Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ། པདྨ་གར་གྱི་དབང་ཕྱུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ། པདྨ་གར་གྱི་དབང་ཕྱུགnext

རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ། པདྨ་གར་གྱི་དབང་ཕྱུག


RTZ031_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ། །


RTZ031_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཨུཏྟ་ར་དེ་བ་མཎྜ་ལཱ་ཡ། དོན་དམ་བཅུད་ཀྱི་བདུད་རྩིས་རིགས་ཁམས་ཀུན། །རྡོ་རྗེ་སྙིང་པོར་སྨིན་མཛད་བླ་མ་རྗེ། །མི་གནས་ཡེ་ཤེས་དཔལ་ཆེན་ཀུ་མཱ་རས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་མཛོད། །གཏེར་ཁ་ཀུན་ལས་བྱིན་རླབས་ཀྱི། །ཚན་ཁ་ཁྱད་འཕགས་རཏྣའི་ལུགས། །ཡང་གསང་བླ་ན་མེད་པ་ཡི། །དོན་དབང་བཀླགས་པས་ཆོག་པ་བྲི། །འདི་ཉིད་སྒྲུབ་ཆེན་དང་རྡུལ་ཚོན་ལྟ་བུ་སྤྲོས་པ་རྒྱས་པ་དང་འབྲེལ་ན་ཐིག་ཚོན་གྱི་འདོན་ཆ་སོགས་གཏེར་གཞུང་ལས་ཤེས་པར་བྱ་ཞིང་། སྐབས་འདིར་མགྱོགས་དབང་སྟབས་བདེའི་ལུགས་སུ་བྱས་ཏེ་རས་བྲིས་སམ་མཎྜལ་ལ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་བུམ་པ་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཞག་ལ། བུམ་རྫས་རྣམས། ཨོཾ་བྷྲཱུྃ་བཛྲ་པཱ་ཎི་ས་མ་ཡ༔ བེ་གཱ་ར་ས་ཛ་ཡ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་གརྦྷ་པླག་ཤ་བྷི་ཏ་སརྦ་སིདྡྷི་ཛ༔ བྷྲཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་བླུག །དེའི་སྟེང་ལྡིང་ཁྲིའི་ཁར་ཨེ་ཁྲོམ་ལ་གཙོ་ཕུར་དར་མཐིང་ནག་གི་ཅོད་པན་ཅན། གཡས་སུ་དབང་གི་གཏོར་ཆེན། གཡོན་དུ་ཐོད་པའི་བདུད་རྩི་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བྲིས་པས་དགབ་པ། མདུན་དུ་སྨན་རག་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱ། གཞན་ཡང་གཙོ་བོའི་ཕྱག་མཚན་བཞི། ཐོད་ཕྲེང་སྦྲུལ་ཆུན། གླང་ཀོ་སྟག་ཤམ། ཐལ་རཀ་ཞག་གསུམ། གཟིག་ཤམ་རྒྱན་དྲུག་དྲིལ་བུ་བཅས་པ་སྟེ་ཙཀ་ལི་ལྔ། ཚེ་འབྲང་དང་ཟས་སྣ། སྲས་ཕུར། ལྕགས་ཧོམ་ཉ་བོ། སོ་ཤིང་དང་སྲུང་སྐུད་སྔོན་པོ་ཀུ་ཤ་རྣམས་སློབ་མའི་གྲངས་མཉམ། ལས་བུམ། གཏོར་ཚོགས་ཀྱི་རིགས་རྣམས་འདུ་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི་གཞུང་རྩ་བ་ལས། དབང་འདིའི་བསྙེན་སྒྲུབ་གསང་སྒྲུབ་ལྟར་བྱ་བར་དམིགས་སུ་གསུངས་པས་ཆགས་མེད་ཞབས་ཀྱིས་མཛད་


RTZ031_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

པའི། སངས་གླིང་ཕུར་པའི་ལམ་ཁྱེར་འདིའི་གསང་སྒྲུབ་ཀྱི་མངོན་རྟོགས་ཚིགས་བཅད་དུ་བསྡེབས་པར་མཛད་པ་ཉིད་འཚམ་ཞིང་ལེགས་པས། སྐྱབས་སེམས་སྔོན་འགྲོ་སྤྱི་ཆོས་རྣམས་སྤྱི་ལྟར་བཏང་ནས། ཧཱུྃ༔ རང་བྱུང་ལྷུན་གྲུབ་སོགས་ལྟ་བའི་མཚམས་གཅད་ནས་བསྟོད་པའི་བར་བཏང་སྟེ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཇི་ཙམ་ནུས་པ་བྱ་ཞིང་འཕྲོ་འདུ་སྤྱི་ལྟར་དང་། ཁྱད་པར་རྒྱལ་བ་རྣམས་ཀྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པ་དང་། གཙོ་བོ་ཁྲོ་བཅུའི་སྐུའི་རྣམ་པར་བསྡུ་ཞིང་ལུས་དཀྱིལ་རྣམས་ཀྱིས་ཀྱང་སྔགས་སྒྲ་དིར་དིར་བཟླ་བར་མོས། སྔགས་ཕྲེང་ཡབ་ཡུམ་གྱི་ཞལ་དང་གསང་བར་བརྒྱུད་དེ་འཁོར་བའི་དོ་ལིའི་བཟླས་པ་དང་། དེ་ལས་འོད་ཟེར་ལས་མདོག་ཏུ་སྤྲོ་བས་ཕྲིན་ལས་བཞི་བསྒྲུབ་པར་མོས་ལ། མཐར་སྟོང་ཚིགས་མཆོད་བསྟོད་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་འཇུས་ཏེ་གཙོ་སྔགས་ཅི་འགྲུབ་བཟླ། མཐར་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ། ལྷ་རྣམས་ཆགས་པ་ཆེན་པོས་རྡོ་རྗེ་བདུད་རྩིའི་ངོ་བོར་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་མོས། ལས་བུམ་གྱི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར།


RTZ031_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། དེ་ནས་སྲུང་མའི་མཆོད་གཏོར་དང་། ཚོགས་མཆོད་བསྒྲལ་བསྟབ་ཡན་བྱས་ལ། རོལ་མོ་དང་བཅས་ཏེ་སྙན་གསན་དབབ་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་རིག་འཛིན་སྲས་དང་འཁོར༔ སྤྲུལ་པའི་ཁྲོ་ཚོགས་ཡབ་ཡུམ་སྲས་དང་བཅས༔ གསང་བའི་དཀྱིལ་འཁོར་རྣལ་འབྱོར་བདག་ཅག་ལ༔ དབྱིངས་ནས་སྐུར་བཞེངས་དབང་ཆེན་བསྐུར་དུ་གསོལ༔ ཐུགས་རྗེ་ཆེན་པོའི་བྱིན་ཆེན་དབབ་ཏུ་གསོལ༔ རྡོ་རྗེ་ཕུར་པ་ཡེ་ཤེས་མཆོག་གི་ངང༔ བསྐལ་པ་སྔོན་ནས་བདག་དང་གཡར་དམ་གཅིག༔ དུས་འདིར་བདག་དང་དབྱེར་མེད་བསྒྲུབ་པའི་ཕྱིར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐུགས་དམ་ཅན༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ སྙིང་པོ་བྱང་ཆུབ་མཆོག་ནི་མ་ཐོབ་བར༔ རྩེ་གཅིག་ཡིད་ཀྱིས་གུས་པས་དམ་བཅའ་སྟེ༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ༔ ཞེས་བརྗོད་ཅིང་རིག་པའི་མེ་ཏོག་དོར། དེ་ནས་སློབ་མ་རྗེས་སུ་བཟུང་བ་ལ་གཉིས། སྟ་གོན་འཇུག་པའི་ཆོས་དང་། དངོས་གཞི་ལ་དབང་བསྐུར་བའོ། །དང་པོ་ནི། སྤྲོས་པ་རྒྱས་པའི་སྐབས་དངོས་སྟ་སོ་སོར་ཕྱེ་དགོས་ཀྱང་། ལག་ལེན་དཀྱུས་ལ་དངོས་སྟ་སྦྲེལ་བར་མཛད་པས་དེ་ལྟར་ན། སློབ་བུ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ་ཞིང་། ཧཱུྃ༔


RTZ031_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བག་ཆགས་སྒྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀ་ཤུདྡྷོ྅་ཧཾ༔ ཞེས་དང་། ཡིག་བརྒྱ་བཟླ། བགེགས་གཏོར་ཆབ་བྲན། རཾ་ཡཾ་ཁཾ། ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་དགུག །སརྦ་བིགྷྣཱཾ་ན་མཿསརྦ་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འབྱུང་པོའི་ཚོགས་རྣམས་འདའ་བྱེད་པ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་ཆུང་འབར་བའི་མཚོན་ཆའི་ཆར༔ མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་ཤམ་བུར། བཛྲ་བཛྲ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཧ་ན་ཧ་ན༔ ཨུཙྪ་ཏ་ཡ་ཕཊ༔ ཅེས་བརྗོད་ལ་ཐུན་དང་རོལ་མོ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཏོ་རྒྱ་གྲམ་མེ་རི་ཁྲོ་ཆུང་འབར་བའི་གུར་ཁང་གིས་གཏམས་པས་བགེགས་ཀྱི་ཚོགས་ཉེ་མི་ནུས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་བཅོམ་ལྡན་འདས་འཁོར་


RTZ031_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་བཛྲ་ཀུ་མཱ་ར་དང་གཉིས་སུ་མེད་པའི་མཆོག་གི་རིག་པ་འཛིན་པ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས། འབྱུང་འགྱུར་གདུལ་བྱ་མཐའ་ཡས་པ་རྣམས་ཀྱི་ཁམས་དབང་སྐལ་པའི་ཁྱད་པར་དང་མཐུན་པར། གསང་སྔགས་ཀྱི་ཆོས་སྒོ་ནམ་མཁའི་མཐས་ཀྱང་གཞལ་བར་དཀའ་བ་ཞིག་དབྱེ་བར་མཛད་པ་ལས། དམ་པའི་ཆོས་སྒྲུབ་པ་པོ་སྤྱིའི་བར་ཆད་བསལ་བ་དང་། ལས་ཀྱི་རིགས་ཀྱི་གདུལ་བྱ་བྱེ་བྲག་པ་རྣམས་རྗེས་སུ་འཛིན་པ་དང་། ཐུན་མོང་གཙོ་བོར་བསྒྲུབས་པས་མཆོག་ཞར་ལ་འགྲུབ་ཅིང་ཁྱད་པར་སྙིགས་དུས་ཀྱི་དམ་སྲི་མ་རུངས་པ་མཐུ་བོ་ཆེ་རྣམས་ཀྱི་གཉེན་པོར་ཆེད་དུ་བསྔགས་པ། ཕྲིན་ལས་ཕུར་པ་རོལ་པའི་གདམས་པ་ཁྱད་པར་ཅན་རྒྱས་འབྲིང་བསྡུས་པ་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་། ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་རིན་ཆེན་སའི་གཏེར་དུ་གཏམས་པར་མཛད་པ་ལས། འདིར་རང་གཞུང་ལས། ཁོ་མོ་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ མོན་ཁ་སྣེ་རིང་སེང་གེའི་རྫོང་གསུམ་དུ༔ སྙིང་པོའི་ཡང་ཞུན་དཔེ་ཚར་གསུམ་དུ་བཀོད༔ གནམ་སྐས་ཅན་དང་ལྡང་ལུང་ཁྲ་མོ་བྲག༔ པདྨའི་རྫོང་དང་གསུམ་དུ་སྦས་ཏེ་བཞག༔ དེ་རྣམས་ནང་ནས་གསེར་གྱི་ཡང་ཞུན་ལྟར༔ ཁོ་མོའི་ཐུགས་བཅུད་འདི་ཉིད་མིན་རེ་ཀན༔ ཞེས་གསུངས་པ་ལྟར་ཕྲིན་ལས་ཕུར་པའི་བཀའ་བབས་དབྱིངས་ཕྱུག་བདུད་འདུལ་རྒྱལ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་


RTZ031_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་དམ་མནོག་ཆོས། བིཏྱོཏྟ་མ་ལ་འབུམ་སྡེའི་ཡང་སྙིང་། ཕུར་པ་གསང་བའི་སྙིང་པོ་ཕྲིན་ལས་ཀྱི་རྒྱུད་ལ་བརྟེན་ནས་ཁ་ཚང་དོན་འདྲིལ་དུ་གདམས་པ་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐོར་འདི་ནི། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད། སྐུ་ཚེ་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་ཤིང་གཏེར་ཁ་ཉི་ཤུ་རྩ་ལྔ་ཞལ་དབྱེ་བ་ལ་བར་ཆད་ཅུང་ཟད་ཀྱང་མ་བྱུང་བར་འགྲོ་དོན་བསྟན་པ་མཐའ་རྒྱས་སུ་འཕེལ་བ། ཆོས་རྒྱལ་རཏྣ་གླིང་པས་ལྡང་ལྷ་ཁྲ་མོ་བྲག་གི་སྤོ་ཏོ་བར་མ་ནས་སྤྱན་དྲངས་པ་སྟེ། འདིའི་དབང་བསྐུར་རྒྱས་པ་ཕྲིན་ལས་གཏེར་མཛོད་ཟབ་གནད་མཚོན་ཆ་འཁོར་ལོ་ཞལ་སྤྲོད་དང་བཅས་པ། བསྡུས་པ་དོན་དབང་ཡིད་བཞིན་ནོར་བུ་གཉིས་སུ་བཞུགས་པ་ལས། འདིར་ཐེམ་བྱང་ལས། དོན་དབང་བསྡུས་པ་ཡིད་བཞིན་ནོར་བུ་འདི༔ དབང་རྫོགས་བཀའ་དང་བྱིན་རླབས་འདུས་པའི་ཕྱིར༔ སྤྲོས་པར་མི་དགའ་དད་ལྡན་བུ་ལ་སྐུར༔ ཅེས་བཀའ་རྫོགས་བྱིན་རླབས་འདུས་པའི་སྨིན་བྱེད་ཟབ་མོ་བསྐུར་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སྟ་གོན་འཇུག་པའི་རིམ་པ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །དེ་ནས་ཐལ་མོ་མེ་ཏོག་


RTZ031_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པར་འདུ་ཤེས་པའི་གུས་པ་ཉེ་བར་བཞག་སྟེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། ལེགས་འོངས་སྐལ་ལྡན་རིགས་ཅན་རྣམས༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་ཅིང་དམ་ལ་གནས་གྱུར་པའི༔ དབང་དང་སྐལ་པར་ལྡན་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ ལྷ་དང་བླ་མ་དབྱེར་མི་ཕྱེད༔ བླ་མེད་རྡོ་རྗེ་ཕུར་པ་ཡི༔ དབང་གི་དཀྱིལ་འཁོར་འཇུག་པར་སྤྲོ༔ ཞེས་ཞུ། སྐལ་བ་དང་ལྡན་པ་ཙམ་གྱིས་མི་ཆོག་རྒྱུད་དག་ཅིང་སྣོད་དུ་རུང་བ་དགོས་པས། དཀྱིལ་འཁོར་རྣམ་པ་གསུམ་གྱི་ལྷ་ཚོགས་ལ་ཕྱོགས་དུས་ཀྱི་རྩ་གསུམ་དཀོན་མཆོག་མ་ལུས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པ་ལ། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དང་ལྷན་ཅིག་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློ་དང་ལྡན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔


RTZ031_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། སྲིད་པར་འཁྱམས་པའི་མ་རྒན་མཐའ་དག་གི་སླད་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་བསྒྲུབ་པར་བྱ། དེའི་ཕྱིར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བ་དང་ལམ་རིམ་པ་གཉིས་ལ་སློབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྙིང་པོར་གྱུར་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །གསང་སྔགས་ཀྱི་གཞི་རྟེན་སོ་སོ་ཐར་པའི་སྡོམ་པ།


RTZ031_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལམ་བྱང་ཆུབ་སེམས་ཀྱི་བསླབ་པ། སྙིང་པོ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོ་དཔག་མེད་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་སོ་ཤིང་མཐོ་གང་རྒྱ་མདུད་དང་བཅས་པ་མགོ་མཇུག་མ་ལོག་པ་མེ་ཏོག་དང་བཅས་པ་གཏད་ཅིང་ནས་ཀྱི་ཚོམ་བུ་ལྔ་པ་བཀོད་པ་མདུན་དུ་བཞག་སྟེ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བར་ཞུ། ཧཱུྃ༔ ལྷག་པའི་ལྷ་མཆོག་ཕུར་པའི་ལྷ༔ སྔོན་ནས་འབྲེལ་བའི་དཀྱིལ་འཁོར་དུ༔ རྟགས་ཀྱི་སོ་ཤིང་དོར་བར་བྱ༔ རྟགས་དང་མཚན་མ་བསྟན་དུ་གསོལ༔ དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཕྱོགས་བཞིར་བསྟན་ན་ཕྲིན་ལས་བཞི། མཚམས་སུ་དངོས་གྲུབ་ཕྲན་ཚེགས། སྟེང་དང་འོག་ཏུ་བསྟན་ན་མཁའ་སྤྱོད་དང་ས་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་སོ། །དེ་ནས་སྲུང་སྐུད་ལ་རྡོ་རྗེའི་མདུད་པ་བྱས་ཏེ་རྩ་སྔགས་ཀྱིས་བྱིན་བརླབ། བར་ཆད་སྲུང་བའི་རྡོ་རྗེའི་སྲད་བུ་འདི་ཉིད་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་འཆིང་བར་ཞུ།


RTZ031_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བཅིངས་ཤིང་། རྡོ་རྗེ་འབར་བ་ཆེན་པོ་སྟེ༔ ཅིས་ཀྱང་མི་ཤིགས་རྒྱས་གདབ་བོ༔ ཞེས་རྡོ་རྗེས་མདུད་མཚམས་སུ་རྒྱས་གདབ། ཀུ་ཤ་གཙང་མ། ཨོཾ་ཨཱཿཧཱུྃ་བཟླས་ཤིང་ལས་བུམ་གྱི་ཆུས་བསངས་ཏེ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི༔ མཉམ་ཉིད་དག་པའི་སྟན་འདི་ལ༔ ཁྱོད་ཀྱང་བརྟག་པའི་རྟེན་འབྲེལ་མཛོད༔ ཀུ་ཤའི་ཆུན་པོ་སྔས་དང་སྟན་གྱི་དོན་དུ་ཟུངས་ལ་རྨི་ལམ་གྱི་མཚན་མ་བརྟག་པར་གྱིས་ཤིག །ཅེས་བརྗོད། རྣལ་འབྱོར་རྒྱུན་གྱི་དབང་ལེན་པའམ། སྒྲུབ་ཆེན་དངོས་གྲུབ་བགོ་བའི་རྗེས་འབྲེལ་དུ་འདིའི་དབང་སྦྱིན་པ་སོགས་ལ་སོ་ཤིང་དཔུང་སྐུད་ཀུ་ཤ་གསུམ་མི་དགོས་སོ། །དེ་ནས་དམ་ཚིག་གི་མནའ་ཆུ་ལྕེ་ལ་བཞག་ཅིང་རྡོ་རྗེ་གནས་གསུམ་དུ་གཏུགས་ཏེ། ཧཱུྃ༔ དམ་ཚིག་འདི་ནི་བླ་ན་མེད༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་ཕྱིར༔ ང་ནི་ཁྱོད་ཀྱི་ཧེ་རུ་ཀ༔ ང་ཡིས་བསྒོ་བའི་བཀའ་ཅི་བཞིན༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཛ༔ བླ་མ་དཔལ་ཆེན་པོས་ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་རྡོ་རྗེའི་ཐ་ཚིག་ལ་རབ་ཏུ་གནས་པར་བགྱིའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་འཚལ། ཨི་དན་ན་ར་ཀན༔ འདི་ལ་ཡེ་ཤེས་པ་དབབ་པ་ཟུར་དུ་མ་གསུངས་ཀྱང་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ལྟར་ན། དེ་ནས་དབང་བསྐུར་གྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་།


RTZ031_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་བྷཱ་བས་སྦྱང་། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་བདུད་བཞི་བསྣོལ་བའི་གདན་ལ་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ནས་ཚུར་འདུས་པས་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག་སྤྱན་དགུ་དམར་ཟླུམ་ཕྱོགས་བཅུར་གཟིགས་ཤིང་དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ལ་རིགས་ལྔའི་རྩེ་བྲན་ཅན་གྱི་ཐོད་སྐམ་ལྔས་བརྒྱན་པ། གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཱཾ་བསྣམས་ཤིང་། མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ། ཉི་མ་དང་ཟླ་བས་སྙན་གོང་བརྒྱན་ཅིང་སྦྲུལ་རིགས་ལྔ་དང་ཐོད་པ་ཚར་གསུམ་གྱི་ཕྲེང་བས་སྤྲས་པ། རྡོ་རྗེ་རིན་པོ་ཆེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན། ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་སུ་བཞུགས་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆས་ཀྱིས་བརྒྱན་པ། གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་


RTZ031_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་གང་བ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ། དེའི་ཐུགས་ཀར་རྡོ་རྗེ་མཐིང་ག་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་བཅུ་བཞིས་བསྐོར་བ་རྣམས་དང་། བླ་མ་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཅེས་བརྡ་སྦྱར་ལ་དབྱངས་རོལ་སྤོས་སྦྱོར་བཅས། ལས་བྱང་གི་སྤྱན་འདྲེན་བརྗོད་ལ་མཐར་རྩ་སྔགས་ཀྱི་གཤམ་དུ། གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཧཱུྃ་ས་མ་ཡ་ཛཿ ཞེས་དྲག་ཏུ་བཟླ། མཐར་རྡོ་རྗེ་སྤྱི་བོར་བཞག་ལ། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། དེ་དག་གིས་སྟ་གོན་དང་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། གཉིས་པ་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ནི། དེ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག༔ ཕུར་པ་བླ་ན་མེད་པ་ཡི༔ དཀྱིལ་འཁོར་ཆེན་པོར་བདག་འཇུག་ཅིང༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ་ཞུ། དེ་ནས་ཐོག་མར་བུམ་པའི་དབང་


RTZ031_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ནི། རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་ཀཱི་ལ་ཡ་ཡི་སྔགས་སྒྲ་དི་རི་རི་བྱོན། རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། བྱིན་རླབས་ཁུ་འཕངས་བབ་པ་ལྟར་ཤ་ར་ར་བྱུང་ནས་སྤྱི་བོར་ཐིམ་པས་ཐོད་པ་དུང་ཁང་གི་ནང་དུ་རྡོ་རྗེ་ཕུར་པའི་ལྷ་ཐམས་ཅད་དག་པ་འོད་གསལ་གྱི་སྐུར་གྱུར་པར་སྒོམས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་རྣམ་དག་ཆོས་སྐུའི་གཞལ་ཡས་ན༔ ལོངས་སྤྱོད་རྫོགས་སྐུ་ཕུར་པའི་ལྷ་ཚོགས་བཞུགས༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་བ་འདུལ་བའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྩ་བ་བུམ་པའི་དབང་མཆོག་བསྐུར་པས༔ སྐུ་གསུང་ཐུགས་འགྱུར་བ་མེད་པའི་རྡོ་རྗེའི་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་གཙོ་བོའི་ཕུར་པ་ཐོགས་ལ། གཙོ་ཕུར་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། ཉོན་ཤེས་ཀྱི་སྒྲིབ་པ་དག་ཅིང་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་


RTZ031_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལོངས་སྤྱོད་རྫོགས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་ཨཱ༔ ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གནས་གསུམ་དུ་གཏུགས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཙོ་བོ་རྡོ་རྗེ་ཕུར་པའི་དབང་ཡོངས་སུ་རྫོགས་པ་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཆོག་ཐོབ་སྟེ༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ བྷནྡྷ་ཐོགས་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ངག་ཏུ་བྱིན་པས་རྩ་ཁམས་ཟག་མེད་ཀྱི་བདེ་བས་གང་སྟེ། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ ཟག་མེད་རྩ་ཁམས་དག་པ་ལས༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ བདེ་གཤེགས་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨཱ་རལླི་ཛྙཱ་ན་མུ་དྲ་མ་ཧཱ་ཛྙཱ་ན་ཨ་ཧོ་སུ་ཁ་སིདྡྷི་ཧོ༔ བདུད་རྩི་བླུད་ལ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གསང་བའི་དབང་མཆོག་འདི་བསྐུར་པས༔ བདེ་ཆེན་ཟུང་འཇུག་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག༔ རྟགས་ཀྱི་ཕྱག་རྒྱ་དང་དཔལ་གྱི་ཆས་རྣམས་བྱིན་པས་འཁོར་འདས་ཟིལ་གྱིས་གནོན་པའི་དབང་ཆེན་ཐོབ་


RTZ031_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས་ཤིག །གཡས་སུ་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་དུ་མེ་དཔུང་ཁ་ཊྭཱཾ་གཏད་ལ། ཧཱུྃ༔ རྡོ་རྗེ་རྩེ་དགུ་གྱེན་དུ་གསོར་བ་ཡིས༔ ས་དགུའི་རྟོག་པ་རྩད་ནས་གཅོད༔ རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་འདྲེན༔ ཡེ་ཤེས་ལྔ་ཡི་ཀློང་དུ་སྦྱོར༔ མེ་དཔུང་འབར་བས་འཁོར་བ་ཡི༔ ཉོན་མོངས་བག་ཆགས་སྲེག་པར་བྱེད༔ ཁ་ཊྭཱཾ་གས་ནི་དུག་གསུམ་དང༔ ཉོན་མོངས་འཁོར་བ་རྩད་ནས་གཅོད༔ ཨོཾ་བཛྲ་བཛྲ་ཧཱུྃ༔ རཾ་རཾ་ཏྲི་ཤུ་ལ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་དང་སྲས་ཕུར་ལག་ཏུ་གཏད་ལ། ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྲས་མཆོག་བཛྲ་ཀཱི་ལ་ཡས༔ སྐུ་ཡི་དབྱིངས་སུ་དབང་བསྐུར་རོ༔ གསུང་གི་དབྱིངས་སུ་དབང་བསྐུར་རོ༔ ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ༔ ཡོན་ཏན་དབྱིངས་སུ་དབང་བསྐུར་རོ༔ ཕྲིན་ལས་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་སྲས་ཕུར་གྱིས་དབང་བསྐུར་པས༔ སྐུ་གསུང་ཐུགས་རོལ་པ་ཆེན་པོའི་དབང་ཐོབ་ཅིང༔ ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ནས་ཡི་དམ་ལྷ་དང་སྐལ་པ་མཉམ་པར་གྱུར་ཅིག༔ དེ་ནས་ཐོད་ཕྲེང་དང་སྦྲུལ་ཆུན་བསྐོན་པའི་ཚུལ་བྱས་ལ། ཧཱུྃ༔ ཐོད་ཕྲེང་ཚར་གསུམ་སྐུ་གསུམ་ལྡན༔ ཡེ་ཤེས་རོལ་པའི་རྒྱན་དྲུག་ཆེ༔ སྦྲུལ་ཆུན་དུག་གསུམ་གནས་སུ་དག༔ རྟོག་མེད་རོལ་པ་དཔལ་གྱི་ཆས༔


RTZ031_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཕྲེང་འདི་ཡིས་དབང་བསྐུར་རོ༔ རྔམ་བརྗིད་ཁྲོ་བོའི་དབང་ཐོབ་ཤོག༔ ཨོཾ་ཀ་པཱ་ལ་བྷྲཱུྃ་ལམྦ་ན་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་གླང་ཀོ་སྟག་ཤམ་སྦྱིན་ལ། ཧཱུྃ༔ འཁོར་བ་རྣམ་དག་གཡང་གཞི་འཇིགས༔ རྟོག་མེད་གླང་ཆེན་ཀོ་རློན་དཔའ༔ ང་རྒྱལ་རྣམ་དག་སྟག་ཤམ་འཇིགས༔ ཁྲོ་རྒྱལ་སྐུ་ཡི་རྒྱན་རྫོགས་པ༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཏི་ར་ན་ཧསྟི་བྱ་གྷྲི་ཙརྨ་བཛྲ་ཏྲི་ཤ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་ཆེན་འཇིགས་པའི་ཆས་ཀྱི་དབང་འདི་བསྐུར་པས༔ སྲིད་གསུམ་ཡོངས་སྒྲོལ་སྟོབས་བཅུ་ཡོངས་རྫོགས་ཀྱི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་རྟགས་གསུམ་གདབ་ཅིང་། ཧཱུྃ༔ དཔྲལ་བར་ཐལ་ཆེན་ཚོམ་བུ་འཇིགས༔ མཁུར་བར་ཁྲག་གི་ཐིག་ལེ་འཇིགས༔ ཨོག་མར་ཞག་གི་ཟོ་རིས་རྔམ༔ དཔལ་ཆེན་རྟགས་ཀྱི་དབང་བསྐུར་བས༔ ཁྲོ་རྒྱལ་འདུས་པའི་དབང་ཐོབ་ཤོག༔ ཨོཾ་ཏིགྣ་ཀརྨ་ཏྲི་ཤ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཁྲོ་རྒྱལ་རྟགས་ཀྱི་དབང་འདི་བསྐུར་པས༔ ཧེ་རུ་ཀ་དངོས་ཀྱི་བརྟུལ་ཞུགས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཡུམ་གྱི་གཟིག་ཤམ་རྒྱན་དྲུག་དྲིལ་བུ་གཏད་ལ། ཧཱུྃ༔ ཕ་རོལ་ཕྱིན་དྲུག་ཐབས་ཤེས་རུས་པའི་རྒྱན༔ མཉམ་ཉིད་ཡེ་ཤེས་ཡུམ་གྱི་རྒྱན་དུ་ཆེ༔ ཡང་དག་ཡེ་ཤེས་དྲི་མེད་གཟིག་གི་རྒྱན༔


RTZ031_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཉམས་ལྡན་དྲི་མ་མེད་པའི་ཆས༔ ཤེས་རབ་རང་བཞིན་དྲིལ་བུའི་སྒྲ་སྒྲོག་པ༔ ཟུང་འཇུག་མཉམ་ཉིད་བདེ་ཆེན་རང་གྲོལ་ཤོག༔ ཨོཾ་བཛྲ་ཡོ་གི་བྷི་ཤྭ་མ་ཧཱ་བྷྲཱུྃ་ཀ་ར་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཤེས་རབ་ཡུམ་གྱི་རྒྱན་དབང་བསྐུར་པས༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་ལྔ་ཡི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཚེ་གཏོར་ཚེ་ཡི་འབྲང་རྒྱས་ཚོགས་ཀྱི་ཡོ་བྱད་དང་བཅས་པ་སློབ་མའི་ལག་ཏུ་གཏད་ལ་རོལ་མོ་དང་བཅས་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས་གྲུབ་ཅིང༔ ཚེ་དང་ལོངས་སྤྱོད་འདོད་དགུ་ཆར་འབེབས་ཤིང༔ དཔལ་དང་བསོད་ནམས་མི་ཟད་ནམ་མཁའི་མཛོད༔ བཀྲ་ཤིས་ཀུན་གྱི་མཆོག་བརྙེས་བཀྲ་ཤིས་པ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཚེ་བྷྲཱུྃ་ཨཱ་ཡུ་ཥེ༔ མ་ཧཱ་པུཎྱེ་སིདྡྷི་ཛ༔ གྷ་ཎ་ཙཀྲ་སརྦ་རཏྣ༔ ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཀཱ་ཡ༔ ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས་ལ༔ ཚེ་དང་དཔལ་དང་ལོངས་སྤྱོད་ཀྱི་ཚོགས་འདི་རྣམས་ཀྱི་དབང་བསྐུར་ཞིང་གཏད་པས༔ བདེ་བར་གཤེགས་པ་རྣམས་ཀྱི་ཚོགས་ལ་ལོངས་སྤྱོད་པར་གྱུར་ནས༔ ཚེ་


RTZ031_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལོངས་སྤྱོད་དཔལ་དང་ལྡན་ཞིང་ཚེ་ལ་དབང་བ་དང༔ མཐར་ཐུག་ལོངས་སྤྱོད་རྫོགས་པ་རྒྱལ་བའི་སྐུ་ཐོབ་པར་གྱུར་ཅིག༔ ཅེས་ཚེ་དང་ཚོགས་ཀྱི་ལོངས་སྤྱོད་ལ་རོལ་དུ་གཞུག །སློབ་དཔོན་གྱིས་མེ་ཏོག་གཏོར་ལ། ཨོཾ་འགྲུབ་པར་གྱུར་ཅིག༔ ཚེ་དབང་དུ་གྱུར་ཅིག༔ ལོངས་སྤྱོད་དབང་དུ་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེ་ལྟར་གྱུར་ཅིག༔ མི་འགྱུར་བ་གཡུང་དྲུང་དུ་གྱུར་ཅིག༔ ཚེ་ཉི་ཟླ་ལྟར་གྱུར་ཅིག༔ ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་པར་གྱུར་ཅིག༔ ཅེས་བརྗོད། གདབ་ལས་ཀྱི་དབང་ནི། བྲུབ་ཁུང་ཉ་བོ་བཅས་མདུན་དུ་བཀོད་ལ། དེ་ནས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་གདབ་པའི་ལས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་མདུན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་ཕོ་ཉ་འཕྲོས་པས། བྱིའུ་ཁྲས་བཅུམ་པ་ལྟར་རང་དབང་མེད་པར་དགྲ་བོའི་རྣམ་ཤེས་བླ་དང་བཅས་པ་བཀུག་སྟེ་ལིངྒ་ལ་ཐིམ་པར་མོས་ཤིག །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ་དཀོན་མཆོག་རྩ་བ་གསུམ་དང་ཡི་དམ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཕྱག་རྒྱ་བཞི་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྜེ་ཧོཿ དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་སྟེ། གྲུ་གསུམ་


RTZ031_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་ཁང་པར་ལིངྒ་དང་གཉིས་སུ་མེད་པར་ཐིམ་པར་མོས་ཤིག །ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བ་དང་། ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལ་བཏབ་པས་ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པས་རང་ལ་བསྡུས་ཏེ་རྡོ་རྗེའི་ཚེ་སྲོག་གི་སྟོབས་བསྐྱེད། རྣམ་ཤེས་ཨ་དཀར་པོའི་རྣམ་པས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་གཤེགས་པར་མོས་ལ་ཕུར་པ་འདྲིལ་ཞིང་ལིངྒའི་སྙིང་ག་སོགས་གནས་རྣམས་སུ་ཐོབས་ཤིག །སྲས་མཆོག་གི་ཕུར་པ་བླངས་ཏེ། རྡོ་རྗེ་སློབ་དཔོན་གྱིས་འདྲིལ་ཞིང་རྗེས་ལ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ ཐབས་དང་ཤེས་རབ་ལས་བྱུང་བ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ རྒྱ་མདུད་གོང་མར་འབྲུག་སྒྲ་ལྡིར༔ གཅུམ་གཞོག་བརྒྱད་ནས་ཧཱུྃ་སྒྲ་ལྡིར༔ རྒྱ་མདུད་འོག་མར་ཕཊ་སྒྲ་སྒྲོག༔ ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ དབལ་ཟུར་གསུམ་ནས་མེ་དཔུང་འབར༔ གཟིར་བ་ཙམ་གྱིས་རྡུལ་དུ་རློག༔ འདྲིལ་བས་ཕྱོགས་སྐྱོང་བཅུ་ཡང་འདར༔ བཏབ་པས་ལྷ་ཡང་བརླག་པར་འགྱུར༔ དགྲ་བགེགས་ཙམ་ལ་སྨྲོས་ཅི་དགོས༔ སྐལ་ལྡན་བུ་ལ་འདི་གཏད་པས༔ སྟེང་གི་ལྷ་ཡང་ཐུལ་བར་ཤོག༔ འོག་གི་ཀླུ་ཡང་གཟིར་བར་ཤོག༔ བར་གྱི་སྡེ་བརྒྱད་ཚར་གཅོད་ཤོག༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ ཨོཾ་བཛྲ་


RTZ031_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལི་ཀཱི་ལ་ཡ༔ ཨ་མུ་ཀཾ་མཱ་ར་ཡ་མཱ་ར་ཡ༔ པྲ་མཱརྟ་ན་མ་ར་སེ་ན༔ སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཧུར་ཐུཾ་མཱ་ར་ཡ་སོད༔ ཅེས་ཕུར་པ་ལིངྒའི་སྙིང་ཁ་ལྟེ་བ་ཡན་ལག་བཞི་ལ་གདབ་ཏུ་གཞུག །ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཕུར་པ་རྫས་ཀྱི་དབང་བསྐུར་པས༔ དགྲ་བགེགས་ཚར་གཅོད་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་ལ་གཏུབས་པའི་དུམ་བུ་རྣམས་ལྷར་གསལ་བས་རོལ་དུ་གཞུག་གོ །དེ་ནས་གཏོར་ཆེན་ཐོགས་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་དམ་ཅན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་ཐིག་ལེའི་རྣམ་པར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རྩལ་རྫོགས་སུ་ཐོབ་བྱུང་སྙམ་དུ་མོས་མཛོད། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་


RTZ031_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་གནས་གསུམ་དུ་བཞག །ཧོ༔ སྐལ་ལྡན་ཁྱེད་རྣམས་ལ་གཏོར་ཆེན་ཡེ་ཤེས་འབར་བ་ཕྱག་རྒྱའི་དབང་འདི་བསྐུར་པས༔ བདེ་གཤེགས་ཀུན་གྱི་དབང་མཆོག་ཐོབ༔ ཐུགས་དམ་བསྐངས་ཏེ་བར་ཆད་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཚིགས་སུ་བཅད་པའང་ཁ་ཤས་བརྗོད་པར་བྱའོ། །དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་ཡིད་བཞིན་ནོར་བུ་མཐའ་རྟེན་གཏོར་དབང་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ལེགས་པར་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་མཇུག་གི་བྱ་བ་རྣམས་དང་། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ཀྱང་ལས་གཞུང་ལྟར་ཚང་བར་བྱའོ། །དབྱིངས་ཕྱུག་བདུད་འདུལ་རྒྱལ་མོའི་ཐུགས་དམ་བཅུད། །ཡང་གསང་བླ་མེད་སྙིང་པོ་དོན་གྱི་དབང་། །གཞན་རྗེས་འཛིན་དང་བདག་ཉིད་འཇུག་པ་ལ། །བྱ་སླ་དོན་ཟབ་རྣལ་འབྱོར་ཡིད་བདེའི་གསོས། །རིག་མཆོག་ཡེ་ཤེས་ཁྲོ་བོར་རྩལ་རྫོགས་པ། །སྲིད་པ་རྡོ་རྗེའི་སྲོག་ཏུ་ཞུགས་ནས་ཀྱང་། །འཁོར་འདས་ཐལ་བར་འབྱིན་པའི་ཕུར་བུ་ནི། །འདྲིལ་ཞིང་འདེབས་པའི་དབང་ཆེན་བརྙེས་གྱུར་ཅིག །ཅེས་པའང་རང་གཞན་ལ་ཉེར་མཁོ་སྟབས་བདེའི་སླད་དུ་པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།


previousརྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ། པདྨ་གར་གྱི་དབང་ཕྱུགnext