Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད། པདྨ་ཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད། པདྨ་ཕྲིན་ལས།next

ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད། པདྨ་ཕྲིན་ལས།


RTZ030_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


RTZ030_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་མཱ་ར་དེ་ཝ་སྱ་མཎྜ་ལེ་བྷྱཿ འཆི་མེད་གྲུབ་དབང་པདྨཱཀ་ར་དང་། །འཆི་མེད་དཀྱིལ་འཁོར་ལྷ་ལ་གུས་བཏུད་ནས། །འཆི་མེད་རིག་འཛིན་བསྙེན་ཅིང་སྒྲུབ་པའི་ཐབས། །འཆི་མེད་བདུད་རྩིའི་གཏེར་མཛོད་འདིར་བཤད་བྱ། །དེ་ལ་འདིར་རིག་འཛིན་ལེགས་ལྡན་རྗེའི་ཟབ་གཏེར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་རེག་ཟིག་མདོ་ཙམ་འབྲི་བ་ལ་སྤྱི་དོན་གསུམ་ལས། སྤྱིར་སྒྲུབ་སྐོར་འདི་ཉིད་ན་བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི་པ་ཨོ་རྒྱན་ཆེན་པོའི་རང་འགྱུར་དང་། པཎྜི་ཏ་བི་ཤྭ་མི་ཏྲ་དང་ལོ་ཙཱ་བ་འཇིག་གསལ་འབར་གྱིས་བསྒྱུར་བ་བཀའ་གཏེར་གཉིས་མཐུན་པའི་རྒྱུད་དོན་ལྟར་གུ་རུ་པདྨས་བདུད་རྩི་འཁྱིལ་བའི་སྐོར་གྱི་སྒྲུབ་ཐབས་རྒྱས་པར་མཛད་པ་ལས། རྒྱུད་དོན་རྣལ་འབྱོར་རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོ་དང་། རྒྱུན་ཁྱེར་གཉིས་པ་བདུད་རྩིའི་ཆུ་རྒྱུན་གཉིས་ཀྱི་ཉམས་ལེན་ཁྱེར་བདེ་བ་དང་། ཚོམ་བུ་ཚོགས་སྒྲུབ་ཆེན་པོ་སྒྲུབ་ཁོག་དངོས་གྲུབ་རྒྱ་མཚོའི་སྒོ་ནས་རྒྱས་པར་བཤད་པ་ལས། བསྡུ་ན་རྒྱུན་ཁྱེར་གཉིས་ཇི་ལྟ་བར་ཉམས་སུ་བླངས་པས་འཐུས་མོད་ཀྱང་། འདིར་སྤྲོས་བཅས་རྒྱས་པའི་དབང་དུ་བཤད་པ་ལ་དོན་གསུམ་གྱི། སྤྱི་དོན་དང་པོ་སྦྱོར་བ་ནི། སྤྲོ་ན་སྒྲུབ་ཁོག་ལྟར་ས་སློང་བཟུང་སྦྱང་བ་དང་། ལྷ་དང་བུམ་པ་སྟ་གོན། དབང་དང་འབྲེལ་ན་སློབ་མ་ལྷག་གནས་


RTZ030_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཉིན་དང་པོའི་བྱ་བ་དང་། ཉིན་གཉིས་པར་ཕྱི་མཚམས་རྒྱལ་ཐོ་གཟུག་པ། བར་མཚམས་དམ་སྲི་མནན་ཅིང་སྒོ་བྱང་གདག་པ། ནང་མཚམས་ཁྲོ་བཅུའི་ཕུར་གདབ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཡེ་ཤེས་དང་ལས་ཀྱི་ཐིག་གདབ་པ། ཚོན་ལྔ་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་བྲི་བ། ཉུལ་ལེ་སྐྲོད་ཅིང་ངོ་མཚར་བསྟོད་པ་བྱ་བ། སྒྲུབ་རྫས་དང་རྒྱན་བཀོད་པ། དབང་དུས་བསྲེ་བསྣན་དང་སྒྲུབ་ལུང་སྟེར་བ། སྒྲུབ་ཆེན་དང་འབྲེལ་ན་མངའ་གསོལ། རྟགས་གདབ་པ། ཞལ་བཀོད་བསླབ་བྱ་རྣམས་བྱའོ། །བསྡུ་ན་ཁོ་བོས་བྱས་པའི་ས་ཆོག་སྟ་གོན་ཟུར་བཀོལ་ལྟར་བགྱིས་པས་འཐུས་ཤིང་། སྒྲུབ་རྫས་བཀོད་ཚུལ་རྒྱས་བསྡུས་གང་བྱེད་ཀྱི་ཕྲ་ཞིབ་རྣམས་སྒྲུབ་ཁོག་ཏུ་བལྟའོ། །དཀྱིལ་འཁོར་བྲི་བའི་སྐབས་འདིར་ལས་བྱང་དངོས་གྲུབ་ཆར་འབེབ་ཀྱི་མངོན་རྟོགས་སྐབས་ལས། ཆོས་སྐུ་འགྱུར་མེད་ལྟེ་བ་ཟླུམ་པོའི་ཕྱིར༔ རྣམ་ཤེས་ཚོགས་བརྒྱད་རྣམ་དག་པད་འདབ་བརྒྱད༔ ལྷུན་གྲུབ་ཡེ་ཤེས་འོད་ལྔའི་ར་བས་བསྐོར༔ ཞེས་པ་ལྟར་ན་ལྟེ་བའི་པད་འདབ་ཀྱི་ཕྱིར་འོད་ལྔའི་མུ་ཁྱུད་དགོས་པ་འདྲ་ཡང་སྒྲུབ་ཁོག་ལས། ལྟེ་བར་ཚོན་ལྔའི་མུ་ཁྱུད་ལ་དབུས་མཐིང་ག༔ དེའི་ཕྱིར་པད་འདབ་མཛེས་ཚོན༔ ཞེས་


RTZ030_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ཁོ་བོས་བྱས་པའི་ཕྱག་ལེན་ཟིན་བྲིས་དངོས་གྲུབ་ཀུན་འབྱུང་དུ་བྲིས་ཡོད་པ་ལྟར་བྱ་བ་གཅེས་སོ། །སྤྱི་དོན་གཉིས་པ་དངོས་གཞི་ནི། ཕྱག་ལེན་ལྟར་སྔོན་འགྲོ་ཆོས་སྤྱོད་ལམ་རིམ་ལྔ་པ་དང་། སྤྲོ་ན་འཆི་ཟློག་གི་སྔོན་འགྲོའི་ལྷན་ཐབས་རིན་ཆེན་ཕྲེང་བ་ལྟར་མགྲོན་བཞིར་ཆབ་གཏོར་གཏང་། བསྡུ་ན་བགེགས་གཏོར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཏེ་ལས་གཞུང་དངོས་ལ་འཇུག་གོ །འཛབ་བཟླས་ཀྱི་སྐབས་སུ་ལས་གཞུང་ལས་སྤྱི་འཛབ་དང་སྒོས་འཛབ་གཉིས་སུ་གསུངས་པས་སྐབས་འདིར་སྤྱི་འཛབ་དྲིལ་འཛབ་གལ་ཆེ་ཞིང་། དེ་ཡང་ལས་བྱང་ལས། ཧྲཱིཿཧཱུྃ༔ བདག་ཉིད་ཚེ་བདག་ཐུགས་ཀ་རུ༔ པདྨ་དམར་པོ་འདབ་བརྒྱད་དབུས༔ འོད་ལྔའི་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་ཉི་ཟླའི་ག་འུའི་དབུས༔ དྭངས་མའི་ཐིག་ལེ་ལྔ་ལྡན་ཀློང༔ འགྲོ་བའི་སྲོག་ཡིག་ནྲྀ་ཡིག་གི༔ ལྟེ་བར་མི་འགྱུར་ཨོཾ་གསེར་མདོག༔ ཡུམ་གྱི་ཐུགས་ཀར་ལཱཾ་སེར་ལ༔ འདྲེན་སྲོག་སྔགས་ཀྱི་འཕྲོ་འདུ་གསལ༔ ཡར་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ༔ ཕར་འཕྲོས་ཕྱོགས་བཅུའི་རྒྱལ་སྲས་མཆོད༔ མར་འཕྲོས་འགྲོ་དྲུག་སྒྲིབ་སྦྱངས་བཀོད༔ ཚུར་འདུས་དུས་གསུམ་རྒྱལ་བས་དང༔ སྣོད་བཅུད་དྭངས་མ་གནས་ལྔར་ཐིམ༔ དབང་དང་དངོས་གྲུབ་བསྩལ་དུ་


RTZ030_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཞེས་གསུངས་པ་འདི་བཟླས་དམིགས་དངོས་གཞི་ཡིན་ཞིང་། བདག་མདུན་བུམ་གསུམ་དབྱེར་མེད། ཞུགས་སྒྲུབ། བདག་རྫོགས། མེ་ལོང་གི་གཟུགས་བརྙན་ལྟར་ཚིག་གཅིག་གིས་བདག་མདུན་བུམ་གསུམ་ཐ་དད་དུ་བསྒོམས་པའི་གྱེར་སྒོམ་སོགས་རྣལ་འབྱོར་པའི་བློ་ཆེ་ཆུང་དང་བསྟུན་ནས་ཉམས་སུ་ལེན་པ་སྤྱི་ལྟར་དང་། སྒྲུབ་ཆེན་དུས་སུ་སྒྲུབ་ཁོག་གི་བུམ་པ་སྟ་གོན་སྐབས་ལས། བྷྲཱུྃ་ལས་རིན་ཆེན་བུམ་པ་ཉིད༔ གང་སྒྲུབ་ལྷ་ཡི་གཞལ་ཡས་ཁང༔ མཚན་ཉིད་རྫོགས་པ་བསྒོམས་པའི་ནང༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ གཙོ་འཁོར་ས་བོན་ཞུ་བ་ལས༔ གང་སྒྲུབ་ལྷ་ཚོགས་གསལ་བར་བསྐྱེད༔ དེ་ཡི་ཐུགས་ཀའི་འོད་ཟེར་འཕྲོས༔ མཆོད་མཉེས་སྒྲིབ་སྦྱངས་སླར་འདུས་པས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ལ༔ ལས་གཞུང་ལྟར་དུ་མཆོད་བསྟོད་བྱའོ༔ ཞེས་གསུངས་ཤིང་། ཇི་ལྟར་སྒྲུབ་ཚུལ་ནི། དེ་ཉིད་ལས། ལས་བྱང་ཚར་གཅིག་གྱེར་བྱས་ལ༔ ཏིང་འཛིན་མཚམས་སུ་བུམ་པ་བསྒྲུབ༔ ཅེས་ལས་གཞུང་གི་སྔོན་འགྲོའི་ས་བཅད་རྒྱས་པ་བཤགས་པ་ཡན་གྲུབ་ནས། དངོས་གཞིའི་ཏིང་འཛིན་རྣམ་གསུམ་གྱི་གོང་དུ་


RTZ030_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་དང་། ལས་བུམ་རྟ་མགྲིན་བསྐྱེད་བཟླས་སོགས་ཀྱང་དེའི་འཕྲོས་ལས་བཤད་པ་ལྟར་དང་། འདིར་ནི་གོང་དུ་བཤད་པ་ལྟར་རོ། །ལས་བྱང་གི་འཛབ་ཀྱི་སྐབས་ལས། དབང་རྫས་བུམ་པའི་ནང་དུ་ཞི་བའི་ལྷ་ཚོགས་ཀྱི་ཐུགས་ཀར༔ ཉི་ཟླའི་གའུའི་ནང་དུ་རང་རང་གི་ས་བོན་འབྲུ་རེ་རེ་དང༔ ཚེ་ཟན་རྣམས་ཀྱི་སྟེང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་རྟ་མགྲིན་རིགས་ལྔ༔ གཙོ་བོ་ལ་གསང་ཡུམ་བཞི༔ རིགས་བཞི་ལ་རང་རང་ཡུམ་བཞི་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་ཧྲཱིཿརིགས་ལྔ་དང་མ་ཧ་རི་ནི་ས་གནས་པ་ལས་འོད་ཟེར་གྱི་སྤྲོ་བསྡུ་བྱ་ཞིང་དྲིལ་འཛབ་བམ་རང་རྐྱང་ནས་བྱའོ༔ ཞེས་གསུངས་པས། གོང་དུ་ལས་བྱང་གི་མངོན་རྟོགས་སྐབས་བདག་མདུན་བུམ་གསུམ་གྱེར་སྒོམ་ལྟར་ཉམས་སུ་ལེན་ན། བདག་མདུན་གཉིས་མེ་རི་འདབས་འབྲེལ་དང་། རིན་པོ་ཆེའི་བུམ་པ་ལྔའི་དབུས་ཀྱི་བུམ་པར་གཙོ་བོ་ཡབ་ཡུམ། ཤར་བུམ་ལ་རྡོར་སེམས་ཡབ་ཡུམ། ལྷོ་བུམ་ལ་རིན་འབྱུང་ཡབ་ཡུམ། ནུབ་བུམ་ལ་སྣང་མཐའ་ཡབ་ཡུམ། བྱང་བུམ་ལ་དོན་གྲུབ་ཡབ་ཡུམ་རྣམས་བསྒོམ་ཞིང་། རྣམ་བུམ་གཅིག་ཏུ་བྱེད་ན་བུམ་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་བསྒོམ། དབང་དང་སྒྲུབ་ཆེན་དུས་ལས་བུམ་ཡོད་ན་སྒྲུབ་ཁོག་ལྟར་རྟ་མགྲིན་བསྐྱེད་བཟླས་སྒྲུབ་ཁོག་གི་བུམ་


RTZ030_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟ་གོན་ལྟར་བྱ། ཟན་བུམ་ལྔ་ཡོད་ན་དབུས་མར་བུམ་ནང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་རྟ་མགྲིན་ལས་བྱང་ལས་བཤད་པ་ལྟར་དམར་པོ། ཞལ་གསུམ་གཡོན།་་་མཐིང་གཡས།་་་དཀར་དབུས།་་་དམར་བ། ཕྱག་བཞི་པ། རྩིབས་བཞི་ལ་ཤར་དུ་རྒྱས་འདེབས་མི་ཕམ་མ་དཀར་མོ་ལྕགས་ཀྱུ། ལྷོར་ཟ་བྱེད་ཁྲོ་གཉེར་མ་ཞགས་པ། ནུབ་ཏུ་རྨོངས་བྱེད་རལ་གཅིག་མ་དམར་མོ་ལྕགས་སྒྲོག །བྱང་དུ་རོ་ལངས་ཚེ་དཔལ་མ་ལྗང་ཁུ་དྲིལ་བུ་ཐོགས་པ་དང་སྦྱོར་བ། ཟན་བུམ་གཞན་བཞིར་རྟ་མགྲིན་རིགས་བཞི་ནི་ཞལ་ཕྱག་གཞན་གཙོ་བོ་དང་འདྲ་བ་ལ། སྐུ་མདོག་མཐིང་། སེར། དམར། ལྗང་བ་བཞིའི་དབུས་དང་ཤར་གཉིས་ཞལ་མདོག་འདྲ་ཡང་སྐུ་མདོག་ཤར་མཐིང་ག །ལྷོར་དབུས།་་་སེར་གཡས།་་་དཀར་གཡོན།་་་དམར་བའི་ཞལ་དང་སྐུ་མདོག་སེར་པོ། ནུབ་ཏུ་དབུས།་་་དམར་གཡས།་་་མཐིང་གཡོན།་་་དཀར་བའི་ཞལ་དང་སྐུ་མདོག་དམར་པོ། །བྱང་དུ་དབུས།་་་ལྗང་གཡས།་་་དཀར་གཡོན།་་་དམར་བའི་ཞལ་དང་སྐུ་མདོག་ལྗང་གུ །རང་ཡུམ་བཞི་མཐིང་སེར་དམར་ལྗང་གྲི་ཐོད་འཛིན་པ་དང་སྦྱོར་བ། དེ་རྣམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་གཙོ་བོ་ལ་ཧྲཱིཿདམར་རིགས་བཞིར་ཧྲཱིཿམཐིང་སེར་དམར་ལྗང་། གཙོ་བོའི་ཡུམ་བཞི་པོར་ཐུགས་སྲོག་མ་དམར་པོ་དང་རིགས་བཞིའི་ཡུམ་ལ་ཧ་རི་ནི་ས་མཐིང་སེར་དཀར་ལྗང་


RTZ030_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གསལ་འདེབས། ཟན་བུམ་གཅིག་ཏུ་བསྡུ་ན་གཙོ་བོའི་ཕྱོགས་བཞིར་གསང་ཡུམ་བཞི་དང་། རྩིབས་བཞིར་རིགས་བཞི་བསྒོམ། བདག་མདུན་བུམ་གསུམ་གྱི་གཙོ་བོའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཡེ་ཤེས་འོད་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་དབུས་ར་དང་ལྟེ་བ་མཐིང་། ཤར་གྱི་རྭ་གཉིས་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དེའི་ལྟེ་བར་ཟླ་བ་སྟེང་དང་ཉི་མ་འོག་ཏུ་བྱས་པའི་གའུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་སྟེང་འོག་མཚན་པ། གའུའི་ནང་དུ་དྭངས་མའི་སྲོག་གི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་འཕྲོ་བའི་དབུས་སུ་རང་གི་སྲོག་ཡིག་ནྲྀ་དམར་ལྗང་གི་ན་མིག་ནང་དུ་གཙོ་བོའི་ཐུགས་སྲོག་ཨོཾ་སེར་པོ། ཐིག་ལེ་ལྔ་ལྡན་གྱི་ཕྱིར་ནང་སྐོར་དུ་ཛི་ན་ཛིཀ྄་སེར་པོ་དང་། ཕྱི་སྐོར་ལ་ཨོཾ་ཨཱཿཧཱུྃ་ཨཱ་ཡུརྫྙཱ་ན་པུཎྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་གི་སྔགས་ཕྲེང་ཁ་དོག་དམར་པོས་བསྐོར་བ། ཡུམ་གྱི་ཐུགས་ཀར་ཟླ་གདན་ལ་ལཱཾ་སེར་པོ་ལ་དྭེ་ཥ་རཱ་ཏཱི་སཏྭཾ་ཞེས་པས་བསྐོར་བ། དེ་བཞིན་དུ་ཤར་གྱི་རྡོར་སེམས་ཀྱི་ཐུགས་ཀར་ཉི་ཟླའི་གའུའི་ནང་དུ་ཧཱུྃ་དཀར་པོའི་མཐར་བཛྲ་དྷྲྀཀ་དཀར་པོ་དང་། ཡུམ་གྱི་ཐུགས་ཀར་ཟླ་གདན་ལ་མཱུཾ་དཀར་པོའི་མཐར་དྷཱ་ཏྭཱི་ཤྭ་རཱི་སཏྭཾ་ཞེས་པས་བསྐོར་བ་དཀར་པོ། ལྷོའི་རིན་འབྱུང་གི་ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་སྭཱ་སྔོན་པོ་ལ་རཏྣ་དྷྲྀཀ྄་སྔོན་པོ་དང་


RTZ030_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཐུགས་སྲོག་མཱཾ་དང་མོ་ཧ་རཱ་ཏཱི་སཏྭཾ་སྔོན་པོ། ནུབ་ཀྱི་སྣང་མཐའི་ཐུགས་སྲོག་ཨཱཾཿདང་ཨཱ་རོ་ལྀཀ྄་ཡུམ་གྱི་ཐུགས་སྲོག་པྱཱཾ་དང་རཱ་ག་རཱ་ཏཱི་སཏྭཾ་དམར་པོ། བྱང་གི་དོན་གྲུབ་ཀྱི་ཐུགས་སྲོག་ཧཱ་དང་པྲ་ཛྙཱ་དྷྲྀཀ྄་ཡུམ་གྱི་ཐུགས་སྲོག་ཏཱཾ་དང་བཛྲ་རཱ་ཏཱི་སཏྭཾ་ལྗང་ཁུ། ཞི་ལྷ་ལྔ་པོའི་ཐུགས་ཀློང་རྟ་མགྲིན་རིགས་ལྔ་པོར་ཉི་ཟླའི་གའུའི་དབུས་སུ་ཧྲཱིཿདམར་དཀར་སེར་དམར་ལྗང་ལ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿཅེས་པ་ས་བོན་གྱི་མདོག་མཚུངས་ཀྱིས་བསྐོར་བ། མགྱོགས་མ་བཞིའི་ཐུགས་ཀར་ཟླ་གདན་ལ་ཛཿཧཱུྃ་བཾ་ཧོཿདཀར་སེར་དམར་ལྗང་བཞིའི་མཐར་ཨོཾ་བཛྲ་ལཱ་སྱེ་ཧཱུྃ་ཛཿ ཨོཾ་བཛྲ་མཱ་ལྱེ་ཏྲཱཾ་ཧཱུྃ། ཨོཾ་བཛྲ་གཱིརྟཱི་ཧྲཱིཿབཾ། ཨོཾ་བཛྲ་ནིརྟི་ཨཱ་ཧོཿ ཞེས་པ་རྣམས་དཀར་སེར་དམར་ལྗང་གིས་བསྐོར་བ། སྒོ་མ་བཞིའི་ཐུགས་ཀར་ཟླ་གདན་ལ་ཛཿཧཱུྃ་བཾ་ཧོ་དང་། བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གཎྜེ་ཧོཿ ཞེས་སམ་ཡང་ན་ཁཎྜ་རོ་ཧི་ཛ་ཛཿ རཱུ་པི་ནི་ཧཱུྃ་ཧཱུྃ། ཌཱ་ཀི་ནཱི་བཾ་བཾ། ས་མ་ཡ་ཧོཿཧོཿ ཞེས་པ་གང་བདེ་དཀར་སེར་དམར་ལྗང་གིས་བསྐོར་བ་གསལ་འདེབས། ཁྱད་པར་དྲིལ་འཛབ་ཀྱི་དུས་གཙོ་བོའི་ཐུགས་ཀའི་སྔགས་འཁོར་རྣམས་གསལ་བ་ལས་འོད་ཟེར་སེར་པོ་ཤས་ཆེ་བའི་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་ཡར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་དམ་གྱི་


RTZ030_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་བ་དང་། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པའི་སྣེ་ལས་མཆོད་སྤྲིན་སྤྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། འོད་ཟེར་མར་འཕྲོས་པས་འགྲོ་དྲུག་སེམས་ཅན་ཐམས་ཅད་དང་བདག་གཞན་གྱི་བསྒྲུབ་བྱ་གང་ཡིན་གྱི་སྒོ་གསུམ་སྡིག་སྒྲིབ་སྦྱངས་ཏེ་སངས་རྒྱས་ཀྱི་སར་བཀོད། ཚུར་འདུས་ཕྱོགས་དུས་ཀྱི་སངས་རྒྱས་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཡེ་ཤེས་ཚེའི་དངོས་གྲུབ་ཐམས་ཅད་དང་། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་སྣོད་ཀྱི་ཡོན་ཏན་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ཚེ་དཔལ་ལོངས་སྤྱོད་བཀྲག་དང་གཟི་བརྗིད་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ཏེ་བདག་གི་གནས་ལྔར་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཚེ་དབང་དངོས་གྲུབ་ཐམས་ཅད་འདུས་པར་བསམ་ཞིང་འཛབ་བཟླ། གཞན་དོན་དུ་ཚེ་སྒྲུབ་བྱེད་ན་ཐུགས་ཀའི་སྲོག་ཡིག་གི་མདུན་དུ་བསྒྲུབ་བྱ་དངོས་སམ་སྲོག་ཡིག་ནྲྀའི་རྣམ་པར་གསལ་བ་ལ་བསྟིམ་པའི་དམིགས་གནད་གལ་ཆེ་ཞིང་། སྤྱིར་ཁྱེར་སོ་གསུམ་ལྡན་གྱི་ངང་ནས་སྣོད་བཅུད་ཀྱི་ཡོན་ཏན་བསྡུ་ཚུལ་ཚེ་སྒྲུབ་སྤྱིའི་རིགས་འགྲེས་སྦྱར་ཏེ་དཔེར་ན་གསེར་རི་ལྷུན་པོ་སོགས་ཀྱི་སའི་བཅུད། རོལ་མཚོ་རྒྱ་མཚོ་སོགས་ཀྱི་ཆུའི་བཅུད། ཉི་ཟླ་ནོར་བུ་རྟ་གདོང་གི་མེ་དང་གཙུབས་པ་དང་བརྡབས་པ་ལས་བྱུང་བའི་མེ་དང་། འོག་


RTZ030_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་རླུང་སོགས་ལྡེམ་འདེགས་འཐོར་བསྐྱོད་ཀྱི་རླུང་དང་། དབྱིངས་ཀྱི་ནམ་མཁའ་སོགས་ནམ་མཁའི་བཅུད་རྣམས་ཁ་དོག་སོ་སོའི་རྣམ་པ་ཅན་དང་། རྒྱལ་བ་སྲས་བཅས་ལྷ་ཀླུ་མི་སོགས་སེམས་ཅན་ཚེའི་རིག་འཛིན་དྲང་སྲོང་རྒྱལ་པོ་རྒྱལ་ཕྲན་སྡེ་བརྒྱད་སོགས་བཅུད་ཀྱི་སྐྱེ་འགྲོའི་ཚེ་བཀྲག་ནུས་སྟོབས་བསྡུ་བ་སོགས་རིགས་པས་འགྲེ་ཞིང་། བུམ་ལྷའི་སྐུ་ལས་འཆི་མེད་ཀྱི་བདུད་རྩི་བབས་པས་བུམ་པ་འགེང་བ་སོགས་བྱའོ། །སྒོས་འཛབ་ཀྱི་དུས་སུ་ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་འཕྲོ་འདུ་གོང་བཞིན་དང་ཁྱད་པར་ཡེ་ཤེས་ལྔའི་འོད་སྣང་གིས་དུག་ལྔ་འཇོམས་པར་དམིགས་པ་འཛབ་བྱང་ལྟར་དང་། ཡུམ་བཞིའི་ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔ་ཚེར་བྱིན་གྱིས་བརླབས་ཏེ་ཤ་ཁྲག་དྲོད་དབུགས་ཡིད་ཁམས་སུ་བསྟིམ་པ་དང་། མགྱོགས་མ་བཞི་ལས་རང་འདྲའི་ཕོ་ཉ་ཕྱོགས་བཞིར་སྤྲོས་ཏེ་ཚེའི་གཡབ་དར་དཀར་སྔོ་དམར་ལྗང་གིས། དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་གྱིས་ཚེ་ཕྲོགས་པ་རྣམས་དྲངས་ཏེ་བསྟིམ་པ་དང་། སྒོ་མ་བཞིས་སྤྲུལ་པ་གོང་བཞིན་སྤྲོས་ཏེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཏེ་ཁམས་གསུམ། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་སྟེ་སྲིད་པ་གསུམ། སྟོང་


RTZ030_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་སྟོང་གི་འཇིག་རྟེན་ཏེ་སྟོང་གསུམ། དེ་དག་ཆགས་གནས་འཇིག་སྟོངས་དུས་གཅིག་ཏུ་བྱེད་པས་འཇིག་རྟེན་གསུམ་སྟེ། དེ་རྣམས་ཀྱི་ཚེ་བཅུད། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་ལྷ་མོ་རྣམས་ཀྱིས་འགུགས་བསྟིམ་དང་། ཁྲོ་བོའི་ཚེ་འགུགས་སྐབས་ཚེའི་ལྷ་ཚོགས་རྣམས་དང་། ཁྱད་པར་ཐུགས་ཀློང་དང་ཟན་བུམ་གྱི་རྟ་མགྲིན་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་ཁྱུང་དང་གནམ་ལྕགས་ཀྱི་ཐོག་དང་རྡོ་རྗེའི་མཚོན་ཆ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ཚེའི་བར་གཅོད་རྣམས་ཀྱིས་ཚེ་ཕྲོགས་ཏེ་སྦས་ཤིང་གབ་པ་རྣམས་ཁྱུང་གི་གཤོག་བརྡབ་ཀྱིས་རྒྱ་མཚོ་དཀྲུགས། གནམ་ལྕགས་ཐོག་གིས་སྲིད་པའི་རི་བོ་བཤིག །རྡོ་རྗེའི་མཚོན་ཆས་འབྱུང་པོ་རྣམས་རྡུལ་དུ་བརླགས་ཏེ་ཕྲོགས་ནས་བདག་ལ་བསྟིམ་པའི་དམིགས་བཟླས་བྱེད་པ། རྒྱུད་དང་སྒྲུབ་ཁོག་ལས་གཞུང་རྒྱུན་ཁྱེར་སོགས་ཀྱི་དགོངས་པ་གཅིག་ཏུ་བསྡུས་ཤིང་བཀྲལ་ཏེ་བཀོད་པ་ལས་རང་བཟོ་མ་ཡིན་པ་ཞིབ་ཆ་གཞུང་དེ་དག་ལ་བལྟས་པས་རྟོགས་པར་འགྱུར། ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་སོགས་སྐུ་མདོག་དང་མ་མཐུན་ཡང་ཚེ་འགུགས་དང་ལས་གཞུང་མངོན་རྟོགས་ཀྱི་དགོངས་པ་དང་། མགྱོགས་མ་དང་སྒོ་མའི་ས་བོན་ཟློས་པ་ལྟར་སྣང་ཡང་། མགྱོགས་མ་བཞི་ལཱ་སྱེ་མ་སོགས་སེམས་མ་བཞི་དང་། སྒོ་མ་བཞིི་འཁོར་ལོ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་


RTZ030_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ངོ་བོར་གཅིག་ཅིང་སྔགས་བྱང་དང་བསྟུན་པས་འགལ་འདུར་མི་འཁྲུལ་པ་ཤེས་དགོས་སོ། །དེ་ཡང་གཙོ་བོར་དྲིལ་འཛབ་ཁོ་ན་དང་ཐུན་བསྡུ་ཁར་སྒོས་འཛབ་རྣམས་བཟླ་བ་དང་། བསྙེན་ཚད་ངེས་ཅན་མ་གསུངས་མོད། འོན་ཀྱང་སྒྲུབ་ཁོག་གི་བུམ་པ་སྟ་གོན་སྐབས་ལས། སྒྲུབ་ཐབས་གང་བྱེད་གཙོར་བཟུང་ནས༔ གཙོ་ལ་ཁྲི་འབུམ་འཁོར་ལ་སྟོང༔ སྐབས་སུ་སྟོང་ཚིགས་མཆོད་བསྟོད་བྱའོ༔ ཞེས་གསུངས་པས་གཙོ་བོ་ཡབ་ཡུམ་ལ་འབུམ་ཕྲག་དང། རིགས་བཞི་ཡབ་ཡུམ་ལ་ཁྲི་ཕྲག །མགྱོགས་མ་དང་སྒོ་མར་སྟོང་ཕྲག་རེ་ཙམ་འཐད་པ་འདྲ་ཞིང་རྒྱས་པར་སྤྲོ་ན་སྒྲུབ་ཁོག་གི་སྙིང་པོ་ལུང་དབང་གི་སྐབས་སུ་བསྙེན་པ་དང་། སྒྲུབ་པ་དང་། ཉེ་བསྙེན་དང་། བསྙེན་སྒྲུབ་དྲིལ་བ་དང་། ཀུན་གྱི་དྲིལ་འཛབ་དང་། བསྙེན་པའི་དབང་འཛབ་སོགས་རྒྱ་ཆེར་གསུངས་པ་དང་། རྒྱུན་གྱི་ནར་མ་ཡེ་ཤེས་སྙིང་པོར་སྒྲུབ་ཁོག་གི་སྒྲུབ་སྔགས་དང་འདྲ་བ་ཞིག་དང་། རྒྱུན་ཁྱེར་གཉིས་པ་བདུད་རྩིའི་རྒྱུན་འབྱུང་དུ་སྔགས་ཐུང་གཉིས་བཤད་པ་སོགས་ཀྱང་རིགས་པས་སྤྲོས་ཏེ་སྐབས་སྦྱར་བཟླས་ཀྱང་སྐྱོན་དུ་མི་འགྱུར་ཞིང་ཕན་ཡོན་ཆེ་ལ། གཞན་དུ་ལས་གཞུང་གི་དྲིལ་འཛབ་དང་སྒོས་འཛབ་ཁོ་ནས་འཐུས་སོ། །ཐུན་མཚམས་ཀྱི་མཆོད་བསྟོད་དང་གཏེར་སྲུང་མཆོད་པ་ཚོགས་འཁོར་སོགས་ཕྱག་བཞེས་ལྟར་དང་། ཐུན་བཞི་ཀར་ལས་བྱང་ཚར་རེ་འགྲུབ་


RTZ030_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་ཤིང་། མི་སྤྲོ་ན་སྔ་ཐུན་དང་སྲོད་ཐུན་ཙམ་ལ་ཚར་རེ། བསྡུ་ན་ཐོར་ཐུན་ལ་ལས་གཞུང་བསྲང་ཞིང་ཐུན་མཚམས་ཀྱི་ཚེ་འགུགས་མཆོད་བསྟོད་སོགས་ཚུལ་བཞིན་དང་། སྲོད་ཐུན་མཐར་གཏེར་སྲུང་མཆོད་ཅིང་ཚོགས་ལས་རྣམས་བྱ། ཐུན་གཞན་རྣམས་ལ་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་གསལ་བཏབ་སྟེ་བཟླས་པ་དང་། ཐུན་མཚམས་སུ་སྟོང་ཚིགས་ཀྱི་མཆོད་བསྟོད་དགེ་བསྔོ་ཙམ་བྱས་ཀྱང་ཉེས་པ་མེད་ཅིང་། གསར་མ་དང་རྒྱུད་སྡེ་འོག་མ་ལྟར་པར་བཀབ་མ་བྱུང་ཡང་རྫོགས་ཆེན་ཀ་དག་གི་ལྟ་བས་རྩིས་ཟིན་པའི་ལྷུན་གྲུབ་རིག་པའི་འཆར་སྒོ་ལྷ་དང་གཞལ་ཡས་ཁང་དུ་གསལ་བཏབ་ལ་ཞེན་འཛིན་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་སྤྱོད་པ་ཡིན་ནོ། །སྒྲུབ་པའི་གེགས་བསལ་བ་དང་། སྒྲུབ་པའི་རྟགས་ལྟ་བ་སོགས་ནི་སྒྲུབ་ཁོག་ལྟར་རོ། །དེ་ལྟར་བསྙེན་སྒྲུབ་ལེགས་པར་སོང་ནས་ཁ་སྐོང་གི་སྦྱིན་སྲེག་སྤྲོ་ན་ལུང་རྒྱུན་མེད་ཀྱང་ལས་བཞིའི་སྦྱིན་སྲེག་ལས་བཞི་ལྷུན་གྲུབ་ལྟར་ལས་བཞི་ཀའམ་ཞི་བ་ཙམ་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལས་དངོས་གྲུབ་བླང་བ་ནི། རྒྱས་པར་སྤྲོ་ན་སྒྲུབ་ཁོག་ལས་གསུངས་པ་ལྟར་སྒྲུབ་རྫས་བཤམ་པ་ནི། གཞུང་དོན་བཀྲལ་ཏེ་བཤད་ན། ཀ་པཱ་ལ་ཁ་སྦྱར་གྱི་ནང་དུ་དཀར་གསུམ་མངར་གསུམ་ཆོས་སྨན་བཏབ་པའི་དཔལ་གཏོར་ཟས་དབྱིབས་རིན་པོ་ཆེ་


RTZ030_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའམ་ཟུར་བརྒྱད་པ་ལ་དབུས་དང་ཕྱོགས་བཞིར་མར་ཚོན་གྱིས་ཁ་དོག་བསྒྱུར་བའི་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དེ་དག་སོ་སོའི་མདུན་དུ་ཅུང་ཟད་ཆུང་བའི་མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ། རྩེ་མོར་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ། ཕྱོགས་བཞིར་ཤར་དུ་རྒྱས་པ་གྲུ་བཞི། ལྷོར་ཞི་བ་ཟླུམ་པོ། ནུབ་ཏུ་དབང་ཟླ་གམ། བྱང་དུ་དྲག་པོ་གྲུ་གསུམ་དང་ཚེ་རིལ་དང་ནོར་བུ་ཆ་བདུན་ལ་སོགས་པའི་དབྱིབས་དུ་མ་བཟོས་པས་བསྐོར་བ་ལ་དར་སྣ་ལྔའི་གུར་ཕུབ། གཟུངས་ཐག་བཏགས་པ་དཀྱིལ་འཁོར་གྱི་དབུས་མཉྫིའི་སྟེང་བཀོད་པ་དང་། གཞན་ཡང་མཱཾ་ས་གསར་རྙིང་དང་། གོ་རོ་ཙ་ན་དང་། བ་སུ་ཏ་སོགས་ཤ་རིགས་དང་། ཞོ་མར་ཐུད། ཕྱུར་བ། གླུམ། ཤིང་ཏོག །ཟས་སྣ། སྦྲང་བུར། ཛ་གད་སོགས་སྣ་ཚོགས་དང་བཅས་པ་ཕྱོགས་གང་བདེར་བཤམ། སྒྲུབ་ཁོག་ལས། བཟླས་པའི་ནུས་སྐྱེད༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་གིས་འཛབ་མཇུག་སྦྲེལ་ནས་ཞག་གཅིག་བསྒྲུབ༔ ཅེས་གསུངས་པ་ལྟར་སྤྱི་འཛབ་སྒོས་འཛབ་རྣམས་ཀྱི་མཐར་ཀཱ་ཡ་སོགས་ཀྱི་སྔགས་བཏགས་ལ་བཟླ། བཟླས་དམིགས་སྒྲུབ་ཁོག་ལས། རང་གཞན་གྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་བྱོན༔ སྦྱོར་བ་མཛད་པའི་བྱང་སེམས་


RTZ030_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྔའི་རྣམ་པར་བབས་ནས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་མོ༔ ཞེས་གསུངས་པ་ལྟར་བྱ་བ་དང་། རྒྱས་པར་ན་དེ་ཉིད་ལས། དངོས་གྲུབ་ཀྱི་སྣ་སེལ་རྒྱུན་བཤགས་རྣམས་བྱ༔ དངོས་གྲུབ་ཀྱི་འཛབ་སྙིང་པོ་རྣམས་ཀྱི་མཇུག་ཏུ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་ཞག་གཅིག་གམ་ཐ་ན་སྟོང་ཕྲག་བཟླས་ཏེ༔ ཞེས་གསུངས་པ་ལྟར་བགྱིད་དགོས་ཤིང་། རྒྱུན་བཤགས་ནི། སྒྲུབ་ཁོག་ལས། ཧྲཱིཿཧཱུྃ༔ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་དུ༔ བདག་གཞན་མ་རིག་ལས་དབང་གིས༔ གསང་སྔགས་དཀྱིལ་འཁོར་འདིར་ཞུགས་ནས༔ བསྙེན་སྒྲུབ་ཟབ་མོ་དམ་བཅས་ཀྱང༔ མ་རིག་མ་རྟོགས་ཚོད་ཡོད་ཀྱིས༔ བཀའ་དང་འགལ་བ་ཅི་བགྱིས་པ༔ དཀྱིལ་འཁོར་ལྷ་ལ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཞེས་དང་། གསང་རྫོགས་ལྟར་བྱས་ཀྱང་རུང་། སྒྲུབ་ཁོག་ལས། ཐོད་པ་བདུད་རྩིས་བཀང་བ་ཞིག་ནས་བདུད་རྩི་འཐོར་ཞིང་འདི་སྐད་དོ༔ ཧྲཱིཿཧཱུྃ༔ དུས་གསུམ་སངས་རྒྱས་དཀྱིལ་འཁོར་གཙོ་དང་འཁོར༔ ཞེས་པ་ནས། བདུད་རྩི་གཏོར་རོ་ལྕེ་ཐོག་ཏུ་བཞག་གོ༔ ཞེས་པའི་བར་བྱ། སྤོགས་ཆོག་གི་དངོས་གྲུབ་བླང་བ་གཉིས་ཡོད་པའི་བསྡུས་པ་སྒྲུབ་ཁོག་ལས། སླར་སྤོགས་ཆོག་ཏུ་དངོས་


RTZ030_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་མཚམས་སུ་འཕྲོས་འདུས༔ རྒྱལ་བ་དཔག་ཏུ་མེད་པ་རྣམས་ནམ་མཁར་སྤྱན་དྲངས༔ ཞེས་པ་ནས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བསམ་མོ༔ ཞེས་པའི་བར་སྦྱར། མཆན་བུར་གོང་དུ་སྦྱར་བར་གསུངས་ཀྱང་འདིར་འཐད། སྤོགས་ཆོག་རྒྱས་པ་མི་དགོས་པས་བཞག །སྐབས་འདིར་དབང་རྒྱས་པར་ལེན་ན་སྨིན་བྱེད་བསྙེན་པའི་དབང་རིམ་བདུད་རྩི་འཁྱིལ་བའི་ནང་ལྟར་བདག་འཇུག་གི་ཚུལ་དུ་ལེན། བསྡུ་ན་ཕྱག་བཞེས་ཀྱི་དཀྱུས་ལྟར་ལས་བྱང་གི། ཧྲཱིཿཧཱུྃ༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྔོན་ཚེ་གོང་ནས་བསྙེན་ཅིང་བསྒྲུབས༔ ད་ལྟ་བདག་དང་གཉིས་མེད་ཕྱིར༔ གཉིས་སུ་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་སོགས་ཀྱིས་དངོས་གྲུབ་བསྐུལ་ཏེ། ཧྲཱིཿཧཱུྃ༔ ནམ་མཁའི་དབྱིངས་ནས་མ་གཅིག་ཚེ་འཛིན་མ༔ ཞེས་སོགས་ནས། ཨོཾ་ཨཱ་ཡུརྫྙཱ་ན་བི་ན་དུ་རུ་དུ་རུ་ཞེས་སོགས་ཀྱི་བར་དཀྱུས་དང་ཕྱག་ལེན་ལྟར་དབང་དང་དངོས་གྲུབ་བླང་ངོ་། །ཤིན་ཏུ་སྤྲོས་ན་སྤོགས་ཆོག་རྒྱས་པའི་མཇུག་གི །མཆོག་གི་དངོས་གྲུབ་མཁའ་དབྱིངས་དག་པའི་ཡུམ་ལ་ཚེ་སློང་བའི་སྤོགས་ཆོག་ནི༔ ཞེས་པ་ནས། ཞེས་པད་ཀོར་གྱི་ཕྱག་རྒྱས་བླངས་ལ་རོལ་ལོ༔ ཞེས་པའི་བར་དང་། དེ་ནས་དངོས་གྲུབ་ཀྱི་


RTZ030_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཆ་གསུམ་དུ་བགོས་ཏེ༔ ཞེས་པ་ནས། མེ་དཔུང་ཀློང་ན་གནས་པར་བསྒོམ་མོ༔ ཞེས་པའི་བར་ལྟར་བྱའོ། །དེ་རྗེས་སྒྲུབ་ཆེན་དང་འབྲེལ་ན་རྗེས་ཀྱི་ལས་རིམ་གཏེར་སྦ་བ་ནས་བསྔོ་སྨོན་གྱི་བར་བྱ། ཡང་ན་གཏེར་སྦེད་དང་དབང་ཞབས་ཚེ་འགུགས་བཀྲ་ཤིས་ཙམ་སྦྱར་ན་ལེགས། གཞན་དུ་ལས་བྱང་དཀྱུས་བཞིན་བྱས་པས་འཐུས། རྒྱལ་ཐོ་ཡོད་ན་སྒྲུབ་ཁོག་ལྟར་འགྲོལ། དཀྱིལ་འཁོར་རྡུལ་ཚོན་ལ་བསྡུ་ཆོག །རས་བྲིས་ལ་བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་སོགས་དཀྱུས་ལྟར་བྱའོ། །དེ་ལྟར་འཆི་མེད་བདུད་རྩི་འཁྱིལ་བ་ཡི། །བསྙེན་སྒྲུབ་ཡི་གེ་བདུད་རྩིའི་གཏེར་མཛོད་འདི། །ཟུར་ཆེན་མཆོག་སྤྲུལ་གང་གི་བཀས་བསྐུལ་ནས། །དགེ་སློང་པདྨ་ཕྲིན་ལས་བདག་གིས་བྲིས། །མགོན་ཁྱོད་མཁྱེན་རབ་ཟབ་ཅིང་རྒྱ་ཆེ་བས། །གཞུང་དོན་རྟོགས་ཕྱིར་ཡི་གེའི་ངལ་བས་ཅི། །འོན་ཏེ་ཐོས་ཆུང་ཤེས་རབ་དམན་རྣམས་ཕྱིར། །གོ་བདེའི་ཟབ་གནད་ལྷུག་པོར་བཀྲོལ་ཏེ་བཀོད། །དགེ་འདིས་བདག་གཞན་དུས་མིན་འཆི་སོགས་ཀྱི། །འགལ་རྐྱེན་ཉེར་ཞི་དལ་འབྱོར་དམ་ཆོས་ལ། །ཡུན་དུ་སྤྱོད་ཕྱིར་འཆི་མེད་དངོས་གྲུབ་ལ། །ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་གྱུར་ཅིག །དེ་ལྟར་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་


RTZ030_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་འདི་ཡང་ཟུར་ཆེན་རྡོ་རྗེ་འཆང་གི་མཆོག་སྤྲུལ་མཁས་བཙུན་བཟང་པོའི་ཟློས་གར་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བཀས་བསྐུལ་བ་ལྟར། དགེ་སློང་བྱ་བྲལ་བ་པདྨ་ཕྲིན་ལས་ཀྱིས་རང་ལོ་རེ་ལྔ་པ་གྲོ་བཞིན་ཟླ་བའི་ཤེར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་རང་གནས་ཐུབ་བསྟན་གྱི་ཆོས་གྲར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་པའི་དགེ་དེས་བདག་གཞན་ཐམས་ཅད་འཆི་མེད་རིག་འཛིན་གྱི་ས་ལ་འཁོད་པར་གྱུར་ཅིག། །།


previousཚེ་སྒྲུབ་བདུད་རྩི་འཁྱིལ་བའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད། པདྨ་ཕྲིན་ལས།next