Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
འཆི་མེད་འཕགས་མའི་སྙིང་ཐིག་ལས་བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   


 
previousའཆི་མེད་འཕགས་མའི་སྙིང་ཐིག་ལས་བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ། བློ་གྲོས་མཐའ་ཡས།next

འཆི་མེད་འཕགས་མའི་སྙིང་ཐིག་ལས་བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ། བློ་གྲོས་མཐའ་ཡས།


RTZ029_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་འཕགས་མའི་སྙིང་ཐིག་ལས། བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ་བཞུགས་སོ། །


RTZ029_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་ཐུགས་རྗེའི་གཟི་བྱིན་གྱིས། །སྡིག་ལྟུང་མུན་པའི་དཔུང་འཇོམས་པ། །རྩ་གསུམ་འདུས་ཞལ་བླ་མ་རྗེར། །བཏུད་ནས་བཤགས་སྐོང་གསལ་བྱེད་དགོད། །དགོངས་གཏེར་འཕགས་མའི་སྙིང་ཐིག་གི་སྒོས་སྒྲུབ་ཀྱི་བྱེ་བྲག་འཆི་མེད་རིག་འཛིན་རྣམ་གསུམ་གྱི་ཕྲིན་ལས་དང་འབྲེལ་བར་བཤགས་སྐོང་བགྱིད་པར་སྐབས་སུ་བབས་པ་ན། སྦྱོར་བ་རིག་འཛིན་བླ་མའི་སྣང་བརྙན་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུའི་སྟེང་། དཀྱིལ་འཁོར་གཞི་མཐིང་ག་ལ་པདྨ་འདབ་བརྒྱད་ལྟེ་བར་གཙོ་བོའི་སྐུའམ་ཕྱག་མཚན་བྲི། མཐར་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་གང་རུང་བཀྲམ་པའི་དབུས་སུ། འཕྲུལ་སྟེགས་ལ་ཀ་པཱ་ལ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བའི་ལྟེ་བར་ཨཿ དེ་རྒྱབ་སྔགས་འཁོར་བྲིས་པས་བཀབ་པའི་སྟེང་དུ་ཤེལ་རྡོོ་བཞག་པ་ནི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྟེན་དུ་མཚོན་པའོ། །དེ་རྒྱབ་འབྱོར་ན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། སྨན། དཔལ་གཏོར། རཀྟ་རྣམས་རེ་རེ་བཞིན་བརྒྱ་རྩས་བསྐོར་ཏེ་བཤམ། མ་འབྱོར་ན། མདུན་རྒྱབ་གང་བདེར་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྲུང་མའི་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པ་རྣམས་དང་། ཚོགས་ཀྱི་


RTZ029_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ཇི་ལྟར་འབྱོར་པ་རྒྱ་ཆེར་འདུ་བྱའོ། །དངོས་གཞི་ལ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔོན་འགྲོ་ནས་བརྩམ་བསྟོད་པའི་བར་དུ་བཏང་། དེ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སརྦ་གུ་རུ་མཎྜ་ལ་ཕཊ་ཛ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་རྟེན་དང་དབྱེར་མེད་པར༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ ཅེས་ཛཔ྄་ཁང་དབྱེ། ཛཔ྄་ལ་བསྐུལ་པ་ནི། ཨོཾ༔ བློ་འདས་འོད་གསལ་དབྱིངས་ཀྱི་གཞལ་ཡས་སུ༔ རིག་པ་ཚད་ཕེབས་བླ་མའི་དཀྱིལ་འཁོར་ཤར༔ ཉམས་སྣང་གོང་འཕེལ་སྤྲུལ་པའི་ཚོགས་དང་བཅས༔ ཆོས་ཉིད་མངོན་སུམ་གྲགས་སྟོང་སྔགས་ཀྱི་སྒྲ༔ རང་བྱུང་ཛཔ྄་ཀྱིས་རྡོ་རྗེའི་ཡེ་ཤེས་བསྐུལ༔ ཏིང་འཛིན་དགོངས་པ་མཉམ་ཉིད་ཕྲིན་ལས་ཀྱིས༔ ཉམས་ཆག་རྟོག་སྒྲིབ་ཀ་དག་དབྱིངས་སུ་ཞི༔ ལྷུན་གྲུབ་རིག་རྩལ་རྒྱས་པར་མཛད་དུ་གསོལ༔ བཟླས་དམིགས། ཨོཾ་ཨཱཿཧཱུྃ་བཛྲ་སོགས་ལས་བྱང་ལྟར། ངང་ནས་བཟླ༔ བར་གྱིས་གསལ་བཏབ་ལ་རྩ་བའི་བཟླས་པ་ཅི་ནུས་དང་མཐར་རུ་ལུ་བཏགས་པའང་ཅི་རིགས་བཟླ། ཤེས་ཤིང་སྤྲོ་ན་རུ་ལུ་ཕྲ་འགྱུར་སོགས་ཀྱི་ཛཔ྄་དབྱངས་བླང་། སྟོང་ཚིགས་མཆོད་བསྟོད་བྱ། སྲུང་


RTZ029_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བཅས་གྲུབ་ནས། བཤགས་ཡུལ་གསལ་གདབ་པ་ནི། སྙིང་ཁའི་འོད་དང་རྡོ་རྗེའི་གླུས༔ ནམ་མཁའ་གང་བའི་རྒྱལ་བ་རྣམས༔ རྩ་གསུམ་ཞི་ཁྲོའི་རྣམ་པར་བཞེངས༔ མདུན་གྱི་རྟེན་དང་དབྱེར་མེད་གྱུར༔ སྤྱན་དྲང་ཞིང་སྙན་གསན་དབབ་པ་ནི། ཨོཾ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཚང་བ་བརྗོད། ཆོ་གའི་དངོས་གཞི་ལ་གཉིས། བཤགས་པ་དང་། སྐོང་བའོ། །དང་པོ་ལ། ལུས་དང་ལོངས་སྤྱོད་ངག་ཡིད་དང༔ ཐུན་མོང་ཉམས་ཆག་བཤགས་ཤིང་སྐོང༔ ཞེས་ལྔ་ལས། དང་པོ་ལུས་ཀྱི་སྒོ་ནས་ཕྱག་འཚལ་ནས་ཉམས་ཆག་བཤགས་པ་ནི། ཨོཾ་ཨཱཿཧཱུྃ། ཡིད་དང་ཆོས་སུ་འཛིན་པའི་སེམས། །ནང་གསལ་ཆེན་པོར་ཐིམ་པ་ལས། །རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་བདག །ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །གདོད་ནས་ཡོངས་གྲུབ་གཉུག་མའི་སྐུ། ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་མཚན་དཔེའི་རྣམ་རོལ་ཅན། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །གང་གི་རང་བཞིན་ནམ་མཁའ་ལྟར། །ཟབ་ཞི་སྤྲོས་པ་ལས་འདས་ཀྱང་། །སྙིང་རྗེས་གཟུགས་ཀྱི་སྐུར་བཞེངས་པ། །


RTZ029_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེ་ལ་ཕྱག་འཚལ། །འོད་གསལ་སྣང་བཞི་མཐར་སོན་པས། །སྙིང་པོའི་བསྟན་པའི་ཉི་མ་ཆེ། །གནས་ལྔ་རིག་པའི་པཎྜི་ཏ། །འཇམ་དཔལ་བཤེས་གཉེན་ལ་ཕྱག་འཚལ། །གཟུང་འཛིན་དབུ་མར་ཐིམ་པའི་རྩལ། །ཚོགས་བརྒྱད་དག་པའི་དུར་ཁྲོད་དུ། །རང་གྲོལ་བརྟུལ་ཞུགས་སྤྱོད་པ་མཛད། །ཤྲཱི་སིཾ་ཧ་ལ་ཕྱག་འཚལ། །ཤེས་བྱ་རབ་འབྱམས་ཀུན་མཁྱེན་ཅིང་། །ཟབ་མོའི་དོན་ལ་མཉམ་བཞག་པས། །སྡེ་གསུམ་ཀློང་དགུའི་དེ་ཉིད་གཟིགས། །ཛྙཱ་ན་སུ་ཏྲ་ལ་ཕྱག་འཚལ། །རགས་པའི་ཕུང་ཁམས་སྐྱེ་མཆེད་ཀུན། །ཆོས་ཉིད་དབྱིངས་སུ་ཟད་ནས་སླར། །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་པ། །བི་མ་མུ་ཏྲ་ལ་ཕྱག་འཚལ། །གདོད་མའི་མགོན་པོ་འོད་མཐའ་ཡས། །སིནྡྷུའི་དྭངས་མཚོར་མངོན་སྣང་བ། །དུས་གསུམ་རྒྱལ་བའི་ཕྲིན་ལས་པ། །པདྨ་ཐོད་ཕྲེང་ལ་ཕྱག་འཚལ། །གཟོད་ནས་རྣམ་གྲོལ་མཆོག་བརྙེས་ཀྱང་། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར། །གྲུབ་རིགས་རྒྱ་མཚོའི་སྤྱི་མེས་ཆེ། །རྗེ་འབངས་འདུས་པ་ལ་ཕྱག་འཚལ། །གནས་བརྟན་


RTZ029_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་མ་ལྕེ་བཙུན་ཆེ། །པདྨ་ལས་འབྲེལ་རྩལ་ལ་སོགས། །བཀའ་གཏེར་སྙིང་ཐིག་བསྟན་པའི་བདག །རིག་འཛིན་བརྒྱུད་པ་ལ་ཕྱག་འཚལ། །ཕྱི་ནང་གྲུབ་མཐའ་རྒྱ་མཚོ་དང་། །ཟབ་མོའི་གནས་ལུགས་མངོན་གྱུར་པ། །ཡོངས་རྫོགས་བསྟན་པའི་ཤིང་རྟ་མཆོག །དྲི་མེད་འོད་ཟེར་ལ་ཕྱག་འཚལ། །ཆེས་ཆེར་སྙིགས་མའི་དུས་སུ་ཡང་། །འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་ཉི་བཞིན་གསལ་མཛད་པ། །རྩ་བརྒྱུད་བླ་མ་ལ་ཕྱག་འཚལ། །གདོད་ནས་མངོན་པར་སངས་རྒྱས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་སླད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། ཁྱོད་ཀྱི་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་དཀྱིལ་འཁོར་ཆེན་པོ་སྟེ། །དེ་སླད་ཞི་ཁྲོ་རབ་འབྱམས་ཀྱི། །བདག་ཉིད་གཅིག་ཏུ་གྱུར་ལ་འདུད། །འཇུག་དང་ལྡང་བའི་སྲོག་རྩོལ་རླུང་། །མི་ཤིགས་ནཱ་དར་དེངས་པ་ལས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་སྤྲིན། །བསམ་མི་ཁྱབ་པར་སྤྲོ་ལ་འདུད། །མཁྱེན་པས་ཤེས་བྱའི་མཐར་ཁྱབ་ཅིང་། །དམིགས་མེད་བརྩེ་བའི་གཞན་


RTZ029_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི །ནུས་པས་འགྲོ་ཀུན་སྒྲོལ་མཛད་པའི། །ཐུགས་རྗེ་བསམ་མི་ཁྱབ་ལ་འདུད། །གང་མཚན་ལན་གཅིག་དྲན་པས་ཀྱང་། །སྲིད་ཞིའི་འཇིགས་པ་ཀུན་འཕྲོག་ཅིང་། །ཕན་བདེའི་འདོད་དགུ་སྦྱིན་མཛད་པའི། །ཡོན་ཏན་ལྷུན་གྱིས་གྲུབ་ལ་འདུད། །སེམས་ཅན་རྣམས་ཀྱི་ཁམས་དབང་དང། །བསམ་པའི་ཁྱད་པར་ལེགས་གཟིགས་ནས། །ཇི་བཞིན་གཞན་གྱི་དོན་མཛད་པའི། །ཕྲིན་ལས་ཕ་མཐའ་ཡས་ལ་འདུད། །ཧཱུྃ༔ རང་རིག་རང་ཤེས་འཁྲུལ་པ་བྲལ༔ མཉམ་ཉིད་ངང་ལས་ཡེ་ཤེས་ཤར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ༔ མི་རྟོག་དབྱེར་མེད་དགོངས་པ་ལ༔ ཡེ་ཤེས་ལྔ་ཡི་འོད་མདངས་གསལ༔ རིགས་ལྔ་བདེ་བར་གཤེགས་པ་ལ༔ ཉོན་མོངས་དག་ཕྱིར་ཕྱག་འཚལ་ལོ༔ དབྱིངས་ཀྱི་ངང་ལས་བསྐྱེད་པའི་རྒྱུ༔ ཡེ་ཤེས་ལྔ་ཡི་གྲོགས་སུ་ཤར༔ དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ༔ འབྱུང་བ་དག་ཕྱིར་ཕྱག་འཚལ་ལོ༔ ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས༔ འགྲོ་བའི་དོན་དུ་རང་ཤར་བའི༔ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ༔


RTZ029_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དག་ཕྱིར་ཕྱག་འཚལ་ལོ༔ ཡེ་ཤེས་ངང་ལས་ཡོན་ཏན་རྫོགས༔ ཅི་འདོད་དངོས་གྲུབ་ཆར་ལྟར་འབེབ༔ མཆོད་པའི་ལྷ་མོ་བརྒྱད་རྣམས་ལ༔ ཡུལ་དུས་དག་ཕྱིར་ཕྱག་འཚལ་ལོ༔ གདུག་པ་འདུལ་མཛད་དཔའ་བོའི་སྐུ༔ བདག་ཏུ་འཛིན་པའི་སྐྱོན་དང་བྲལ༔ ཏ་ཀྲྀཏ་སྒོ་བ་བཞི་རྣམས་ལ༔ ལོག་ལྟ་དག་ཕྱིར་ཕྱག་འཚལ་ལོ༔ བྱམས་དང་སྙིང་རྗེ་དགའ་བ་དང༔ བཏང་སྙོམས་བཞི་ཡིས་འགྲོ་དོན་མཛད༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་ལ༔ རྟག་ཆད་དག་ཕྱིར་ཕྱག་འཚལ་ལོ༔ རྟོག་པ་དྲུག་ལས་འཁོར་བ་དྲུག༔ མ་རིག་དབང་གིས་བྱུང་བ་རྣམས༔ ཐུགས་རྗེས་འདུལ་མཛད་ཐུབ་དྲུག་ལ༔ འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ༔ ཧཱུྃ༔ ཀུན་ཏུ་བཟང་པོ་རིག་པའི་རྩལ༔ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ༔ དུག་ལྔ་མ་སྤང་མཐར་ཕྱིན་པའི༔ ཧེ་རུ་ཀ་ལ་ཕྱག༴ དབྱིངས་ལས་སྐུར་བཞེངས་ཐབས་ཤེས་སྦྱོར༔ ཁྲོ་མོ་ཡུམ་ལ་ཕྱག༴ ཐུགས་ལས་སྤྲུལ་པའི་གསང་ཆེན་མོ༔ ཁྲོ་མོ་བརྒྱད་ལ་ཕྱག༴ ཟ་བྱེད་མཆེ་གཤོག་ཕོ་ཉ་མོ༔ ཕྲ་མེན་བརྒྱད་ལ་ཕྱག༴ འགུག་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་མ་བཞི་ལ་ཕྱག༴ འཇིག་རྟེན་ཆ་ལུགས་


RTZ029_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མོ༔ དབང་ཕྱུག་མ་ལ་ཕྱག་འཚལ་ལོ༔ གཞན་ཡང་ཕྱོགས་བཅུ་དུས་བཞི་ཡི། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །ཡི་དམ་ཌཱ་ཀིའི་ཚོགས་བཅས་ལ། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །དངོས་དང་ཡིད་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །སྲིད་པ་མཐར་བྱས་དེ་སྲིད་དུ། །དཔལ་མགོན་བླ་མ་མཉེས་པར་བགྱི། །འཁོར་བ་ཐོག་མ་མེད་པ་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །རང་བཞིན་མཚན་མ་མ་དམིགས་པའི། །འོད་གསལ་གཉུག་མའི་ངང་དུ་བཤགས། །འཕགས་དང་སོ་སོ་སྐྱེ་བོ་ཡི། །རྣམ་དཀར་དགེ་བ་ཇི་སྙེད་པར། །མི་ཕྱེད་མཆོག་ཏུ་དང་བའི་བློས། །དགའ་ཞིང་རྗེས་སུ་ཡི་རང་ངོ་། །འགྲོ་བའི་སྒྲོན་མེ་ཐམས་ཅད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ལུང་དང་རྟོགས་པར་འབྲེལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཐོག་མར་སྐྱེ་བ་མ་མཆིས་པས། །མཐར་གྱིས་གང་དུ་འགག་པར་འགྱུར། །དེ་སླད་ཕྱོགས་བཅུའི་འདྲེན་པ་ཀུན། །རྟག་པ་རྒྱུན་དུ་བཞུགས་གསོལ་འདེབས། །དེ་ལྟར་


RTZ029_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ལས་བྱུང་བས་མཚོན། །བསོད་ནམས་ཇི་སྙེད་མཆིས་པ་ཀུན། །འཁོར་གསུམ་མཚན་མ་ལས་འདས་ངང་། །ཟག་མེད་ཆོས་དབྱིངས་ཆེན་པོར་བསྔོ། །བདག་གཞན་སྐྱེ་ཞིང་སྐྱེ་བ་ཀུན། །ཐེག་མཆོག་ལམ་བཟང་སྟོན་མཁས་པའི། །དཔལ་ལྡན་བླ་མའི་ཞབས་པདྨོ། །མཉེས་པ་གསུམ་གྱིས་བསྙེན་ནུས་ཤོག །དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་འཆི་བ་རྗེས་དྲན་ཞིང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །ལས་འབྲས་བླང་དོར་བརྩོན་པར་ཤོག །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །སྒྲིབ་སྦྱོང་ཚོགས་གཉིས་རྫོགས་བྱེད་པའི། །ཟབ་མོའི་རྣལ་འབྱོར་མཐར་ཕྱིན་ཤོག །ཁྱད་པར་མོས་གུས་བླ་མའི་ལམ། །རྟག་ཏུ་རྩེ་གཅིག་བསྒོམ་པ་དང་། ཁྱེད་ཤེས་དད་པས་གསོལ་བཏབ་མཐུས། །ཐུགས་རྒྱུད་བྱིན་རླབས་འཕོ་བར་ཤོག །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བཞི། །དབང་བཞིའི་བདུད་རྩིས་རབ་སྨིན་ཅིང་། །སྡོམ་པ་གསུམ་གྱི་བསླབ་བྱ་ལས། །ནམ་ཡང་ཉམས་མེད་སྲུང་ནུས་ཤོག །སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་


RTZ029_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དག །སྒྲར་གྲག་རྡོ་རྗེའི་སྔགས་སུ་རྫོགས། །རྟོག་ཚོགས་བདེ་སྟོང་ཟུང་འཇུག་པའི། །ཡེ་ཤེས་ཆེན་པོར་སྨིན་པར་ཤོག །འཁོར་དང་མྱ་ངན་འདས་པ་ཡི། །རུ་ཤན་ཕྱི་ནང་ལེགས་ཕྱེ་ནས། །སྒོ་གསུམ་རྣལ་དབབ་སོར་གཞུག་པའི། །སྔོན་འགྲོའི་ཉམས་ལེན་མཐར་ཕྱིན་ཤོག །ཀ་དག་མངོན་སུམ་རིག་པའི་ངང་། །ལྷུན་གྲུབ་སྣང་བཞིའི་རྣལ་འབྱོར་གྱིས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གྲོང་། །གདོད་མའི་བཙན་ས་ཟིན་པར་ཤོག །གཞན་ཡང་ཕྱི་ནང་མི་མཐུན་པའི། །འགལ་རྐྱེན་མཐའ་དག་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །ཆོས་མཐུན་བསམ་སྦྱོར་འགྲུབ་པར་ཤོག །བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས། །འགྲོ་རྣམས་གནས་སྐབས་མཐར་ཐུག་ཀུན། །ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །ཚེ་ཡི་མཐར་ཡང་རིག་འཛིན་དང་། །ཌཱ་ཀིའི་ཚོགས་ཀྱིས་མདུན་བདར་ནས། །དག་པའི་ཞིང་དུ་དབུགས་དབྱུང་ཞིང་། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །མདོར་ན་ས་བཅུ་ལམ་ལྔ་ཀུན། །བླ་མའི་


RTZ029_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་མྱུར་ཐོབ་ནས། །མི་གནས་མྱ་ངན་འདས་པའི་སར། །ཡིད་ཅན་རྒྱ་མཚོ་འགོད་པར་ཤོག །ཅེས་བླ་མ་ཡི་དམ་ལ་ཕྱག་འཚལ་ཡན་ལག་བདུན་པ་སྨོན་ལམ་བཅས་བྱ། གཉིས་པ་ལོངས་སྤྱོད་མཆོད་སྤྲིན་གྱི་སྒོ་ནས་བཤགས་པ་ནི། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་དག་ཅིང་གཙང་ལྡན་ཡེ་ཤེས་ཀྱི་རོལ་པ་མཁའ་ཁྱབ་ཏུ་འཆར་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་རིགས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པ་ཙམ་མམ། རྒྱས་པར་སྤྲོ་ན། མཆོད་རྫས་ཞེས་པའི་མལ་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་སོ་སོར་སྦྱར་བ་དང་། སྔགས་རྣམས་ཀྱང་སོ་སོར་ཕྲལ་ལ་འབུལ། གསུམ་པ་ངག་གི་སྒོ་ནས་


RTZ029_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་བཤགས་པ་ནི། ཨ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ དཔལ་ལྡན་བླ་མ་ཀུན་ཏུ་འཆང༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གིས་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ བདེ་ཆེན་རྡོ་རྗེའི་གོ་འཕང་བཀོད༔ ཚུར་འདུས་སྔགས་ལས་བདུད་རྩིའི་རྒྱུན༔ བྱང་ཆུབ་སེམས་ཀྱི་སྤྲིན་དུ་འཕྲོས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ དབང་དང་དངོས་གྲུབ་ཐོབ་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་ལས་མི་ཉུང་བ་བཟླ། མཇུག་ཏུ་བཤགས་སྡོམ་རྒྱས་པར་སྤྲོ་ན། ཨོཾ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །སོགས་རུ་ཏྲའི་སྨྲེ་བཤགས་བརྗོད། བསྡུ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་སྤྱི་ལྟར་རྗེས། བླ་མ་རྡོ་རྗེ་སེམས་དཔས་དགྱེས་བཞིན་འཛུམ་པ་དང་བཅས་


RTZ029_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་དག་པའི་གནང་བ་བྱིན་ནས་རང་ལ་ཐིམ་པས་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་བརྗོད་ཅིང་བསམ། བཞི་པ་ཡིད་ཀྱི་སྒོ་ནས་ལྟ་བས་བཤགས་པ་ལ་གཉིས། ཆོས་ཉིད་ཀློང་བཤགས་བྱ་བ་དང་དགོངས་པ་བསྐྱང་བའོ། །དང་པོ་ནི། གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ལས་འབྱུང་བ་ནི། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་པ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡིན༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔


RTZ029_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཡེ་གྲོལ་ཁོར་ཡུག་འདི༔ ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་སྒོམ་པ་མཐོལ་ལོ་བཤགས༔ ཆོས་དབྱིངས་བརྡལ་བའི་ཡོ་ལང་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིང་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ འཐོབ་བྱ་འཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང༔ ཁྱབ་བདལ་ནམ་མཁའི་ཁོར་ཡུག་ལ༔ དྲན་པས་བཟུང་དང་མ་བཟུང་མེད༔ དྲན་པའི་སྒྲོག་བཅིངས་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་ཀློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་ཀློད་མཐོལ་ལོ་བཤགས༔ རིས་མེད་སྟོང་པ་ནམ་མཁའི་སྲང༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་


RTZ029_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་འཁྲུལ་པའི་ལམ༔ རིག་རྩོལ་སྡུག་བཙིར་མཐོལ་ལོ་བཤགས༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་ཀློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང༔ སྨིག་རྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་བཤགས༔ མི་རྟོག་གནས་པའི་འཁོར་ཡུག་ངང༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ སྟོང་ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ་བཤགས༔ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱི་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ་བཤགས༔ ཐོས་བསམ་འབད་རྩོལ་སྒོམ་པ་དང༔ མི་སྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔


RTZ029_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ གཏོང་གཞིག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་ཀློད་ངོ་བལྟ་ལ་སོགས་དང༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལམ༔ བྱར་མེད་ཀ་དག་ཀློང་དུ་བཤགས༔ མ་བྱས་དགེ་ལ་རྗེས་ཡི་རང༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་བར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ གཉིས་པ་ནི། གྲུབ་ཆེན་མེ་ལོང་རྡོ་རྗེའི་སྙིང་ཐིག་སོགས་ལས་འབྱུང་བ་ནི། ཨ༔ འཁོར་འདས་དབྱེར་མེད་བྱང་ཆུབ་སེམས༔ གཞི་མེད་རྩ་བྲལ་རྫོགས་ཆེན་དོན༔ བརྗོད་བྲལ་བློ་འདས་ཆེན་པོ་ལ༔ ཉམས་དང་བཤགས་པའི་མཁན་པོ་མེད༔ ཡེ་སྲུང་ཐིག་ལེ་ཉག་གཅིག་པུ༔ སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ༔ རང་ཤར་ལྷུན་གྲུབ་ཆོས་ཉིད་སྐུ༔ དེ་ལྟར་རྟོགས་ན་བཤགས་པའི་རྒྱལ༔ ཞེས་ཐེག་མཆོག་རྫོགས་པ་ཆེན་པོའི་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞིའི་ངེས་དོན་གྱི་དགོངས་པ་བསྐྱང་ཞིང་། འཿཨཿཤཿསཿམཿཧ༔ ཞེས་རྡོ་རྗེའི་སྔགས་ཚིག་ཅི་རིགས་བཟླ། ལྔ་པ་ཐུན་མོང་ཉམས་ཆག་ཐམས་ཅད་བཤགས་པ་ནི། ཨོཾ༔ དུས་གསུམ་


RTZ029_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་པས་དམྱལ་བར་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔


RTZ029_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་བས་དམ་ཚིག་འདྲེས༔ གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་བཤགས༔ ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཞེས་སྤྱི་བཤགས་ཀྱི་ཐུན་མོང་དུ་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་པས་ཤིན་ཏུ་དག་པའི་ངེས་ཤེས་བསྐྱེད་དོ། །གཉིས་པ་སྐོང་གི་ཆོ་ག་ལ། སྨན་གཏོར་རཀྟ་མར་མེ་དང༔ རྨད་བྱུང་ཚོགས་ཀྱིས་སྐོང་བ་འོ༔ ཞེས་ལྔ་ལས་དང་པོ་བདུད་རྩི་སྨན་གྱིས་སྐོང་བ་ནི། ཨ༔ ཐ་མལ་རྟོག་པའི་བྷཉྫ་རུ༔ ལྷར་སྣང་ཕྱག་རྒྱའི་བདུད་རྩིས་གཏམས༔ སྣང་སྟོང་དབྱེར་མེད་དམ་ཚིག་གིས༔ སྐུ་ཡི་རྡོ་རྗེའི་ཐུགས་དམ་བསྐང༔ འགྲོ་འོང་རླུང་གི་བྷཉྫ་རུ༔ བཟླས་པ་སྔགས་ཀྱི་བདུད་རྩིས་གཏམས༔


RTZ029_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྟོང་དབྱེར་མེད་དམ་ཚིག་གིས༔ གསུང་གི་རྡོ་རྗེའི་ཐུགས་དམ་བསྐང༔ དྲན་བསམ་འཁྲུལ་པའི་བྷཉྫ་རུ༔ མ་འཁྲུལ་གཉུག་མའི་བདུད་རྩིས་གཏམས༔ རིག་སྟོང་དབྱེར་མེད་དམ་ཚིག་གིས༔ ཐུགས་ཀྱི་རྡོ་རྗེའི་ཐུགས་དམ་བསྐང༔ རང་སྣང་བདུད་རྩིའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་ཨ་མྲྀཏ་ཁཱ་ཧི༔ གཉིས་པ་དམར་ཆེན་རཀྟས་བསྐང་བ་ནི། ཨ༔ ལུས་ཁམས་རྩ་ཡི་ཀ་པཱ་ལར༔ བྱེད་རྩོལ་བསྒྲལ་པའི་རཀྟས་གཏམས༔ གསལ་སྟོང་ཆེན་པོའི་དམ་ཚིག་གིས༔ སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང༔ སྲོག་རྩོལ་རླུང་གི་ཀ་པཱ་ལར༔ འབྱུང་འཇུག་བསྒྲལ་པའི་རཀྟས་གཏམས༔ མི་ཤིགས་ནཱ་དའི་དམ་ཚིག་གིས༔ ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང༔ དཀར་དམར་ཐིག་ལེའི་ཀ་པཱ་ལར༔ འཕོ་ཆགས་བསྒྲལ་པའི་རཀྟས་གཏམས༔ བདེ་བ་ཆེན་པོའི་དམ་ཚིག་གིས༔ ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང༔ རང་གསལ་རཀྟའི་མཆོད་སྤྲིན་གྱིས༔ རྩ་གསུམ་


RTZ029_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་རཀྟ་ཁཱ་ཧི༔ གསུམ་པ་ལོངས་སྤྱོད་གཏོར་མས་བསྐང་བ་ནི། ཨ༔ ལུགས་འབྱུང་ཐིག་ལེའི་གཏོར་གཞོང་དུ༔ ཟག་བཅས་དགའ་བཞིའི་གཏོར་ཚོགས་བཤམས༔ བརྟུལ་ཞུགས་རོལ་པའི་དམ་ཚིག་གིས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ ལུགས་ལྡོག་ཐིག་ལེའི་གཏོར་གཞོང་དུ༔ ཟག་མེད་དགའ་བཞིའི་གཏོར་ཚོགས་བཤམས༔ ལྷན་ཅིག་སྐྱེས་པའི་དམ་ཚིག་གིས༔ ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང༔ མི་ཤིགས་ཐིག་ལེའི་གཏོར་གཞོང་དུ༔ བྱར་མེད་བློ་འདས་གཏོར་ཚོགས་བཤམས༔ བླ་མེད་མཆོག་གི་དམ་ཚིག་གིས༔ བླ་མ་རྒྱ་མཚོའི་ཐུགས་དམ་བསྐང༔ རང་བྱུང་གཏོར་མའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་བ་ལིཾ་ཏ་ཁཱ་ཧི༔ བཞི་པ་སྣང་གསལ་མར་མེས་བསྐང་བ་ནི། ཨ༔ ཀ་ཏི་ཤེལ་ཀྱི་ཀོང་བུ་རུ༔


RTZ029_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ཡེ་ཤེས་མར་མེ་སྦར༔ མངོན་སུམ་ཉམས་སྣང་དམ་ཚིག་གིས༔ གཞི་གྲོལ་སྤྲུལ་སྐུའི་ཐུགས་དམ་བསྐང༔ བརྡལ་ཁྱབ་འོད་ཀྱི་ཀོང་བུ་རུ༔ གསལ་བའི་ཡེ་ཤེས་མར་མེ་སྦར༔ ཚད་ཕེབས་ཆེན་པོའི་དམ་ཚིག་གིས༔ གཞི་སྣང་ལོངས་སྐུའི་ཐུགས་དམ་བསྐང༔ བྱ་རྩོལ་བྲལ་བའི་ཀོང་བུ་རུ༔ ཟུང་འཇུག་ཡེ་ཤེས་མར་མེ་སྦར༔ ཆོས་ཟད་གདོད་མའི་དམ་ཚིག་གིས༔ གཞི་དབྱིངས་ཆོས་སྐུའི་ཐུགས་དམ་བསྐང༔ རང་གྲོལ་མར་མེའི་མཆོད་སྤྲིན་གྱིས༔ རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ མ་ཧཱ་ཛྙཱ་ན་དཱི་པཾ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ དེ་ལྟར་དབང་བཞིའི་དམ་ཚིག་དང་འབྲེལ་བའི་སྐོང་བ་ཐུན་མོང་མ་ཡིན་པ་སོང་ནས། ལྔ་པ་རྨད་བྱུང་ཚོགས་ཀྱིས་སྐོང་བ་ནི། ཚོགས་དང་པོ་མཆོད་པའི་རྗེས་བཤགས་པ་སྤྲོ་ན། རིག་འཛིན་བརྒྱུད་པའི་བསྐང་བཤགས་ཌཱ་ཀིའི་ཐོལ་གླུའམ། གཞན་ཡང་རྩ་གསུམ་སྤྱི་སྐོང་སོགས་ཇི་ལྟར་རིགས་པ་བྱ། ཚོགས་ལ་རོལ་ཅིང་ལྷག་མ་བཏང་། གོང་གི་མར་མེའི་སྐོང་བའི་རྗེས་འབྲེལ་ལམ། སྐབས་འདིར་ཁྱད་པར་གྱི་སྨོན་ལམ་


RTZ029_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ་ནི། ཧོ༔ བརྡལ་ཁྱབ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ༔ རང་བཞིན་འོད་གསལ་རྡོ་རྗེ་སློབ་དཔོན་དང༔ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམས༔ བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་ཤོག༔ ངེས་འབྱུང་ཆེན་པོས་འཁོར་བའི་འཁྲུལ་པ་མཐོང༔ སྙིང་རྗེ་ཆེན་པོས་འགྲོ་ཀུན་ཕ་མར་རྟོགས༔ མོས་གུས་ཆེན་པོས་བླ་མའི་བྱིན་རླབས་ཞུགས༔ རྣལ་འབྱོར་ཆེན་པོའི་དམ་ཚིག་མཐར་ཕྱིན་ཤོག༔ ལྟ་བ་བྱར་མེད་གནས་ལུགས་མངོན་དུ་གྱུར༔ སྒོམ་པ་བློ་འདས་འོད་གསལ་ལྷུམས་སུ་ཞུགས༔ སྤྱོད་པ་རང་གྲོལ་ཁྱབ་བརྡལ་གཉུག་མའི་ངང༔ སྤང་ཐོབ་བྲལ་བའི་འབྲས་བུར་རོ་གཅིག་ཤོག༔ རིག་གདངས་ཆོས་ཉིད་མངོན་སུམ་ལྷུག་པར་མཐོང༔ རིག་རྩལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབས་སྐུ་དང་ཡེ་ཤེས་རྫོགས༔ རིག་སྟོང་ཆོས་ཟད་ཆེན་པོ་མངོན་གྱུར་ཤོག༔ གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན༔ འཆི་འཕོའི་རྟོག་པ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཆོས་ཉིད་རང་གདངས་ལོངས་སྤྱོད་རྫོགས་སྐུར་གྲོལ༔ སྲིད་པའི་འཁྲུལ་སྣང་སྤྲུལ་སྐུར་ལྷུན་རྫོགས་ཤོག༔


RTZ029_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མངོན་གྱུར་ནས༔ གཞི་སྣང་གཟུགས་སྐུའི་རྣམ་རོལ་མཐའ་ཀླས་ཀྱིས༔ ཁམས་གསུམ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ༔ རང་བཞིན་གདོད་མའི་དབྱིངས་སུ་སྒྲོལ་བར་ཤོག༔ ཅེས་གདུང་ཤུགས་དྲག་པོས་སྨོན་ལམ་རྩེ་གཅིག་ཏུ་གདབ། ཨོཾ༔ བཀྲ་ཤིས་གང་ཞིག་སོགས་ཤིས་བརྗོད་བྱ། དེ་ནས་གཏོར་མ་བསྐྱང་བ་ཕྱིན་ཆད་ཕྲིན་ལས་གཞུང་ལྟར་ཚང་བར་བྱས་པས་གྲུབ་བོ། །ངོ་མཚར་རྨད་བྱུང་ཐབས་ཆེན་འདིས། །སྔགས་ཀྱི་སྒོར་ཞུགས་རྣལ་འབྱོར་ཀུན། །རྒྱུད་དག་རང་རིག་ཐོག་མའི་མགོན། །སྒྲིབ་མེད་མངོན་སུམ་མཐོང་བར་ཤོག །ཅེས་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་ཕྱག་བཞེས་ཇི་བཞིན་པར་བློ་གྲོས་མཐའ་ཡས་པའི་སྡེས་རང་གཞན་ལ་ཕན་པའི་བློས་ནག་འགྲོས་སུ་བཀོད་པ་དགེ་ལེགས་འཕེལ།། །།


previousའཆི་མེད་འཕགས་མའི་སྙིང་ཐིག་ལས་བླ་སྒྲུབ་བྱིན་རླབས་སྙིང་པོའི་བཤགས་སྐོང་གི་ལག་ལེན་དང་འདོན་འགྲིགས་ཁྲིགས་སུ་བཀོད་པ། བློ་གྲོས་མཐའ་ཡས།next