Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས་རྗེས་སུ་གནང་བ་མཁའ་འགྲོ་སྲོག་གི་ཐ་རམས།
   
   
   


 
previousཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས་རྗེས་སུ་གནང་བ་མཁའ་འགྲོ་སྲོག་གི་ཐ་རམས།next

ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས་རྗེས་སུ་གནང་བ་མཁའ་འགྲོ་སྲོག་གི་ཐ་རམས།


RTZ032_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ རྗེས་སུ་གནང་བ་མཁའ་འགྲོ་སྲོག་གི་ཐ་རམས་བཞུགས་སོ༔


RTZ032_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ཟློག་གསད་གསུམ་གྱི་རྗེས་གནང༔ བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ ལས་ཐམས་ཅད་ཀྱི་རྗེས་སུ་གནང་བ་མཁའ་འགྲོ་ཀུན་གྱི་སྲོག་གི་ཐ་རམས་ནི༔ དང་པོ་སྲུང་བའི་རྗེས་སུ་གནང་བ་ནི། རྡོ་རྗེའི་ལྟེ་བར་ཧཱུྃ་དམར་པོས་མཚན་པའི་མཐའ་སྐོར་དུ༔ རྡོ་རྗེ་མེ་རིས་བསྐོར་བ་སློབ་བུའི་མགོ་ལ་བཞག་ནས༔ ཧཱུྃ༔ སྲུང་བ་འཇིགས་མེད་རྡོ་རྗེ་འདི༔ སྐལ་ལྡན་བུ་རྣམས་བར་ཆད་མི་ཚུགས་པའི༔ སྲ་བརྟན་རྡོ་རྗེ་འབར་བ་ཆེ༔ རྡོ་རྗེ་འབར་བས་རྒྱས་གདབ་བོ༔ འཇིགས་པ་ཀུན་ལས་སྐྱོབ་པར་ཤོག༔ རྩ་སྔགས་ཞི་དྲག་ཤམ་དུ༔ མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྲུང་བ་རྡོ་རྗེ་ཕ་ལམ་གྱི་དབང་བསྐུར་པས༔ ཕ་རོལ་གྱི་བྱད་ཁ་རྦོད་གཏོང་ཐམས་ཅད་སྐྱོབ་པའི་མཐུ་སྟོབས་དང་ལྡན་པར་གྱུར་ཅིག༔ མེ་ཏོག་གི་ཆར་ཕབ་བོ༔ སྱ་མྱ་ཡྱ༔ ༈ དེ་ནས་ཟློག་པའི་རྗེས་སུ་གནང་བ་ནི༔ གསེར་གྱི་ཙཀྲ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་མཱཾ་གྱིས་མཚན་པ་དང༔ གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་དབང་ཕྱུག་གི་མཚན་མ་གཉིས་ཀྱིས་དབང་བསྐུར་ལ༔ ཧཱུྃ༔ ཌཱ་ཀི་སྟོབས་ལྡན་ཐོགས་མེད་ཀྱི༔ ལྡོག་མེད་སྟོབས་ཆེན་འཁོར་ལོ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིགས་པའི་རྦོད་གཏོང་ཟློག་པ་དང༔ མི་མཐུན་ཕྱོགས་ལས་རྒྱལ་བར་ཤོག༔ ཡི་གེ་བཅུ་བཞིའི་ཤམ་བུ༔ ཌཱ་ཀི་སརྦ་


RTZ032_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

དུཥྚཱན་བྱད་མ་རྦོད་གཏོང་ཐམས་ཅད་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ ཟློག་པ་སྟོབས་ལྡན་ཙཀྲའི་དབང་བསྐུར་པས༔ འབྱུང་བ་བཞི་ཡི་གནོད་པ་ཟློག་པ་དང༔ ཕ་རོལ་གྱི་བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག་པའི་སྟོབས་དང་ལྡན་པར་གྱུར་ཅིག༔ ཅེས་མེ་ཏོག་གཏོར༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ ༈ དེ་ནས་གསོད་པའི་རྗེས་སུ་གནང་བ་སྦྱིན་པ་ནི༔ ལྕགས་སམ་སེང་ལྡེང་ཕུར་པ་མཁའ་འགྲོའི་སྒྲུབ་རྟེན་སེང་ཞལ་ཅན་དང༔ གྲི་ཐོད་གྲུ་གསུམ་གཏད་ལ༔ ཧཱུྃ༔ སྟོབས་ལྡན་མཁའ་འགྲོའི་ཕྱག་མཚན་འདི༔ ཞིང་བཅུ་བསྒྲལ་བ་སྲོག་གི་སྤུ་གྲི་ཡིན༔ སྐལ་ལྡན་བུ་ཡི་ཕྱག་གི་མཚན་ཏུ་གཏད༔ དྲེགས་པ་ཅན་རྣམས་མ་ལུས་འདུལ་བ་དང༔ ཞིང་བཅུ་བསྒྲལ་བའི་ལས་རྣམས་འགྲུབ་པར་ཤོག༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ དགྲ་བགེགས་བྱད་མ་གནོད་བྱེད་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད༔ ཅེས་བསད་པ་སྤུ་གྲིའི་འཁོར་ལོའི་རྗེས་སུ་གནང་བས༔ བསྟན་པ་ལ་གནོད་པའི་ཞིང་བཅུར་གྱུར་པ་ཐམས་ཅད་བསྒྲལ་བའི་ལས་ལ་ཐོགས་པ་མེད་པར་འགྲུབ་པའི་སྟོབས་དང་ལྡན་པར་གྱུར་ཅིག༔ ཅེས་མེ་ཏོག་གཏོར༔ འགྲུབ་པར་གྱུར་ཅིག༔ དེ་བཞིན་དུ་འགྲུབ་པར་གྱུར་ཅིག༔ སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བཀྲ་ཤིས་བརྗོད༔


RTZ032_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་དབང་གཞུང་རྒྱས་བསྡུས་གང་ཡིན་ཀྱང༔ རྗེས་སུ་གནང་བ་དམ་ལྡན་བུ་ལ་སྦྱིན༔ སྲུང་ཟློག་བསད་གསུམ་གནང་བ་འདི་མེད་ན༔ ལས་བྱེད་འདོད་པ་བྱིས་པ་ངལ་བའི་རྒྱུ༔ སྲུང་བའི་གནང་བ་མ་ཐོབ་ན༔ གཅེར་བུ་གཡུལ་དུ་ཞུགས་པ་འདྲ༔ ཟློག་པའི་གནང་བ་མ་ཐོབ་ན༔ བཙན་པོ་རྒྱབ་མེད་དབང་ཡོད་བྱས་པ་འདྲ༔ བསད་པའི་གནང་བ་མ་ཐོབ་ན༔ ཤེད་མེད་སྟག་དང་སྦར་འཛིངས་འདྲ༔ བླ་མ་དམ་པ་མ་བསྟེན་ན༔ མན་ངག་གཟེར་ཐིག་ཐོབ་མི་འགྱུར༔ ཡོ་བྱད་མཐུན་རྐྱེན་མེད་པ་ན༔ ཕུན་སུམ་ཚོགས་པའི་ཆོས་མི་ཐོབ༔ སློབ་དཔོན་བསྙེན་བཀུར་མ་ནུས་ན༔ མན་ངག་གསང་མཛོད་ཐོབ་པ་མེད༔ དད་པ་གདིང་ནས་མ་སྐྱེས་ན༔ ཁ་གསག་བྱིན་རླབས་ཞུགས་པ་མེད༔ སྒྲུབ་པ་སྙིང་ནས་མ་བྱས་ན༔ ལེ་ལོས་དངོས་གྲུབ་ཐོབ་པ་མེད༔ ཡི་དམ་རྩེ་གཅིག་མ་བསྒྲུབ་ན༔ ཡེ་ཤེས་མཁའ་འགྲོ་འགྲུབ་མི་སྲིད༔ བྱམས་དང་སྙིང་རྗེ་མ་བསྒོམ་ན༔ སྤྱོད་པ་མུ་སྟེགས་འཆོར་ཉེན་ཡོད༔ གསལ་སྟོང་ཟུང་འཇུག་མ་བསྒོམ་ན༔ ལྟ་བས་ཐག་ཆོད་འཆོར་ཉེན་ཡོད༔ བསྐྱེད་རྫོགས་ཟུང་འཇུག་མ་ཤེས་ན༔ སྒོམ་པ་ཨ་འཐས་འབྱམས་ཉེན་ཡོད༔ མཁའ་འགྲོ་རང་སེམས་མ་ཤེས་ན༔ འབྲས་བུ་གཞན་སྨོན་ལུས་ཉེན་ཡོད༔ དེ་ཕྱིར་བླ་མ་དམ་པ་བསྟེན༔ མན་ངག་སྙིང་པོ་སྒྲུབ་ལ་བརྩོན༔ ལས་སྦྱོར་སྟོང་ཉིད་སྙིང་རྗེ་བསྒོམ༔ ཡོ་བྱད་ཡི་དམ་མཁའ་འགྲོ་མཆོད༔ དེ་བྱས་མཁའ་འགྲོ་ངང་གིས་འགྲུབ༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་འབྱུང༔ དེ་ཕྱིར་


RTZ032_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་སྐལ་ལྡན་རྣམས༔ ཉམས་ལེན་སྙིང་པོ་འདི་ལ་དྲིལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔


previousཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས་རྗེས་སུ་གནང་བ་མཁའ་འགྲོ་སྲོག་གི་ཐ་རམས།next