Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ། བསྟན་གཉིས་གཡུང་དྲུང་གླིང་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ། བསྟན་གཉིས་གཡུང་དྲུང་གླིང་པ།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ། བསྟན་གཉིས་གཡུང་དྲུང་གླིང་པ།


RTZ030_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ་བཞུགས་སོ། །


RTZ030_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་མྲྀཏ་རཱ་ཛཱ་ཡ། དུག་ལྔའི་བདུད་ལ་ཡེ་ཤེས་རྩི་སྦྱར་ནས། །སྲིད་པའི་གཅོང་ཆེན་དྲུངས་ནས་འབྱིན་པའི་དཔལ། །བླ་མ་ཆེ་བའི་མཆོག་ལ་གུས་བཏུད་དེ། །དུས་ཞབས་སློབ་དཔོན་སྙིང་གི་དགའ་སྟོན་འགོད། །དེའང་དབང་མ་ཐོབ་པར་སློབ་དཔོན་གྱི་གོ་ས་བཟུང་བ་རྡོ་རྗེ་འཆང་གིས་བཀག་པ་ཤེས་བཞིན་ཁྱད་དུ་གསོད་པ་རེ་མང་དུ་འབྱུང་བར་སྣང་བ་ལ་འདིས་ཀྱང་རྒྱུན་ཙམ་གྱི་གོ་ཆོད་པར་རེ་ནས་བླ་མའི་ཕྱག་བཞེས་ལྟར་འཕྲལ་སེལ་ཙམ་དུ་འགོད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་སྟེགས་བུའི་སྟེང་ཞི་དཀྱིལ་འཁོར་ལོ་རྩིབས་བཞི་ཡོད་པའི་དབུས་ཀྱི་ཁྲིའུར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་ཕོ་མོའི་ཐོད་པ་མཚན་ལྡན་ཁ་སྦྱོར་ནང་། སྔར་བསྒྲུབས་པའི་བདུད་རྩི་ཆོས་སྨན་གྱིས་བཀང་ཞིང་ཚོན་སྐུད་སྣ་ལྔས་བསྡམས་པའི་ཕྱི་ནས་དར་ཚོན་སྣ་ལྔས་དྲིལ་ལ་དབུ་རྒྱན་དང་རིགས་ལྔ། གཡས་གཡོན་དུ་རྡོར་དྲིལ་བཅིངས་པ་ཕོ་ཐོད་རྒྱབ་ཕྱོགས་དང་དཔྲལ་བ་གྱེན་བསླངས་བྱས་ལ་བཞག །རིགས་ལྔའི་སྐུ་ཙཀ་སོ་སོ་བ་དང་དབང་རྗེས་སུ་སྦྱིན་རྒྱུ་ཆོས་སྨན་ཕུར་མ་ཆང་དང་སྦྱར་བའང་སྣོད་གཞན་དུ་བསྡོགས། བླ་མ་སོགས་ལས་གཞུང་གང་ལ་བརྟེན་པ་དེའི་མཆོད་གཏོར་རྣམས་ལྷན་ཅིག་ཏུ་བཀོད་དོ། །གཉིས་པ་དངོས་གཞིའི་ཐོག་མར་རྡོར་སེམས་ལྟ་བུ་གཞུང་གང་བསྲང་ཁྱད་མེད་ཀྱང་འདིར་འབྲེལ་ཆགས་དབང་གིས། བླ་མ་གསང་འདུས་སམ་ཡང་སྙིང་འདུས་པ་ལྟ་བུ་བླ་མའི་ལས་གཞུང་ཞིག་བསྲང་ལ་བདག་བསྐྱེད་བཟླས་པ་བཅས་བྱ། དེ་ནས། སྐད་ཅིག་གིས་པད་ཟླའི་གདན་ལ་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་དུ་


RTZ030_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའོ། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་མདུན་དུ་ཀཾ་གསུམ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་སྨན་གྱི་ཕོ་བྲང་བནྡྷ་དུམ་བུ་གཅིག་པ། དེའི་འོག་ཏུ་རཾ། དེའི་འོག་ཏུ་ཡཾ། ཡཾ་ལས་རླུང་གཡོས་པས་རཾ་ལས་མེ་འབར། བནྡྷ་མཾ་ལས་ཉི་མ་དང་ཨ་ལས་ཟླ་བའི་གའུ་ཁ་སྦྱོར་གྱི་ནང་དུ་སྨན་རྣམས་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་དུ་གྱུར་པའི་དབུས་སུ་ཧཱུྃ་མཱུཾ་མཐིང་ག །ཤར་དུ་ཨོཾ་ལཱཾ་དཀར་པོ། ལྷོར་སྭཱ་མཱཾ་སེར་པོ། ནུབ་ཏུ་ཨཱཾཿཔཱཾ་དམར་པོ། བྱང་དུ་ཧཱ་ཏཱཾ་ལྗང་གུ་རྣམས་གསལ་བར་གྱུར། བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་ཅུང་ཟད་བཟླ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ བརྒྱ་རྩ་བཟླ། ཡིག་འབྲུ་རྣམས་ལས་འོད་ཟེར་ལྔ་ལྡན་ཕྱོགས་བཅུར་འཕྲོས། འགྲོ་བའི་དུག་ལྔ་སྦྱངས། ཚུར་འདུས་པས་ཕྱག་མཚན་ལྔར་གྱུར། སླར་ཡང་འོད་འཕྲོས་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་འོད་དུ་བསྡུས། ཡོངས་སུ་གྱུར་པ་ལས། དབུས་སུ་རྡོར་སེམས་ཡབ་ཡུམ་སྔོན་པོ་རྡོ་རྗེ་དང་དྲིལ་བུ། ཤར་དུ་རྣམ་སྣང་ཡབ་ཡུམ་དཀར་པོ་འཁོར་ལོ་དང་དྲིལ་བུ། ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ་རིན་པོ་ཆེ་དང་དྲིལ་བུ། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ་པདྨ་དང་དྲིལ་བུ། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་ཅིང་ལོངས་སྤྱོད་རྫོགས་པའི་རྒྱན་དང་


RTZ030_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། ཞབས་སྐྱིལ་ཀྲུང་པད་ཟླ་ཁྲི་རྐང་ལ་བཞུགས་པར་གྱུར། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྣོད་ཀྱི་བནྡྷའི་ནང་གང་བར་གྱུར། ཅེས་མོས་ལ། ཨོཾ་བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ༔ བཟླས་མཐར། ཧཱུྃ༔ ཡེ་ཤེས་ལྔ་ལྡན་ཆོས་ཀྱི་སྐུ༔ དུག་ལྔ་ཡེ་ནས་ལོངས་སྤྱོད་རྫོགས༔ སྤྲུལ་སྐུ་ཅིར་ཡང་སྟོན་མཛད་པ༔ བཅོམ་ལྡན་རྒྱལ་བ་ཡབ་ལྔ་དང༔ འབྱུང་ལྔའི་བདག་མོ་ཡུམ་ཆེན་ལྔ༔ ཐབས་ཤེས་དབྱེར་མེད་ངང་དུ་འཁྲིལ༔ བདེ་གཤེགས་ཡབ་ལྔའི་ཐུགས་ཀ་ནས༔ མུ་ཏིག་ཤེལ་གྱི་ཁུ་འཕངས་འདྲིལ༔ བདེ་ཆེན་ཡུམ་ལྔའི་མཁའ་དབྱིངས་སུ༔ ཛཾ་བུ་ཧ་ནའི་གསེར་བཞིན་བསྟིམ༔ ཕར་འཕྲོས་མཉེས་པའི་མཆོད་པ་འབུལ༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ རྒྱལ་བ་རིགས་མཆོག་ཡབ་ཡུམ་བཅུ༔ བྱང་ཆུབ་སེམས་སུ་གཅིག་པར་ཐིམ༔ རྣམ་པ་དྲི་ཆེན་སྣང་མཛད་ལ༔ ཕྱི་རོལ་ཆེན་པོ་ལྔ་དག་པས༔ ནང་གི་རྒྱུ་འབྲས་ཡེ་ནས་དག༔ མི་བསྐྱོད་བྱང་ཆུབ་སེམས་ཉིད་དེ༔ དམིགས་མེད་དག་པ་ཡེ་ཤེས་ཡིན༔ མཱཾ་ས་རིན་ཆེན་འབྱུང་ལྡན་གཙོ༔ མཉམ་དང་མཉམ་ཉིད་དབྱེར་མེད་དོ༔ སྣང་བ་རཀྟ་མཐའ་ཡས་གསུང༔ སྐྱེ་འགག་མེད་པར་ཡེ་ནས་དག༔ དོན་གྲུབ་དྲི་ཆུ་ལས་གྲུབ་པ༔ དྲི་མེད་རྒྱུ་འབྲས་རྣམ་པར་དག༔ ཀུན་ཏུ་གཙང་ཞིང་དྲི་མེད་པས༔


RTZ030_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མ་ལུས་སངས་རྒྱས་ལྔ༔ ལུས་པ་མེད་པ་ཡེ་ཤེས་ངང༔ མ་བཅོས་ཡེ་ནས་ལྷུན་གྱིས་རྫོགས༔ དེ་ཕྱིར་བདུད་རྩི་བཅུད་ཀྱི་མཆོག༔ མཆོག་གི་རྫས་ཞེས་དེ་ལ་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛཿཧཱུྃ་བཾ་ཧོ༔ ལྷ་རྣམས་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་གཉིས་སུ་མེད་པར་གྱུར། ཆེ་བ་བརྗོད་ཅིང་འབུལ་བ་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ར་སཱ་ཡཱ་ན་ལ་སོགས་རྫས༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ གཉིས་མེད་བདེ་ཆེན་རང་བྱུང་བས༔ བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ༔ ཤ་ཆེན་མཆོད་པ་རིན་པོ་ཆེ༔ རྫས་མཆོག་ཚེ་ཡི་དྲི་ཆེན་པོ༔ པདྨ་མེ་ཏོག་ཡང་དག་ལྡན༔ རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག༔ ག་བུར་ཤེལ་གྱི་སྤོས་ཕོར་དྲི༔ རིན་ཆེན་མེ་ལྟར་འབར་བའི་ཚོགས༔ ཡོན་ཏན་འབུམ་ཕྲག་ཡངས་པ་སྟེ༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་བསྒྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཐབས་མཆོག་འདི༔ ཐམས་ཅད་རྣལ་འབྱོར་བདག་ཉིད་ཆེ༔ མ་ལུས་འདུས་པའི་ཐིག་ལེ་མཆོག༔ སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར༔ གཅིག་ཏུ་དཔའ་བོའི་རོ་རྣམས་དང༔ གཉིས་


RTZ030_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པར་མཉམ་སྦྱར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་དང༔ རྒྱལ་བ་རྒྱ་མཚོ་ཐམས་ཅད་མཆོད༔ བཞེས་ཏེ་ཀུན་ཏུ་དགྱེས་མཛོད་ལ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དེ་ཡན་ཆད་ཁྲོལ་བུ་འཇུ་འདུལ་དང་དོན་གཅིག་པའོ། །དེ་ནས་ཕྱེ་སྒྲུབ་དངོས་ནི། ཧཱུྃ༔ ཕོ་བྲང་སྒོ་བཞི་མུ་ཁྱུད་རྫོགས༔ དབུས་ཕྱོགས་འཁོར་ལོ་རྩིབས་བཞིའི་སྟེང༔ སེང་གེ་གླང་རྟ་རྨ་བྱ་ཁྱུང༔ རིན་ཆེན་ཉི་ཟླ་པད་སྟེང་དུ༔ མི་བསྐྱོད་རྣམ་སྣང་རིན་མཐའ་གྲུབ༔ བཟང་མོ་སྤྱན་མ་གོས་དཀར་སྒྲོལ༔ མཐིང་དཀར་སེར་དམར་ལྗང་འོད་འབར༔ རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་གྲི༔ དྲིལ་འཁྲོལ་རིན་ཆེན་རྒྱན་རྣམས་རྫོགས༔ བདག་ལ་རྫོགས་འཁྲིལ་སྦྱོར་བ་མཛད༔ ཚོམ་བུ་ལ་སོགས་རིགས་ལྔར་གསལ༔ རྡོ་རྗེ་ཆོས་སྐུ་རོལ་པའི་ལྷ༔ ཉོན་མོངས་དུག་ལྔའི་རྟོག་ཚོགས་སྦྱངས༔ སྨན་གྱི་ཕོ་བྲང་འཇུ་འདུལ་མཛོད༔ ཕོ་བྲང་ལྷ་ཚོགས་ལས་འོད་འཕྲོས༔ སྣོད་བཅུད་ཐམས་ཅད་བསྡུས༔ རིགས་ལྔ་ཡབ་ཡུམ་ལ་ཐིམ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད༔ བདུད་རྩི་དཀར་དམར་དུ་ལྟེམ་མེ་བ༔ ལྷང་ངེ་བ༔ མེར་མེར་གང་བར་གྱུར༔ ཤེས་རབ་སྒྲོག་གིས་སྦྲེལ་བའི་གཟུངས་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ཐོབ་བར༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏོང་ངོ༔ གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་


RTZ030_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མྲྀ་ཏ་ར་སཱ་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་གཙོ་བོར་བཟླ། དེ་ནས་བདུད་རྩི་བསྐྱིལ་བའི་སྔགས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཞེས་པའང་ཅི་ནུས་བཟླས་ལ། བསྐུལ་བ་ནི། ཧོ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན༔ སྡོང་བུ་དུར་ཁྲོད་རས་ལ་བསྡམ༔ རིན་ཆེན་མར་ཁུ་མཚོ་ལྟར་བསྐྱིལ༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང༔ དམ་ཅན་མ་གཡེལ་དམ་ལ་འདུས༔ བདུད་རྩི་སྨན་གྱི་སྲུང་མ་རྣམས༔ དམ་ཚིག་སྨན་གྱིས་གཡབ་དོར་ན༔ རྟགས་དང་མཚན་མ་བསྟན་པ་དང༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨ་བེ་ཤ་ཡ་པྲ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧྲཱིཿཋཱ༔ ཞེས་དང་སྔགས་བཟླ། དེ་ནས་སྲུང་མའི་མཆོད་གཏོར་འབུལ། ལས་གཞུང་གི་ཚོགས་བསྒྲལ་བསྟབ་བར་བཏང་ནས་དངོས་གྲུབ་གནད་སྐུལ་ནི། ཧཱུྃ༔ དཔལ་ཆེན་ཡབ་ཡུམ་གཙོ་དང་འཁོར༔ ཟླ་གམ་དབང་ཆེན་གསང་བའི་མཐའ༔ རྡོ་རྗེ་ཐབས་མཆོག་གཉིས་སུ་མེད༔ ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས༔ མ་བསྒྲིབས་སྤྱན་མངའ་ཡེ་ཤེས་ཐུགས༔ ཐམས་ཅད་ཀུན་ནས་དགོངས་སུ་གསོལ༔ དུས་ལས་མི་འདའ་དམ་ཚིག་ཅན༔ སྐྱབས་ལས་མི་གཡེལ་ཡལ་གམ་ཅན༔ བྱང་ཆུབ་འབྲས་བུ་བདག་གིས་བསྒྲུབ༔ འགྲོ་མང་ཐབས་ཀྱིས་བདག་གིས་བསྒྲལ༔ དབང་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཐུགས་དམ་


RTZ030_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་ད་བབས་ན༔ བཏང་སྙོམས་ཡལ་ཡོལ་མི་མཛད་ཅིང༔ དངོས་གྲུབ་སྩོལ་བའི་དུས་འདི་ལགས༔ བདག་གི་རེ་བསམ་ཡོངས་འགྲུབ་ཅིང༔ གཉིས་མེད་བདུད་རྩིའི་དངོས་གྲུབ་སྩོལ༔ ཅེས་བསྐུལ་བས་ཕོ་བྲང་གི་ལྷ་འོད་དུ་ཞུ་ནས་བདུད་རྩི་སྨན་གྱི་རང་བཞིན་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པར་བསམ་ལ། ཕོ་བྲང་སྤྱི་བོར་བཞག་ལ། ཧཱུྃ༔ རིགས་ལྔ་ཡབ་ཡུམ་མཁའ་ཀློང་དུ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ གཉིས་མེད་བྱང་སེམས་འཕྲོ་འདུ་མཛད༔ སྣང་སྲིད་རྩི་བཅུད་སྨན་དུ་བསྡུས༔ དམ་རྫས་གསང་བའི་བདུད་རྩི་འདི༔ ཡེ་ཤེས་ལྷ་ལ་འབུལ་བའི་ཚེ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མཉེས༔ དམ་ཅན་སྲུང་མ་མཆོད་པའི་ཚེ༔ ཐུགས་དམ་བསྐངས་ནས་ཕྲིན་ལས་མཛད༔ རིག་འཛིན་རྣམས་ལ་འབུལ་བའི་ཚེ༔ དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར༔ རྣལ་འབྱོར་བདག་གིས་མྱང་བའི་ཚེ༔ དབང་དང་དངོས་གྲུབ་ཡོངས་རྫོགས་ཐོབ༔ བདུད་དང་བགེགས་ལ་ཕོག་པའི་ཚེ༔ ལུས་སེམས་ཐལ་བ་རྡུལ་དུ་བརླག༔ ཨ་ལ་ལ་སྟེ་ངོ་མཚར་ཆེ༔ ཆོས་སྐུ་གཅིག་ལ་ཐ་དད་པ༔ རིགས་ལྔའི་དངོས་གྲུབ་འདིར་ཐོབ་ནས༔ ཡང་དག་འཆི་མེད་དོན་བརྙེས་སོ༔ ཞེས་བདག་དབང་བླང་། བདུད་རྩིའི་དྭངས་མ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ག་རྡོ་རྗེའི་ལྕེ་ལ་བརྒྱུད། གནས་གསུམ་དུ་ཐིམ་པས་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་དངོས་གྲུབ་མ་ལུས་པ་བདག་ལ་ཐིམ་པར་བསམ་ལ་བདུད་རྩིའི་


RTZ030_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་གནས་གསུམ་དུ་བཀོད། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨ་ཨཱ༔ ཞེས་བརྗོད། དེ་ནས་སློབ་མ་རྣམས་ཁྲུས་དང་བགེགས་བསྐྲད་སྤྱི་མཐུན་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་ཇི་སྐད་དུ། བླ་མེད་གསང་བ་མཆོག་གི་རྫས༔ ངོ་མཚར་བདུད་རྩི་སྨན་སྒྲུབ་ཡིན༔ འདི་མེད་གསང་སྔགས་སྲོག་དང་བྲལ༔ འདི་ཡོད་གསང་སྔགས་བསྟན་པ་གནས༔ ཞེས་གསུངས་པ་ལྟར། བདུད་རྩི་བམ་པོ་བརྒྱད་པ་གཙོ་བོར་གྱུར་པའི་རྒྱུད་ལུང་མན་ངག་མང་པོའི་དགོངས་དོན། སྒྲུབ་ལུགས་ཆེན་པོ་བརྒྱད་ལས། མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་སྒྲུབ་པའི་ཐབས་ཁྱད་པར་དུ་འཕགས་ཤིང་། རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་རྩར་གྱུར་པ་དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་པ་འདི་ནི་དགོས་པ་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། གཞུང་ལས། བདེ་གཤེགས་མ་ལུས་མཆོད་པའི་རྫས༔ བླ་མ་ཡི་དམ་བདུད་རྩི་ཡིན༔ དྷཱ་ཀི་ཀུན་གྱི་སྙིང་ཁྲག་འདི༔ ཟོས་པས་ཡོན་ཏན་བརྗོད་མི་ལང༔ སངས་རྒྱས་སྐུ་ལྔའི་བདག་ཉིད་འགྲུབ༔ ཕྱི་ཡི་གདོན་ཞི་ལུས་ནད་འཇོམས༔ ནང་དུ་ཉོན་མོངས་དུག་ལྔ་དག༔ ཐུན་མོང་དམ་ཚིག་ཉམས་ཆག་བསྐང༔ གསང་བ་རང་བྱུང་རྣམ་པར་དག༔ ཉན་ཐོས་རང་སངས་རྒྱས་ལ་སོགས༔ བསྐལ་པ་གྲངས་མེད་སྐད་ཅིག་གིས༔ མཉམ་དང་ཆེས་ལྷག་ཡོན་ཏན་རྫོགས༔ དེ་ཕྱིར་གསང་བའི་


RTZ030_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་སོ༔ ཞེས་སོགས་བསྔགས་པ་མཐའ་ཡས་པ་དང་ལྡན་པ་འདི་ཉིད་ཀྱི་བཀའ་སྲོལ་སྔ་འགྱུར་བཀའ་གཏེར་རྣམས་སུ་ཇི་སྙེད་ཅིག་འབྱུང་བ་ལས་སྐབས་སུ་བབས་པ་འདི་ནི། ཆོས་རྒྱལ་རཏྣ་གླིང་པས་གཉལ་སྨད་དགེ་རི་བྲག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཆ་ལག་བདུད་རྩིའི་དབང་བསྐུར་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལྟར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ ཧེ་རུ་ཀ་དཔལ་བདུད་རྩིའི་རྒྱལ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ཚེ་གཅིག་ཐར་པའི་ལམ་ཐོབ་པ༔ བདུད་རྩི་རྒྱལ་པོའི་དབང་མཆོག་ཞུ། ཞེས་ལན་གསུམ་ཞུ། དེ་ནས་རྡོ་རྗེ་རྒྱལ་པོས། འཁོར་འདས་ཀུན་གྱི་གསང་སྲོག་གཅིག༔ ཉན་ཐོས་རྫུ་འཕྲུལ་བརྟན་ཐོབ་པས༔ འདི་ཡི་དབང་བསྐུར་ལན་གཅིག་མཆོག༔ མཐར་ཐུག་བདུད་རྩིར་བསྒྲུབ་པའི་ཕྱིར༔ འདི་ཞུ་ལས་སྐལ་རབ་ལྡན་ཞིང༔ དམ་ཚིག་ཚུལ་བཞིན་བསྲུང་ལགས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བླ་མ་དང་ནི་དཀྱིལ་འཁོར་ལྷ༔ སྤངས་ན་དངོས་གྲུབ་གཞན་མེད་པས༔ ལུས་དང་སྲོག་ལ་བབ་གྱུར་ཀྱང༔ སྒོ་གསུམ་དམ་ལས་འདའ་མི་བྱེད༔ ཡང་བླ་མས། བློ་གྲོས་བརྟུལ་ཞུགས་ལྡན་རྣམས་ལེགས༔ ཚུར་གཤེགས་བདུད་


RTZ030_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་དབང་མཆོག་སྦྱིན༔ ཅེས་གནང་བ་བྱིན་པ་ལ་སྤྲོ་དགའ་ཆེན་པོས། ལེགས་སོ་སྐུ་དྲིན་ཆེའོ༔ ཞེས་བརྗོད་པར་ཞུ། བླ་མ་དང་སྨན་གྱི་ཕོ་བྲང་རིགས་ལྔ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་ཏིང་ངེ་འཛིན་གྱི་རིམ་པ་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་པའི་སྐུར་གསལ་བ་ལ། སྨན་གྱི་ཕོ་བྲང་བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་རིགས་ལྔ་རྒྱལ་བའི་དཀྱིལ་འཁོར་ཉིད་ཀྱིས་གནས་སོ་སོར་དབང་བསྐུར་བས། ཡེ་ཤེས་པ་གཉིས་པ་རེ་འཕྲོས་ནས་གནས་དེ་དག་ཏུ་ཐིམ་པས་དུག་ལྔའི་བདུད་ལ་ཡེ་ཤེས་ཆེན་པོའི་རྩིས་ཐེབས། ཕྱི་ནང་གི་རྟོག་ཚོགས་བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་དུ་ཤར་བར་མོས་ཤིག །སྨན་གྱི་ཕོ་བྲང་དང་རྡོར་སེམས་སྐུ་ཐོགས་ལ། ཧཱུྃ༔ རང་བྱུང་དཔལ་ཆེན་རྡོར་སེམས་ཉིད་ཀྱི་སྐུ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ༔ ཐུགས་རྗེའི་སྤྲིན་ཚོགས་དམ་རྫས་བདུད་རྩིས་བཀང༔ སྐལ་ལྡན་ཁྱོད་ལ་བདག་གི་དབང་མཆོག་བསྐུར༔ ཁྱེད་ཀྱིས་བླ་མེད་དཀྱིལ་འཁོར་བཟུང་བ་དང༔ བརྩེ་ཆེན་འགྲོ་བའི་དོན་རྣམས་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་


RTZ030_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། ལག་མཐིལ་རྣམས་སུ་བཞག །ཕོ་བྲང་དང་རྣམ་སྣང་སྐུ་སྙིང་གར་བཞག་ལ། ཧཱུྃ༔ རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ངང༔ གཏི་མུག་རྣམ་དག་རང་གསལ་ཡེ་ཤེས་དབང༔ སྐྱེ་མེད་རྣམ་དག་བདུད་རྩིའི་དབང་ཐོབ་ཤོག༔ ཨོཾ་ཛི་ན་ཛིཀ྄་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཕོ་བྲང་དང་སྣང་མཐའི་སྐུ་མགྲིན་པར་བཞག་ལ། ཧཱུྃ༔ སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ངང༔ འདོད་ཆགས་རྣམ་དག་བདེ་ཆེན་ཡེ་ཤེས་དབང༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་དབང་ཐོབ་ཤོག༔ ཨཱཾ་ཨ་རོ་ལྀཀ྄་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧྲཱི༔ ཕོ་བྲང་དང་རིན་འབྱུང་སྐུ་ལྟེ་བར་བཞག་ལ། ཧཱུྃ༔ རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ངང༔ ང་རྒྱལ་རྣམ་དག་སྤྲོས་མེད་དབང་ཐོབ་ཤོག༔ སྭཱ་རཏྣ་དྷྲྀཀ྄་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཏྲཱཾ༔ ཕོ་བྲང་དང་དོན་གྲུབ་སྐུ་གསང་བར་བཞག་ལ། ཧཱུྃ༔ དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཆེ༔ ཕྲག་དོག་རྣམ་དག་འཛིན་བྱེད་དབང་ཐོབ་ཤོག༔ ཧཱ་པྲ་ཛྙཱ་དྷྲྀཀ྄་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱ༔ སླར་ཡང་སྣོད་བཅུད་ཡོངས་རྫོགས་དམ་རྫས་བདུད་རྩིའི་ཕོ་བྲང་གིས་དབང་བསྐུར་བས་དཀྱིལ་འཁོར་བའི་གནས་གསུམ་ལས་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་རྟོག་སྒྲིབ་ཉམས་ཆག་མ་ལུས་པ་དག །དབང་བཞི་གཅིག་ཆར་དུ་ཐོབ་པར་མོས་ཤིག །ཕོ་བྲང་གིས་འོག་


RTZ030_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚིག་བསྟུན་གནས་གསུམ་དུ་བསྐུར་ལ། ཧཱུྃ༔ གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས༔ དག་དང་མ་དག་མི་རྟོག་རྟོག་ལས་འདས༔ དུས་གསུམ་གཅིག་ལ་སྐུ་གསུམ་ཡོངས་སུ་རྫོགས༔ དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན༔ སྐལ་ལྡན་བུ་ཡིས་ཡོངས་རྫོགས་དབང་ཐོབ་ཤོག༔ བསྐལ་པར་བསྒྲིབས་ཀྱང་གཏི་མུག་མུན་སེལ་བ༔ སྤྲིན་བྲལ་ཉི་མའི་དཀྱིལ་འཁོར་རབ་བརྗིད་ལྟར༔ བདུད་རྩི་རྒྱལ་པོའི་དབང་མཆོག་འདི་བསྐུར་བས༔ རིག་འཛིན་རྒྱལ་པོའི་དབང་མཆོག་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ༔ ཨོཾ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ བཛྲ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ རཏྣ་ཤྲཱི་ཧེ་རུ་ཀ༔ རཏྣ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ པདྨ་ཤྲཱི་ཧེ་རུ་ཀ༔ པདྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཀརྨ་ཤྲཱི་ཧེ་རུ་ཀ༔ ཀརྨ་ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕོ་བྲང་གི་ལྷ་ཚོགས་འོད་དུ་ལྷགས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་སྣང་སྲིད་བདུད་རྩི་རྣམ་དག་གི་དགོངས་པའི་རྩལ་ཆེན་རྫོགས། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་གསང་བ་གསུམ་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད། སླར་ཕོ་བྲང་སྤྱི་བོར་བཞག་ལ། ཧཱུྃ་བྷྲཱུྃ༔ ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ༔ སྲོག་གི་སྙིང་པོ་གཞལ་ཡས་ཁང༔ སྐུ་གསུམ་སྐུ་དེ་སྐུ་ལ་ཐིམ༔ གསུང་གསུམ་གསུང་དེ་གསུང་ལ་ཐིམ༔ ཐུགས་གསུམ་ཐུགས་དེ་ཐུགས་ལ་བསྟིམ༔


RTZ030_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་གསང་བའི་སྐུ་གསུང་ཐུགས༔ མ་ལུས་འདུས་པའི་ཐུགས་རྗེ་ཆེ༔ བྱང་ཆུབ་སེམས་ལ་རབ་ཏུ་ཐིམ༔ སྙིང་པོ་གསང་བ་མཆོག་གི་ལམ༔ སྐལ་ལྡན་འདི་ཡིས་ཐོབ་པར་ཤོག༔ འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བདུད་རྩི་གསང་བ་རྒྱ་མཚོའི་མཆོག༔ འཆི་མེད་དམ་རྫས་གསང་བའི་དབང་མཆོག་འདི་བསྐུར་པས༔ ལོངས་སྤྱོད་རྫོགས་པ་སྐུའི་འབྲས་བུ་ཐོབ་སྟེ་རིགས་ལྔའི་ངོ་བོར་གྱུར་པ་ཡིན་ནོ༔ བདུད་རྩི་ཆང་དང་སྦྱར་བ་གནས་གསུམ་དུ་ཐིག་ལེ་བྱ། ཁར་སྦྱིན་ལ། ལྕེ་ཡི་རྡོ་རྗེའི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱང་ན་སྐུ་གསུང་ཐུགས་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། དེས་དམ་རྫས་སྨན་གྱི་དབང་བསྐུར་རྒྱས་པར་ཐོབ་པ་ཡིན་པས། བདུད་རྩི་གསང་བའི་རྒྱུད་དག་ལས༔ ཉན་ཐོས་རྫུ་འཕྲུལ་སྟོབས་ལྡན་ཞིང༔ སངས་རྒྱས་ཞིང་ཁམས་ཀུན་འགྲོ་བས༔ འདི་ཡི་དབང་མཆོག་ལན་གཅིག་ཐོབ༔ ངེས་པར་ས་ལམ་འདིས་ཐོབ་སྟེ༔ ཅི་ཕྱིར་འཁོར་འདས་ཀུན་གྱི་སྲོག༔ ཡེ་ཤེས་རྡོ་རྗེ་བདུད་རྩི་ཆེ༔ དེ་ཕྱིར་ཐིག་ལེ་གསང་བའི་སྐུ༔ དབང་མཆོག་རྒྱལ་པོ་འདིས་ཐོབ་ཕྱིར༔ ས་བཅུ་རྒྱུན་གྱི་མཐའ་དང་མཉམ༔ དེ་ཕྱིར་སྐལ་ལྡན་དགའ་བ་སྐྱེད༔ དམ་ཚིག་མིག་འབྲས་བཞིན་དུ་སྲུངས༔ ཞེས་གསུངས་པས་ཕན་ཡོན་ལ་སྤྲོ་དགའ་སྐྱེད་པ་དང་། དམ་ཚིག་གཉན་


RTZ030_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚུལ་བཞིན་བསྲུང་དགོས་པ་ལགས་སོ། །ཤིན་ཏུ་གསང་བའི་དབང་མཆོག་ཟབ་རྒྱ༔ བཀའ་ལས་འདས་ན་གཉན་རྒྱ༔ སྣོད་ལྡན་བུ་ལ་གཏད་རྒྱ༔ སྣོད་མེད་བློ་ཆུང་ལ་གསང་རྒྱ༔ མེ་ཏོག་འཐོར་ལ་ཤིས་པ་བརྗོད། ཇི་ལྟར་བསྒོས་པ་རྣམས་ཚུལ་བཞིན་དུ་བསྒྲུབ་སྙམ་པའི་ཡིད་ཀྱིས་དམ་ཚིག་གི་རིམ་པ་མདོར་བསྡུས་ཏེ་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་གཏང་རག་ཕྱིན་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཆོག་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ལས་གཞུང་ཉིད་ཇི་ལྟ་བར་བགྱིས་པས་འགྲུབ་བོ། །བདུད་རྩི་སྨན་གྱི་ལྗོན་བཟང་ཕྱོགས་ཀུན་རྒྱས། །གྲུབ་གཉིས་འབྲས་བུ་ཤིན་ཏུ་སྨིན་པ་ལས། །སྐྱེ་དགུ་ཕན་བདེའི་དགའ་སྟོན་ལ་སྤྱོད་ཅིང་། །སྣང་སྲིད་དཔལ་གྱི་ཕྱག་རྒྱར་རྫོགས་གྱུར་ཅིག །འདིའང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སུ་སྒྲུབ་ཆེན་དང་མི་འབྲེལ་བར་མི་མཛད་ཀྱང་། དེང་སང་དུས་དབང་གིས་ཆུང་ནས་སློབ་དཔོན་གྱི་གོ་ས་མི་བཟུང་ཀ་མེད་རྣམས་ལ་རབ་ཁའི་རྟ་ཉོ་དགོས་པ་མང་དུ་མཐོང་བས་ཕན་འདོད་ཀྱི་བློས། ཚུལ་འདིའི་གཞུང་དང་ལག་ལེན་ལ་ཤིན་ཏུ་གོམས་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ། བསྟན་གཉིས་གཡུང་དྲུང་གླིང་པ།next