི་གནས་ནས་དཔལ་མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ཡུམ་མཆོག་ཨེ་ཀ་ཛཱ་ཊི། འཁོར་གྱི་དྲེགས་པ་སྡེ་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་བསྔོ། ཨརྒྷཾ་སོགས་དང་། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཁཱ་ཧི། ཞེས་མཆོད། ཀུན་འདུས་


RTZ029_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བླ་མའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲོག་གི་སྙིང་པོ་ཕུལ། །སྒྲུབ་པའི་སྐུ་དགྲ་སྒྲོལ་བར་མནའ་བོར་བ། །དམ་ཅན་སྡེ་དགུ་འཁོར་དང་བཅས་ལ་བསྟོད། །ཅེས་བསྟོད། དེ་ནས་ཁྱེད་རང་རྣམས་པད་ཉིའི་གདན་ལ་སྐད་ཅིག་ཙམ་གྱིས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། དྲག་པོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དྲེགས་པ་ཐམས་ཅད་དབང་དུ་སྡུད། ཟིལ་གྱིས་གནོན། བྲན་དུ་ཁོལ་ནུས་པའི་ང་རྒྱལ་དུ་གནས་པ་ལ་ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པ་རྣམས། སྨན་གྱི་བཀའ་སྲུང་གི་ཆེད་དུ་གཏད་པས། བླ་མ་མ་ཧཱ་གུ་ཎས་བཀའ་བསྒོས་པ་བཞིན་དུ་རྗེས་སུ་འབྲངས་ཏེ་བཀའ་བཞིན་བསྒྲུབ་པར་ཁས་བླངས་པའི་མོས་པ་མཛོད། དམར་གཏོར་མགོ་ལ་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ། །རྒྱལ་བ་ཀུན་འདུས་བླ་མའི་བཀའ་སྲུང་ཞིང་། །དམ་ལས་མི་འདའ་སྨན་གྱི་བསྟན་པ་སྐྱོང་། །གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སོགས། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་དང་བཅས། །འདིར་གཤེགས་རང་རང་མཐུན་པའི་དམ་རྫས་བཞེས། ཁྱེད་རྣམས་རྒྱལ་སྲས་འདི་ཡི་བྲན་ཉིད་དུ། །


RTZ029_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་རྡོ་རྗེ་འཛིན་པ་བདག་གིས་སྦྱིན། །ལུས་དང་གྲིབ་བཞིན་འགྲོགས་ལ་ཕྲིན་ལས་སྒྲུབས། །མ་ཧཱ་ཀཱ་ལ་སརྦ་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བཀའ་གཉེར་གཏད་པས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་སྲོག་ལ་དབང་སྒྱུར་བར་མོས་ཤིག །དེ་དག་རྣམས་ཀྱིས་སྨན་བླ་ལོངས་སྤྱོད་རྫོགས་སྐུ་ལ་བསྟེན་པའི་དབང་བསྐུར་གྲུབ་པ་བརྙེས་པའི་བླ་མའི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་ལེགས་པར་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་ཚུལ་བཞིན་དུ་བསྲུང་ཞིང་འདིའང་ཡི་དམ་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་མན་ཆད་དབང་རྗེས་སྤྱི་ལྟར་བྱ། རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ཕྱིན་ཆད་ཀྱང་སྒྲུབ་ཐབས་ཀྱི་དཀྱུས་བཞིན་བྱས་པས་འགྲུབ་བོ། །འཆལ་དང་རང་བློས་ཉེས་པའི་དྲི། །གང་མཆིས་བཤགས་ཤིང་སྔོན་མེད་ཀྱི། །ལེགས་བཤད་དགེ་བས་འདིར་འབྲེལ་ཀུན། །སྨན་གྱི་བླ་མའི་བྱིན་ཐོབ་ཤོག །ཅེས་ཁྱབ་བདག་ཀུན་མཁྱེན་བླ་མ་ཉིད་ཀྱིས་སྨིན་གྲོལ་ནོར་བུའི་ཆ་ཤས་ཀྱིས་སྐལ་བཟང་བསྩལ་བ་དང་ཆབས་ཅིག་བཀའ་ལུང་གི་རྗེས་སུ་གནང་བ་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousསྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་བླ་མའི་གསུང་བཞིན་བཀོད་པ་དངོས་གྲུབ་སྒོ་འབྱེད། བསྟན་གཉིས་གཡུང་དྲུང་གླིང་པ།next