Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
དཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ། བློ་གྲོས་མཐའ་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ། བློ་གྲོས་མཐའ་ཡས།next

དཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ། བློ་གྲོས་མཐའ་ཡས།


RTZ030_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


RTZ030_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། སྤྲོས་པ་ཀུན་བྲལ་བཟང་མོ་ཡུམ། །བདུད་འདུལ་བསྟན་པའི་གཉེར་འཛིན་ཕྱིར། །སྨུག་ནག་ཁྲོས་མར་བཞེངས་པ་དེས། །བྱང་ཆུབ་བར་དུ་བདག་སྐྱོང་མཛོད། །བདུད་རྩི་གསང་བའི་སྲུང་མ་ཁྱད་པར་ཅན་འདིའི་སྲོག་གཏད་བརྒྱུད་པ་འཛིན་ཅིང་དམ་ཚིག་ཐུབ་ངེས་པའི་སློབ་མ་ལ་སྦྱིན་པའི་ཚེ། གོང་དུ་དཔལ་རྡོ་རྗེ་བདུད་རྩིའི་གཏོར་མཆོད་ལ་སོགས་པ་སྐབས་བབས་བཤམ། མདུན་དུ་མཎྜལ་དུག་ཁྲག་གིས་བྱུགས་པ་ཆོས་འབྱུང་ཁྲག་མཚོ་དང་བཅས་པའི་གནམ་ལྕགས་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བྷྱོ་ཡིག་མཐིང་ནག །རྩིབས་བཞིར་ཤར་ནས་གཡས་སྐོར་དུ་ཐིག་ལེ་དཀར་སེར་དམར་ལྗང་། ཕྱི་རོལ་མེ་རླུང་ཕྲེང་བས་བསྐོར་བའི་དབུས་སུ་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་བརྗིད་ལྡན་འཁོར་རང་འདྲ་བཞི་དང་མཐེབ་ཀྱུས་བསྐོར་བ། མེ་རིས་བརྒྱན་ཅིང་སྐུ་ཙཀ་དར་གདུགས་མཐིང་གས་སྤྲས་པ་བཞག །མདུན་དུ་སྔགས་བྱང། སྨན་གཏོར་རཀྟ། དྲག་མཆོད་ཕྲེང་ཚར་དུ་བཤམ། བདུད་རྩི་རྩ་བའི་དབང་བསྐུར་བའི་ཞར་བྱུང་ཡིན་ན་ཚོགས་མཆོད་ཀྱི་གོང་དུ་འདིའི་ལས་བྱང་བཟླས་པ་སྐོང་གསོ་རྣམས་ཞོར་ལ་སོང་བས་འཐུས། དབང་ཐམས་ཅད་གྲུབ་པའི་རྗེས་སུ་དམ་ལྡན་གཅིག་གམ་གསུམ་ལས་མི་མང་བ་ལ་སྲོག་གཏད་བྱ། འདི་ཉིད་སྒེར་དུ་བྱེད་ན་རྡོ་རྗེ་བདུད་རྩིའི་བདག་བསྐྱེད་ཕྲིན་ལས་བཟླས་པ་བཅས་སོང་ནས། འདི་ཉིད་ཀྱི་ཕྲིན་ལས་བཏང་ལ་མདུན་བསྐྱེད་མཆོད་


RTZ030_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བཟླས་པ་ཅི་ནུས་ཀྱིས་ཐུགས་རྒྱུད་བསྐུལ། བྱིན་རླབས་བཅས་སྐོང་བ་འདོན། བདུད་རྩིའི་ཚོགས་མཆོད་ཕུལ། སློབ་མ་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། དེའང་མཚན་ཙམ་ཐོས་པར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་འཇིག་རྟེན་དུ་དར་བ་ལ་དེ་ཉིད་མི་ནུབ་པར་སྐྱོང་ཞིང་གེགས་བྱེད་ཐམས་ཅད་ཚར་གཅོད་པར་ནུས་པའི་མཐུ་སྟོབས་ཅན་གྱི་སྲུང་མ་རྣམས་མེད་དུ་མི་རུང་ཞིང་། རྒྱལ་བའི་སྤྱན་སྔར་རྡོ་རྗེའི་གཡར་དམ་ནོས་པའི་ཆོས་སྐྱོང་ཕོ་མོ་མ་ནིང་གི་རིགས་ཇི་སྙེད་ཅིག་མཆིས་པའི་ནང་ནས་ཁྱད་པར་མཆོག་ཏུ་གྱུར་པ། འཕགས་བཞི་སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་དབྱིངས་ཀྱི་དབང་ཕྱུག་མ་ཉིད་སྨུག་ནག་ཁྲོས་མ་ཆེན་མོའི་སྐུར་བཞེངས་པ། ཡེ་ཤེས་ལས་དང་འཇིག་རྟེན་ལས་གྲུབ་པའི་མ་མོ་མཁའ་འགྲོ་ཡོངས་ཀྱི་རྗེ་མོ། གསང་ཆེན་བླ་ན་མེད་པ་སྤྱི་དང་ཁྱད་པར་འོད་གསལ་རྡོ་རྗེ་རྩེ་མོའི་བསྟན་པ་སྲུང་བ་ཡོངས་ཀྱི་འཁོར་ལོས་སྒྱུར་མ། དཔལ་ཆེན་པོ་རྡོ་རྗེ་བདུད་རྩི་དང་། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་བདེ་བ་ཆེན་པོ་ཡབ་ཡུམ་གྱིས་བདུད་རྩི་གསང་བའི་དཀྱིལ་འཁོར་གཉན་པོ་སྐྱོང་བའི་དམ་ཚིག་གི་གཉེར་གཏད་པའི་སྲུང་མ་ཆེན་མོ་འདི་ཉིད་ཀྱི་སྲོག་


RTZ030_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ། དྲག་པོའི་རྫས་ཡུངས་དཀར་ཤ་ཁྲག་ལ་སོགས་པ་དང་མཚོན་ཆའི་རིགས་ཀྱི་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཧེ་རུ་ཀ་རྡོ་རྗེ་བདུད་རྩི་དངོས་སུ་གསལ་བ་ལ་དད་གུས་སྐྱེད་དེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་བསྟན་པ་བསྲུང་བ་དང༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ བདུད་རྩི་གསང་བའི་སྲུང་མ་ཡི༔ སྲོག་གཏད་རྗེས་གནང་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བ་སྦྱིན་ཅིང་དམ་ཚིག་ལ་གནས་དགོས་པར་གདམས་པ་འདི་ལ་གསན་འཚལ། སྔགས་སྲུང་མ་མོ་འབུམ་སྡེ་ཡི༔ སྲོག་གི་ཡེ་ཤེས་ཁྱོད་ལ་སྦྱིན༔ དམ་ལས་འདས་ན་གཤེད་དུ་འགྱུར༔ དེ་ཕྱིར་རྡོ་རྗེའི་དམ་ཚིག་སྲུངས༔ ས་མ་ཡ་རཀྵནྟུ༔ ཞེས་གདམས་ཤིང་བདུད་རྩི་སྦྱིན། དེང་ནས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཚུལ་བཞིན་ཉམས་པ་མེད་པར་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་བཛྲ་རཀྴ་སཱི་ན་ར་ཀན༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་


RTZ030_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་སྔར། གསག་སྦྱང་ཚུལ་བཞིན་བགྱི་བའི་འདུན་པ་དང་སོ་སོའི་དམིགས་འདོན་ཟུང་དུ་ཆུད་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷའི་ཕྱག་རྒྱ་འདི་བཞིན་དུ་གསལ་ཐོབ་ཅིག །སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཁྱེད་རང་རྣམས་དཔལ་ཆེན་པོ་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཤིན་ཏུ་འཇིགས་པའི་ཉམས་ཅན། ཕྱག་གཡས་པས་རྡོ་རྗེ་གདེངས་ཤིང་གཡོན་པས་ཁ་ཊྭཱཾ་ག་གསོར་བའི་སྟབས་ཀྱིས་བསྣམས་པ། རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་ཞིང་གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བརྗིད་ཅིང་འགྱིང་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའི་ཁམས་གང་བར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་རྡོ་རྗེ་ཉི་མའི་རིགས་ཀྱི་ཁྲོ་བོ་ཆེན་པོ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་མ་ལུས་པ་དཔལ་རྡོ་རྗེ་བདུད་རྩི་ཧེ་རུ་ཀའི་


RTZ030_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་སྔགས་ཕྲེང་ཕྱག་མཚན་འོད་ཟེར་རྣམ་པར་སྤྱན་དྲངས། ནམ་མཁའ་ནས་ཆར་ཆེན་པོ་འབབ་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །སྤོས་དང་རོལ་མོའི་སྒྲ་སྦྱར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ༔ ཨེ་ཨཱ་རལླི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱས། དངོས་གཞི་བསྟན་སྐྱོང་ཡེ་ཤེས་ཀྱི་མ་མོའི་སྐུ་ཕྱག་རྒྱ་གཏད་པ་ལ་སྔར་བསྒྲུབས་པའི་རྟེན་གྱི་གཏོར་མ་ཉིད་སླར་ཡང་གསལ་འདེབས་བསྐྱར་མ་འདི་བཞིན་དུ་མཛོད་ཅིག། སློབ་དཔོན་དང་ཁྱེད་རང་དཔལ་རྡོ་རྗེ་བདུད་རྩི་ཧེ་རུ་ཀ་དངོས་སུ་གསལ་བའི་མདུན་དུ་ཆོས་འབྱུང་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ཕོ་བྲང་། ཕྱི་ནང་ཀུན་ཏུ་མེ་རླུང་འཚུབས་ཤིང་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་ཉི་མ་བམ་རོའི་གདན་གྱི་སྟེང་དུ། དཔལ་ཡེ་ཤེས་མ་མོ་སྔགས་སྲུང་ཨེ་ཀ་ཛཱ་ཏི་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། དཔྲལ་བའི་དབྱིངས་ན་སྤྱན་གཅིག་གྱེན་དུ་གཟིགས་ཤིང་ཞལ་ནས་མཆེ་བ་གཅིག་ཐུར་དུ་གཙིགས་པ། དབུ་གཙུག་གཡུའི་རལ་པ་ཉག་གཅིག་མཁའ་ལ་སྒྲེང་ཞིང་བྲང་ངོས་སུ་ནུ་མ་གཅིག་འཕྱང་བ།


RTZ030_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་པས་ཞིང་གི་དབྱུག་པ་ཀླད་ལ་ཕྱར་ཞིང་གཡོན་པས་དགྲ་བགེགས་ཀྱི་སྙིང་ཟ་བ། དཔུང་པ་གཡོན་ནས་ལྕགས་ཀྱི་སྤྱང་མོ་འགྱེད་པ། སྤྲིན་དཀར་གྱིས་སྟོད་གཡོགས་ཤིང་སྟག་ལྤགས་སྨད་ལ་དཀྲིས་པ། རུས་པའི་ཕྱག་རྒྱ་ལྔ་དང་སྦྲུལ་གྱི་ཆུན་པོས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་ཞབས་འདོར་ཐབས་རྔམ་བརྗིད་འཇིགས་པའི་ཚུལ་དུ་བཞུགས་པའི། ཤར་དུ་སྐུ་སྤྲུལ་དཀར་མོ་འབུམ་སྡེ། ལྷོར་ཡོན་ཏན་སྤྲུལ་པ་སེར་མོ་འབུམ་སྡེ། ནུབ་ཏུ་གསུང་སྤྲུལ་དམར་མོ་འབུམ་སྡེ། བྱང་དུ་ཕྲིན་ལས་ཀྱི་སྤྲུལ་པ་ལྗང་མོ་འབུམ་སྡེ། གཞན་ཡང་ལས་དང་འཇིག་རྟེན་གྱི་མ་མོ་བསམ་ལས་འདས་པས་བསྐོར་ནས་བཞུགས་པ་དེ་ཉིད་དམ་ཚིག་དབང་གིས་མདུན་དུ་བྱོན་ཏེ་སློབ་དཔོན་དཔལ་ཧེ་རུ་ཀས་བཀའ་བསྒོས་པ་ཙམ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །རྟེན་གཏོར་ལག་ཏུ་གཏད་ལ། བྷྱོ༔ སྔགས་སྲུང་མ་མོ་འབུམ་སྡེའི་ཚོགས༔ དམ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༔ རྣམ་བཞིའི་ཕྲིན་ལས་བསྒྲུབ་པར་གྱིས༔ བྷྱོ་མ་མ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་བཛྲ་ས་མ་ཡ་སཏྭཾ༔ མ་མོའི་སྐུ་ལས་སྐུ་གཉིས་པ་འོད་དང་གཟི་བརྗིད་འབར་བ་


RTZ030_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། ཁྱེད་རང་ཧེ་རུ་ཀར་གསལ་བའི་ཐུགས་སྲོག་ཉི་གདན་ལ་ཐིམ་པས་སྐུ་དབང་དུ་གྱུར་པར་མོས་ཤིག །གསུང་གི་རིག་པ་གཏད་པའི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་མ་མོའི་ཐུགས་རྒྱུད་བསྐུལ། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་མཐིང་ནག་འབར་བའི་གདན་ལ་ཐིམ་པས་གསུང་དབང་དུ་གྱུར་པར་མོས་ལ་སྙིང་པོ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡང་སྙིང་བཅུ་བཞི་པ་ལན་གསུམ་རྗེས་ཟློས་བྱར་གཞུག །སྔགས་བྱང་གཏད་ལ། བྷྱོ༔ མ་མོའི་སྲོག་གི་སྙིང་པོ་འདི༔ གཉེན་པོ་སྟོབས་དང་ལྡན་པར་ཟློས༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་གྱིས༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་འགྱུར༔ སྔགས་མཐར། ཝཱ་ཀ་བཛྲ་ས་མ་ཡ་སཏྭཾ༔ ཐུགས་ཀྱི་དགོངས་པའི་དེ་ཁོ་ན་ཉིད་ངོ་སྤྲོད་པའི་སླད་དུ་མ་མོ་འཁོར་དང་བཅས་པ་འོད་དུ་ཞུ་ནས་ཐིག་ལེ་སྔོན་པོ་ཕྲ་ལ་འཚེར་བར་གྱུར་པ་ཁྱེད་རང་དཔལ་ཆེན་པོའི་ཐུགས་སྲོག་གི་གདན་ལ་ཐིམ་པས། མ་མོའི་ཐུགས་དབང་དུ་གྱུར་པར་མོས་ལ་དབྱིངས་རིག་ཟུང་འཇུག་གི་ངང་དུ་མཉམ་པར་ཞོག་ཅིག །སྔགས་མཐར། ཙིཏྟ་བཛྲ་ས་མ་ཡ་སཏྭཾ༔ དེས་ཐུན་མོང་སྐུ་གསུང་ཐུགས་ཀྱི་སྲོག་


RTZ030_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་པ་སོང་ནས། ཁྱད་པར་དོན་དམ་ཡེ་ཤེས་ཀྱི་སྲོག་ལ་དབང་བྱེད་པའི་མན་ངག་སྦྱིན་པ་ལགས་པས་ཚིག་ཟུངས་སུ་བཟུང་ཞིང་དོན་ཐུགས་ལ་གཅག་པས་ཉམས་ལེན་གྱི་སྙིང་པོར་དྲིལ་བ་ཞུ། བྷྱོ༔ འཇིག་རྟེན་མ་མོ་རྩ་ཡིན་ཏེ༔ འཁོར་ལོ་རྣམ་བཞི་དབུ་མར་གཞུག༔ ལས་ཀྱི་མ་མོ་རླུང་ཡིན་ཏེ༔ སྦྱོར་བ་བཞི་ཡིས་རབ་ཏུ་གཅུན༔ ཡེ་ཤེས་མ་མོ་ཐིག་ལེ་སྟེ༔ དགའ་བ་བཞི་ཡི་དབྱིངས་སུ་སྟིམས༔ དབྱིངས་ཀྱི་མ་མོ་སེམས་ཡིན་ཏེ༔ སྟོང་པ་བཞི་ཡི་ཡེ་ཤེས་སྐྱེད༔ སྟོང་སྲོག་རང་རིག་ཆོས་སྐུར་བཅད༔ དོན་གྱི་མ་མོ་འགྲུབ་པར་འགྱུར༔ ཛྙཱ་ན་དྷཱ་ཏུ་ཨ་ཨ༔ དེ་ལྟར་ཐུན་མོང་དང་ཁྱད་པར་གྱི་སྲོག་གཏད་པ་ཐོབ་པའི་ཕན་ཡོན་དང་དམ་ཚིག་ལ་གནས་པ་གལ་ཆེ་བར་གདམས་པ་རང་གཞུང་ཉིད་ལས། བདུད་རྩི་གསང་བའི་སྲུང་མ་ཆེ༔ སྔགས་ཀྱི་གཉེར་འཛིན་རལ་གཅིག་མའི༔ སྲོག་གི་རིམ་པ་འདི་གཏད་པས༔ མ་མོ་ནམ་ཡང་མི་འབྲལ་འགྲོགས༔ དམ་ཚིག་གཞུང་བཞིན་སྤྱོད་པ་ལ༔ དངོས་གྲུབ་ཐམས་ཅད་འབད་མེད་སྟེར༔ དམ་ལས་འགལ་ན་གཤེད་དུ་འབེབ༔ དེ་ཕྱིར་དམ་ཚིག་མཆོག་ཏུ་གཅེས༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་དཔལ་ལྡན་སྔགས་ཀྱི་སྲུང་མའི་རྡོ་རྗེའི་


RTZ030_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་། སྲུང་མའི་གཤམ་ནས་འབྱུང་བའི་གཏོར་འབུལ་ཆད་བརྟན་རྣམས་དང་། ལས་བྱང་གི་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་སྤྱི་ལྟར་བྱའོ། །གསང་བ་ལམ་བྱེད་སྒྲུབ་པ་པོ། །རྐྱེན་སེལ་དངོས་གྲུབ་སྒྲུབ་པའི་གྲོགས། །རིང་དུ་གྱུར་ནས་འཛིན་མའི་ཁོངས། །རྣལ་འབྱོར་སྤྱོད་པས་རྟག་ཁྱབ་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མས་ཇི་ལྟར་བསྩལ་པའི་དགོངས་དོན་ལྟར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བཀོད་པ་དགེ་ལེགས་འཕེལ།། །།


previousདཔལ་རྡོ་རྗེ་བདུད་རྩིའི་བཀའ་སྲུང་ཨེ་ཀ་ཛཱ་ཊིའི་སྲོག་གཏད་ཀྱི་ཡི་གེ་སྲོག་གི་ཐིག་ལེ། བློ་གྲོས་མཐའ་ཡས།next