Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
རྗེས་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེས་ཆོགnext

རྗེས་ཆོག


RTZ031_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆོག་ནི། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། སྲིད་གསུམ་གདུག་པ་འདུལ་བ་དང་། །ང་རྒྱལ་ཆེན་པོ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ། །རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་བསྟོད། །བཟོད་གསོལ་ནི། ཧོཿ དཔལ་ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ། ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་། ག་ན་སྦྱོར་བ་བྱིན་གྱིས་མ་རློབ་པ་དང་། མཆོད་སྔགས་ཏིང་འཛིན་མ་དག་ཅིང་ཉམས་པ་དང་། དགེ་བ་བཅུ་དང་དུ་མ་ལོངས་ཤིང་མི་དགེ་བ་བཅུ་རྩ་བ་ནས་མ་ཆོད་པ་དང་། བཀའ་བཞིན་གཞུང་མ་བསྲངས་པ་དང་། དམ་ཚིག་རྩ་བ་དང་ཡན་ལག་ཉམས་ཆག་ཏུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ་ལོ། །ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཚངས་པ་དམ་པ་སྩོལ་བར་ཅི་གནང་། ཞེས་གསོལ་ཞིང་ཡི་གེ་བརྒྱ་པ་བརྗོད། ནམ་མཁར་བཞུགས་པའི་ཡེ་ཤེས་པ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་གཤེགས་སུ་གསོལ་བའམ་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ་བ་ནི། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བདག་བསྐྱེད་ཀྱི་རྣལ་འབྱོར་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་སྣང་སྲིད་འོད་དུ་ཞུ་བ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་ཚོགས་ལ་ཐིམ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ། གཙོ་བོ་ཡེ་ཤེས་སེམས་དཔའ་ལ། ཡེ་ཤེས་སེམས་དཔའ་ཐུགས་སྲོག་ཧཱུྃ་ལ།


RTZ031_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གྱེན་རྫོགས་ཐིག་ལེར་ཡལ་བའི་ངང་དུ་མི་དམིགས་པར་བཞག་པས་རྟག་མཐའ་བསལ་ལོ། །རྒྱུན་གྱི་ཏིང་ངེ་འཛིན་ནི། ཕཊ་ཕཊ་ཕཊ། སྟོང་གསལ་གྱི་ངང་ནས་བདག་ལུས་ཆུ་ལས་ཉ་ལྡངས་པའི་ཚུལ་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱང་ཞིང་འདོད་ཡོན་གྱི་རོལ་པ་མཐའ་དག་མཆོད་པ་ཆེན་པོའི་དམ་ཚིག་ཏུ་སྤྱད་པས་ཆད་པའི་མཐའ་བསལ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །སྨོན་ལམ་ནི། ཧོཿ དགོངས་སུ་གསོལ་ལོ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་བརླབ་བོ། །སངས་རྒྱས་ཀྱི་མཐུའོ། །ཨ་བྷི་ཙརྻའི་དུས་ལ་བབ་བོ། །བརྣག་པ་དེ་ཁོ་ན་ལའོ། །དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག །དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་སར། །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་གྱུར་ཅིག །བཀྲ་ཤིས་བརྗོད་པ་ནི། ཧཱུྃ། སྐྱེ་མེད་ཆོས་སྐུའི་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུར་སྤྲུལ་པ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ །མི་འགྱུར་རྟག་པའི་དོན་གྱི་བཀྲ་ཤིས་ཤོག །འཁོར་ལོ་རྒྱས་འདེབས་ཡུམ་གྱི་བཀྲ་ཤིས་ཤོག །སྤྲུལ་པའི་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག །ཤེས་རབ་ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག །ཡང་སྤྲུལ་ཕྱག་བརྙན་ཚོགས་ཀྱི་བཀྲ་ཤིས་ཤོག །སྲས་མཆོག་ཕུར་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་སྒོ་སྐྱོང་བཞི་ཡི་བཀྲ་ཤིས་ཤོག །དམ་ཅན་བཀའ་སྡོད་


RTZ031_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མའི་བཀྲ་ཤིས་ཤོག །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག །སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་པར་བྱའོ། །


previousརྗེས་ཆོགnext