Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ། བློ་གྲོས་མཐའ་ཡས།next

དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ། བློ་གྲོས་མཐའ་ཡས།


RTZ030_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །


RTZ030_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཉི་མའི་དབྱིངས་གཅིག་ལས། །ཕྲིན་ལས་སྒྲུབ་མཛད་རིགས་ཀྱི་གར། །ཅིར་ཡང་སྒྱུར་མཛད་བླ་མའི་ཞབས། །རང་རིག་ཉིད་དུ་རྟོགས་པས་འདུད། །རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཕྲིན་ལས་བྱེ་བྲག་པ་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བ་ལ། རྩ་བའི་དབང་གི་ཁོངས་སུ་གཏང་བའི་ཚེ་གཤོམ་དང་སྒྲུབ་ཚུལ་དེ་ཉིད་ཀྱི་ཡིག་ཆར་གསལ་བ་ལྟར་ལས་ཟུར་དུ་མི་དགོས་ཤིང་དབང་བསྐུར་དངོས་གཞི་གྲུབ་ནས་རྗེས་གནང་གི་སྐབས་སུ་བབས་པ་ན་འདི་དག་རིམ་པར་སྦྱར་དགོས་ལ། དམིགས་བསལ་དགོས་པ་དང་འབྲེལ་བས་ཁོལ་འདོན་བྱེད་ན་འཆད་འགྱུར་གསུམ་ཀ་ལ་བདག་བསྐྱེད་མཆོད་གཏོར་ལོགས་སུ་བཤམ། དང་པོ་རྡོ་རྗེ་བདུད་རྩིའི་ཁྲུས་དབང་ལ། སྟེགས་བུའི་དབུས་སུ་བུམ་པ་དྲི་བཟང་དང་གཞུང་གསལ་གྱི་རྫས་སྦྱར་བའི་ཆུས་བཀང་ཞིང་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་བཀོད། མདུན་དུ་སྨན་གཏོར་རཀྟ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། དུང་ཞལ་སོགས་ཉེར་མཁོ་འདུ་བྱས་ལ། བདག་བསྐྱེད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་བདུད་རྩིའི་ཕྲིན་ལས་བཟླས་པ་སྟོང་ཚིགས་བཅས་སྔོན་དུ་སོང་ནས། རིམ་པར་དབྱེ་བ་གཉིས་པས་གཞུང་བསྲང་། རྩ་བའི་ཕྲིན་ལས་ཀྱིས་ཁ་བསྐང་ནས་བྱ་སྟེ། མདུན་གྱི་མཆོད་གཏོར་བྱིན་བརླབ། བུམ་པར་ལྷ་བསྐྱེད་སྤྱན་འདྲེན། བཞུགས་བསྟིམ་དབང་བསྐུར་མཆོད་ཅིང་། བསྟོད་པ་བྱ། རྩ་སྙིང་དང་ལས་སྦྱོར་བཟླས་པ་བུངས་བསྐྱེད།


RTZ030_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་མཐར་ཡང་སྔགས་ཙམ་གྱིས་མཆོད་ཅིང་བསྟོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ། བུམ་ལྷ་འོད་ཞུ་བྱ། བསྒྲུབ་བྱ་ཁྲུས་ནས་དབྱུང་། སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པ། རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་པའི་མཐར་ཐུག་གི་སྨིན་བྱེད་ཀྱི་ཡན་ལག །དཔལ་རྡོ་རྗེ་བདུད་རྩི་འཁྱིལ་བ་ཞི་བ་རྡོ་རྗེ་ཆུའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་ལས་འབྱུང་བ། སྡིག་སྒྲིབ་ནད་གདོན་བགེགས་དང་བར་ཆད་གྲིབ་དང་མི་གཙང་བ་ཐམས་ཅད་སེལ་བ་ལ་ཤིན་ཏུ་བསྔགས་པ། བཅོམ་ལྡན་ཁྲོ་བོའི་དབང་པོ་བདུད་རྩི་འཁྱིལ་བའི་ཁྲུས་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གཤེགས་རྣམས་ནི་ཐམས་ཅད་ཀྱི༔ ཡེ་ཤེས་རྡོ་རྗེ་བདུད་རྩི་འཁྱིལ༔ སྒྲིབ་གཉིས་དྲི་མ་སྦྱོང་མཛད་ལྷ༔ བདག་ལ་ཡང་དག་ཉེ་བར་མཛོད༔ ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་ཚུལ་བཞིན་དུ་སྒོམ་པ་དང་བཅས་ཏེ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། སློབ་དཔོན་རྡོ་རྗེ་བདུད་རྩི་འཁྱིལ་བའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཆུང་མཚོན་ཆའི་ཆར་དང་མེ་ཕུང་འབར་བས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་


RTZ030_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་ཞིང་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་མོས་ཤིག །བདུག་པ་ཡུངས་ཐུན་དྲག་སྔགས་བརྗོད་ལ་བགེགས་བསྐྲད། སློབ་དཔོན་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་བདུད་རྩི་འཁྱིལ་བར་གསལ་བའི་ཕྱག་ན་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་ནས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་ཁྲུས་བྱས་པ་ལ་བརྟེན། ཚེ་ཐོག་མ་མེད་པ་ནས་བསགས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་བྱང་ཞིང་དག །གནས་སྐབས་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་ནད་གདོན་བགེགས་རིགས་གྲིབ་དང་མི་གཙང་བ་ཐམས་ཅད་སང་སང་བཀྲུས། མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་བཀྲ་ཤིས་བདེ་ལེགས་མཆོག་གི་དཔལ་དང་ལྡན་པར་གྱུར་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ རྡོ་རྗེ་རྟག་པའི་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ལུས་ཀྱི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ བཟླས་སྔགས་ཀྱི་མཐར། ཀཱ་ཡ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་བརྗོད་ལ་ཁྲུས་བྱ་ཞིང་འཐོར། བུམ་ཆུ་བླུད་པ་འོག་མ་རྣམས་ལའང་འགྲེ། ཁྲུས་ཁོལ་འདོན་སྐབས་སོགས་རྒྱས་པར་སྤྲོ་ན། ཀཱ་ཡ་སརྦ་རོ་ག་ཤུདྡྷེ་སོགས་སྤེལ་ཚིག་རྒྱས་པ་སྦྱོར་ཚུལ་ཁྲུས་ཀྱི་ཆོ་ག་སྤྱིའི་རིགས་འགྲེ་སྦྱར། བུམ་པ་


RTZ030_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བཞག་ལ། ཨཱ༔ རྡོ་རྗེ་གར་དབང་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ངག་གི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཝཱ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཁྲུས་དང་འཐོར་འཐུང་བྱ། བུམ་པ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་ཆུ༔ བདུད་རྩི་འཁྱིལ་བའི་རང་བཞིན་གྱིས༔ ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བགེགས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ གཟུངས་སྔགས་མཐར། ཙིཏྟ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཁྲུས་དང་འཐོར་འཐུང་བྱ། སྒྲོ་མདོངས་དང་བཅས་པའི་ཀུ་ཤ་ཐོགས་ལ། དག་བྱེད་རྟེན་འབྲེལ་རྫས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གནས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ། ནད་གདོན་གྲིབ་དང་མི་གཙང་བའི་རིགས་བཀྲུས་པས་མ་དག་པའི་ལྷག་མ་ཅི་མཆིས་པ་ཐམས་ཅད་སངས་ཀྱིས་བྱབས་པས་ལུས་ཤེལ་དཀར་གྱི་བུམ་པ་དྲི་མ་མེད་པ་ལྟར་གྱུར་པར་མོས་ཤིག །བྱབ་པའི་ཚུལ་བྱས་ལ། ཧཱུྃ༔ རྡོ་རྗེ་སྟོང་པ་ཉིད་དབྱིངས་ལས༔ བདེ་ཆེན་བདུད་རྩིའི་ཆུ་རྒྱུན་འབེབ༔ ཟུང་


RTZ030_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གཅིག་ཏུ་འཁྱིལ་བ་ཡི༔ ཡེ་ཤེས་སྒྱུ་མའི་འོད་ཟེར་གྱིས༔ བརྟན་གཡོའི་ཐ་མལ་སྣང་ཞེན་ལས༔ བྱུང་བའི་སྡིག་སྒྲིབ་བག་ཆགས་དང༔ ནད་གདོན་གྲིབ་དང་མི་གཙང་བ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཨ་པཱ་ན་ཡ་སྭཱ་ཧཱ༔ ཞེས་མང་དུ་བརྗོད། སྤྲོ་ན་སྤེལ་ཚིག་རྒྱས་པར་སྦྱོར་ཚུལ་གོང་གིས་འགྲེ །སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེའི་ཆར་ཕྲ་མོ་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་འོད་འབར་བས་གཡོགས། ཕྱིན་ཆད་བགེགས་དང་བར་ཆད་ཅིས་ཀྱང་མི་ཚུགས་པའི་གོ་ཆ་ཆེན་པོ་བགོས་པར་མོས་ཤིག །རྡོ་རྗེ་བསྣོལ་མ་གནས་བདུན་དུ་བཞག་ལ། ཧཱུྃ༔ སྟོང་པའི་གོ་ཆ་བླ་ན་མེད༔ རྡོ་རྗེ་བདུད་རྩི་འཁྱིལ་བ་ཡི༔ ཕྱག་རྒྱའི་གཟུགས་སུ་ཡོངས་ཤར་བས༔ སྒོ་གསུམ་མཚན་མའི་རྣམ་རྟོག་བསྲུང༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པ་རྣམས་ཀྱི་མཐར་བདེན་པའི་སྟོབས་བརྗོད་པ་ནི། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བར་མི་འགྱུར་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །


RTZ030_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཏིང་འཛིན་མི་བསླུ་ཞིང་། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས། །སྡིག་སྒྲིབ་ནད་གདོན་བགེགས་རྣམས་ལས། །དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་དང་ཤིས་བརྗོད་རྒྱས་པ། གང་སེར་མ་སོགས་སམ། བྱང་ཆུབ་སྙིང་པོར་གཤེགས་པ་སོགས་ཤློ་ཀ་ཁ་ཤས་བརྗོད་ལ་མེ་ཏོག་འཐོར། འདི་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་གཞུང་ལས། ཟླ་བ་གཟའ་ལས་གྲོལ་བ་བཞིན༔ ནད་གདོན་སྡིག་སྒྲིབ་གཡུལ་ལས་རྒྱལ༔ ཞི་དང་བཀྲ་ཤིས་བདེ་ལེགས་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པ་ལགས་སོ། །ཞེས་བརྗོད། དབང་ཆེན་གྱི་དཀྱུས་གཅིག་ཏུ་རྗེས་གནང་རྣམས་སྦྱོར་སྐབས་འདི་མཚམས་རྗེས་གནང་ཕྱི་མའི་མཎྜལ་ལ་འཇུག་པ་དང་། ཁོལ་འདོན་སྐབས་དབང་དང་ལས་བྱང་གི་མཇུག་བསྡུ་རྣམས་སྤྱི་འགྲེ་ལྟར་ཤེས་པར་བྱའོ།། ༈ །།གཉིས་པ་ཧཱུྃ་མཛད་བདུག་པའི་བྱིན་རླབས་ལ། མདུན་སྟེགས་ཀྱི་དབུས་སུ་ཐོད་པའི་སྣོད་དུ་གཞུང་གསལ་བསྒྲུབས་པའི་རྫས་བདུག་གི་རིལ་བུའམ་ཕྱེ་མ་བཀོད་པའི་མདུན་ཕྱི་ནང་གི་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། རིམ་པར་དབྱེ་བ་གསུམ་པས་གཞུང་བསྲང་། རྩ་བའི་ཕྲིན་ལས་ཀྱིས་ཁ་བསྐང་སྟེ་མཆོད་གཏོར་བྱིན་རླབས་ནས་མདུན་བསྐྱེད་སྒྲུབ་ཚུལ་སྔ་མས་རིགས་འགྲེ། བཟླས་པ་ཅི་


RTZ030_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་མཐར། ལྷ་འོད་དུ་ཞུ་ནས་རྫས་ལ་བསྟིམ། བརྟན་བྱེད་ཡེ་དྷར་བརྗོད་པ་བཅས་གྲུབ་ནས། བསྒྲུབ་བྱ་ལ་ཁྲུས་དང་སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པ། རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་པའི་མཐར་ཐུག་གི་སྨིན་བྱེད་ཀྱི་ཡན་ལག་དཔལ་རྡོ་རྗེ་བདུད་རྩི་ཧཱུྃ་ཀཱ་རའི་རྡོ་རྗེ་བདུག་པའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་ལས་འབྱུང་བ། སྒོ་གསུམ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོ་མ་རུངས་པའི་རིགས་ཐམས་ཅད་དང་། ནད་རིམས་གྲིབ་དང་མི་གཙང་བའི་དྲི་མ་མཐའ་དག་དྲག་ཤུལ་གྱི་མཐུ་སྟོབས་ཆེན་པོས་སྐད་ཅིག་ལ་སྐྲོད་པར་བྱེད་པ། རྡོ་རྗེ་བདུད་རྩི་ཧཱུྃ་མཛད་ཆེན་པོ་ལ་བསྟེན་པའི་བདུག་རྫས་ཀྱི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། གདོན་དང་བགེགས་དང་འབྱུང་པོ་དང༔ ནད་རིམས་གྲིབ་དང་མི་གཙང་བ༔ དྲག་ཤུལ་མཐུ་ཡིས་སྐྲོད་བྱེད་པ༔ རྡོ་རྗེ་ཧཱུྃ་གི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་གསུམ། དེས་དབང་གི་སྔོན་འགྲོ་མདོར་བསྡུས་པའི་ཚུལ་གྱིས་སོང་བས། དབང་དངོས་ལ་སྦྱོར་བ་མི་མཐུན་པ་སྦྱོང་བ་དང་། དངོས་གཞི་བྱིན་རླབས་


RTZ030_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་གཉིས་སུ་ཡོད་པ་ལས་དང་པོའི་སླད་དུ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་སྤྱི་བོ་རུ༔ པདྨ་ཉི་མ་འོད་འབར་དབུས༔ སོགས་རང་གཞུང་ལྟར་ལྷ་བསྐྱེད། ཡེ་ཤེས་པ་དྲངས། བཛྲ་ས་མཱ་ཛ༔འི་བར་བརྗོད། ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་གྱུར་པའི་ཁྲོ་རྒྱལ་ཧཱུྃ་མཛད་ཆེན་པོའི་དྲག་ཤུལ་གྱི་ང་རོས་བཀའ་བསྒོས་པར་གྱུར། བདུག་རྫས་དང་གུ་གུལ་སྦྱར་བ་བདུག་ལ། ཧཱུྃ༔ ང་ནི་རྡོ་རྗེ་ཧཱུྃ་ཀཱ་ར༔ འཇིག་རྟེན་འདི་ན་སུ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ སྡིག་སྒྲིབ་ནད་གདོན་བགེགས་རིགས་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ བྱེར་ཅིག་དེངས་ཤིག་གཞན་དུ་སོང༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཡུངས་དཀར་གྱིས་ཐུན་བྲབ། ལྟ་སྟངས་དང་དྲག་རོལ་བཅས་བཟླས་སྔགས་མཐར། སརྦ་པཱ་པཾ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཨཱ་བ་ར་ཎ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་གྲ་ཧ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་ཛྭ་ར་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ སརྦ་མ་ལ་ཨུ་ཙཊྚཱ་ཡ་ཧཱུྃ་ཕཊ༔ ཅེས་བཏགས་པ་དྲག་ཏུ་བརྗོད། རྡོ་རྗེ་བདུག་པའི་སྤྲིན་གྱི་ཕུང་པོ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སེར་རྒོད་འབབ་པ་ལྟར་འཕྲོས། ཁྱེད་རང་རྣམས་ལ་གནོད་ཅིང་བར་དུ་གཅོད་པའི་མི་མཐུན་


RTZ030_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པ་ཐམས་ཅད་ཚར་བཅད། ཕྱིན་ཆད་ནམ་དུའང་འཇུག་པའི་སྐབས་མེད་པ་ཡེ་ཤེས་རྡོ་རྗེའི་ཕྱག་རྒྱས་བསྲུང་བར་བྱས་པར་མོས་ཤིག །གཉིས་པ་དངོས་གཞིའི་བྱིན་གྱིས་རློབ་པའི་སླད་དུ། ཐུགས་ཀ་ནས་ལས་བྱེད་ཀྱི་ལྷ་མོ་རྡོ་རྗེ་སྙིང་པོ་མ་ནམ་མཁའ་གང་བ་སྤྲོས་པ་རྣམས་ཀྱིས་ལྷ་སྔགས་རྫས་ཀྱི་ནུས་པ་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་དུད་པས་བདུག་ཅིང་སྐུའི་དབང་བསྐུར་བས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། ལུས་ལ་གཟི་བརྗིད་བསྐྱེད། འགྱུར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་བརླབས་པར་མོས་ཤིག །བདུག་རྫས་དང་ཙནྡན་གུ་གུལ་སོགས་སྦྱར་བ་བདུག་ལ། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབ་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ སྐུ་ཡི་གཟི་བྱིན་ལུས་ལ་ཕོབ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས༔ བཛྲ་ཀཱ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་གི་གླུ་ལེན་པ་འོག་མ་གཉིས་ལའང་འགྲེ །ལས་བྱེད་ལྷ་མོ་རྣམས་ཀྱིས་རྫས་ཀྱི་བདུད་རྩི་ལྕེ་ལ་བཞག་ཅིང་གསུང་གི་དབང་བསྐུར་བས། ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། ངག་ལ་ནུས་པ་སྦར། འགག་མེད་རྡོ་རྗེའི་གསུང་དུ་བྱིན་གྱིས་བརླབས་པར་མོས་ཤིག །རྫས་བདུད་རྩི་དང་སྦྱར་བ་ཁར་བྱིན་ལ། ཧཱུྃ༔ རྡོ་རྗེ་བདུད་


RTZ030_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབས་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ གསུང་གི་ནུས་པ་ངག་ལ་སྦོར༔ ངག་གི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་གསུང་དུ་བྱིན་གྱིས་རློབས༔ བཛྲ་ཝཱ་ཀ་ཛྙཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལས་བྱེད་ཀྱི་ལྷ་མོ་རྣམས་ཀྱིས་དམ་ཚིག་གི་ཐིག་ལེ་སྙིང་གར་གདབ་ཅིང་ཐུགས་ཀྱི་དབང་བསྐུར་བས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། སེམས་ལ་རྟོགས་པ་བསྐྱེད། འཁྲུལ་མེད་རྡོ་རྗེའི་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །བདུད་རྩི་དང་སྦྱར་བའི་རྫས་ཀྱི་ཐིག་ལེ་སྙིང་གར་བཀོད་ལ། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ སྒྲུབ་ལ་བྱིན་གྱིས་རློབ་པའི་ཕྱིར༔ ཧཱུྃ་མཛད་ཁྲོ་བོ་ཆེན་པོར་བཞེངས༔ ཐུགས་ཀྱི་ཡེ་ཤེས་ཡིད་ལ་སྩོལ༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སོལ༔ རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས༔ བཛྲ་ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་རྡོ་རྗེའི་གསང་བ་གསུམ་གྱི་དབང་དང་བྱིན་རླབས་ཐོབ། སྤྱི་བོའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱང་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་གཏུམ་ཞིང་ཁྲོ་ལ་བཞད་པའི་ཉམས་ཅན།


RTZ030_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་གི་གཡས་གཡོན་དང་པོ་གཉིས་བགེགས་འདུལ་ཕྱག་རྒྱ་ཐུགས་ཀར་འཆིང་བ། བར་པས་མདའ་གཞུ་བཀང་བ། ཐ་མས་རང་འདྲ་བའི་ལྷ་མོ་མཱ་མ་ཀཱིའི་རྒྱབ་ནས་འཁྱུད་ཅིང་ནུ་མ་གཉིས་ལ་འཛིན་པ། ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད་པ། སྦྲུལ་དང་རུས་རྒྱན་སྟག་ཤམ་གྱིས་སྤྲས་ཤིང་ཞབས་གཉིས་པད་ཉི་ལྷ་ཆེན་ཕོ་མོའི་གདན་ལ་བགྲད་ཅིང་དྲག་པོའི་མེ་རབ་ཏུ་འབར་བའི་དབུས་ན་འགྱིང་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་འོད་འབར་བ་གསལ་ཐོབས། རྗེས་སུ་བཟླས་པའི་རྐྱེན་གྱིས་དེ་ལས་ལྷ་མོ་རྡོ་རྗེ་སྙིང་པོ་མ་མཐིང་ག །པདྨ་དང་བདུག་སྤོས་བསྣམས་པ་ནམ་མཁའ་གང་བ་སྤྲོས། འཕགས་པ་རྣམས་མཆོད་ཅིང་འགྲོ་བ་ཀུན་གྱི་སྒྲིབ་གཉིས་སྦྱངས། ནད་གདོན་བགེགས་ཚོགས་ཐམས་ཅད་རྒྱང་རིང་དུ་བསྐྲད་ནས། ཡེ་ཤེས་རྡོ་རྗེའི་གུར་ཁང་ཆེན་པོས་བསྲུངས། ལྷ་མོ་རྣམས་ཚུར་འདུས་ཏེ་རང་ལ་ཐིམ་པས་འཁོར་འདས་ཀྱི་བཅུད་དང་ནུས་སྟོབས་ཐམས་ཅད་བསྡུས་ཏེ་ཐིམ་པས་མཐུ་སྟོབས་ནུས་པའི་རྩལ་ཆེན་རྫོགས་པར་མོས་ལ་སྔགས་ཀྱི་རྗེས་ཟློས་མཛོད། ཧཱུྃ༔དང་ལས་སྔགས་རྗེས་ཟློས་ལན་གསུམ་བྱར་གཞུག །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་གཞུང་ལས། འདིས་ནི་སྡིག་སྒྲིབ་ཐམས་ཅད་སྲེག༔


RTZ030_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྣང་བ་རྒྱུད་ལ་འཆར༔ ནད་དང་རིམས་ཀྱིས་འཚེ་མི་ནུས༔ གདོན་བགེགས་འབྱུང་པོ་ཚར་གཅོད་ཅིང༔ རྡོ་རྗེའི་གོ་ཆ་ཆེན་པོར་འགྱུར༔ དེ་ཕྱིར་གསང་ཆེན་སྒྲུབ་པ་ཡི༔ ལམ་གྱི་གེགས་སེལ་ཡང་དག་གོ༔ ཞེས་གསུངས་པས་མཚོན་ནོ། །ཤིས་བརྗོད་བྱས་ལ། རྗེས་གནང་ཕྱི་མར་འཇུག་པའམ་དབང་དང་ལས་བྱང་གི་རྗེས་བསྡུ་གོང་དུ་སྨོས་པ་ལྟར་བྱའོ།། ༈ །།གསུམ་པ་དབང་བྱེད་མཱ་མ་ཀཱིའི་བྱིན་བརླབས་ལ། མདུན་སྟེགས་ཀྱི་སྟེང་དུ་ཐོད་སྣོད་བཟང་པོར་ཚུལ་བཞིན་བསྒྲུབས་པའི་མ་ད་ན་བཀོད། ཕྱི་ནང་གི་མཆོད་གཏོར། ཞུན་མར་སིནྡྷུ་ར་རྣམས་ཀྱང་བསྡོགས། བདག་བསྐྱེད་སྔོན་དུ་སོང་ནས། རྩ་བའི་ཕྲིན་ལས་དང་རིམ་དབྱེ་བཞི་པ་སྦྱར་ལ་བྱ་སྟེ། མཆོད་གཏོར་བྱིན་རླབས། མདུན་རྟེན་བདུད་རྩི་རྩ་བའི་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་དང་བཅས་པ་སླར་ཡང་བྱས་ལ། ཐུགས་དམ་བསྐུལ་བས་བདུད་རྩི་མཱ་མ་ཀཱིར་ཞལ་བསྒྱུར་ཏེ་འཕྲོ་འདུའི་ཏིང་འཛིན་དང་ཛཔ྄་བཟླས་བྱ། ཚོགས་མཆོད་འབུལ། ཕུར་གདབ་དང་བྱིན་འབེབ་འདི་ཉིད་ཆེད་དུ་སྒྲུབ་པའི་སྐབས་སུ་དགོས་ཀྱི་དབང་སྒྲུབ་ཙམ་ལ་མ་འགྲུབ་ཀྱང་ཆོག །ལྷ་མོ་བདུད་རྩིར་བསྒྱུར། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་གདབ་ལ། འདིར་སྐབས་སུ་བབས་པ། རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་པའི་མཐར་


RTZ030_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་གི་སྨིན་བྱེད་ཀྱི་ཡན་ལག །དཔལ་རྡོ་རྗེ་བདུད་རྩི་མཱ་མ་ཀཱི་མ་ད་ནའི་ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་ལས་འབྱུང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་ཡེ་ཤེས་ཐམས་ཅད་དབང་དུ་བྱེད་པ། རིན་ཆེན་བདུད་རྩི་མཱ་མ་ཀཱིའི་རྫས་ལ་བརྟེན་པའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཐམས་ཅད་དབང་བྱེད་པ༔ མ་ད་ན་ཡི་སྦྱོར་བ་ནི༔ རིན་ཆེན་མཱ་ཀཱིའི་བྱིན་རླབས་སྩོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདོན་སྒོམ་འབྲེལ་བའི་དམིགས་པ་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས། དབང་གི་གཞི་དགོད་པ་ལ་ཁྱེད་རང་རྣམས་དམ་ཚིག་གི་ཕྱག་རྒྱ་འདི་བཞིན་དུ་གསལ་ཐོབ་མཛོད། སྟོང་པའི་ངང་ལས་སྐད་ཅིག་གིས༔ རིན་ཆེན་བདུད་རྩི་མཱ་མ་ཀཱི༔ སོགས་རང་གཞུང་ལྟར་ལ། བདུད་རྩིའི་རྒྱ་མཚོའི་ཀློང་ན་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་ཐིམ་པར་གྱུར༔ སྤོས་དང་རོལ་མོ་དབྱངས་བཅས། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ སྔོན་གྱི་ཐུགས་དམ་རྗེས་སུ་དགོངས༔ འཁོར་འདས་དྭངས་བཅུད་དབབ་ཏུ་གསོལ༔ ཨོཾ་བཛྲ་ཨ་མྲྀཏ་མ་ཧཱ་སུ་ཁ་ཛྙཱ་ན་ལོ་ཀ་ར་སཱ་ཡཱ་ན་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་སྔགས་བཅས་བརྗོད་ལ་ཡེ་ཤེས་པ་དབབ། ཏིཥྛ་


RTZ030_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲས་བརྟན། མ་ད་ནའི་སྣོད་སྤྱི་བོར་བཞག་ལ། གྲུབ་པའི་དམ་ཚིག་ཆེན་པོའི་རྫས་ཉིད་རིན་ཆེན་བདུད་རྩི་མཱ་མ་ཀཱི་དངོས་སུ་གསལ་བ་སྤྱི་བོར་བཞག་པས་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ལུས་སྣང་སྟོང་འཆི་མེད་རྡོ་རྗེའི་སྐུར་གྱུར་པར་མོས་ཤིག །ཨོཾ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ གཟི་བརྗིད་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཀཱ་ཡ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨོཾ༔ སྣོད་མགྲིན་པར་བཞག་ཅིང་མ་ད་ན་ཁར་སྦྱིན་ལ། རིན་ཆེན་བདུད་རྩི་མཱ་མ་ཀཱི་འོད་དུ་ཞུ་ནས་གྲུབ་པའི་དམ་ཚིག་གི་བདུད་རྩིར་གྱུར་པ་མགྲིན་པར་བཞག་ཅིང་ལྕེ་ལ་བྱིན་པས་བདུད་རྩིས་རྩ་གནས་ཐམས་ཅད་ལ་ཁྱབ། ངག་གྲགས་སྟོང་གཞོམ་མེད་རྡོ་རྗེའི་གསུང་དུ་གྱུར་པར་མོས་ཤིག །ཨཱ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ སྲོག་གི་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཝཱ་ཀ་ཛྙཱ་ན་ས་མ་ཡ་ཨ་ཨཱ༔ མ་ད་ན་དང་སིནྡྷུ་ར་ཞུན་མར་རྣམས་སྦྱར་བ་སྙིང་གར་བཞག་ཅིང་བཀུ་མཉེ་བྱས་ལ། ལྷ་ཉིད་གྲུབ་པའི་དམ་རྫས་ཀྱི་རྣམ་པར་གྱུར་པ་སྙིང་གར་


RTZ030_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཅིང་བཀུ་མཉེ་བྱས་པས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འབར། ཡིད་རིག་སྟོང་འོད་གསལ་ཐུགས་རྡོ་རྗེ་མངོན་དུ་གྱུར་པར་མོས་ཤིག །ཧཱུྃ༔ ཇི་སྙེད་འཁོར་འདས་ཐམས་ཅད་ཀྱི༔ ཡེ་ཤེས་དྭངས་མ་འདུས་པའི་བཅུད༔ རྡོ་རྗེ་བདུད་རྩི་མཱ་མ་ཀཱིའི༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མྲྀཏ་མཱ་མ་ཀཱི་མ་ཧཱ་སུ་ཁ་མ་ད་ན་ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ་ཧཱུྃ་ཧཱུྃ་ཧཱུྃ༔ མེ་ཏོག་འཐོར་ལ་ཤིས་བརྗོད་ཅི་ལྟར་འོས་པ་བྱ། དེ་དག་གིས་རིན་ཆེན་བདུད་རྩི་མཱ་མ་ཀཱིའི་རྫས་ཀྱི་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས་ཕྱིན་ཆད་དམ་ཚིག་གི་རྫས་ཆེན་པོ་འདི་ཚུལ་བཞིན་དུ་བསྒྲུབ་ཅིང་འདིའི་ལས་ཀྱི་སྦྱོར་བ་སྤྱི་དང་། ཁྱད་པར་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཞིང་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་བྱེད་པ་དཔའ་བོ་དཔའ་མོའི་སྟོན་མོ་གཞུང་ནས་ཇི་སྐད་གསུངས་པ་རྣམས་ཚུལ་བཞིན་ལག་ཏུ་ལེན་པ་གལ་ཆེའོ། །དབང་བསྐུར་ཐོབ་པའི་ཕན་ཡོན་ཀྱང་གཞུང་ལས། དབང་འདི་ལན་གཅིག་ཐོབ་པས་ཀྱང༔ རྩ་བ་ཡན་ལག་ཉམས་ཆག་འདག༔ འཁོར་འདས་ཡེ་ཤེས་དབང་དུ་འདུ༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ དེ་ཕྱིར་གསང་མཆོག་སྤྱོད་པ་ཡི༔ ལམ་གྱི་བོགས་འདོན་ཡང་དག་གོ༔ ཞེས་གསུངས་པ་ལགས་སོ། །དེ་ནས་དབང་དཀྱུས་གཅིག་ཏུ་བསྐུར་བའི་ཚེ་


RTZ030_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་དབང་ལ་འཇུག་ཅིང་། ཁོལ་འདོན་སྐབས་དབང་རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དང་། ཕྲིན་ལས་ཀྱི་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ཕྱིན་ཆད་ཀྱང་སྤྱི་དང་མཐུན་པར་བྱའོ། །ཉེར་མཁོའི་ཕྲིན་ལས་སྒྲུབ་པ་ལ། །མེད་ཐབས་མེད་པའི་གདམས་ཟབ་ཀྱི། །སྨིན་བྱེད་ལག་ལེན་རྣམ་གསལ་འདིས། །སྐལ་བཟང་སྐྱེ་བོའི་འདོད་འཇོར་ཤོག །ཅེས་གཏེར་ཆེན་བླ་མ་རིན་པོ་ཆེས་གསུང་གི་རྗེས་སུ་གནང་བ་ལྟར་རྗེ་ཉིིད་ཀྱི་ཕྱག་བཞེས་གཙང་མ་ལ་འཕྲི་བསྣན་མེད་པའི་བཀླག་ཆོག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousདཔལ་རྡོ་རྗེ་བདུད་རྩིའི་ཡན་ལག་ལས་སྒྲུབ་པའི་ལྷ་གསུམ་གྱི་བྱིན་རླབས་བྱ་བའི་ཚུལ་བཀླག་ཆོག་ཏུ་བཀོད་པ། བློ་གྲོས་མཐའ་ཡས།next