མཁའ་འགྲོའི་སྙན་བརྒྱུད་ཟབ་མོ་ལས་རྫོགས་རིམ་བསྐྱེད་རྫོགས་གཉིས་མེད་ཀྱི་ཁྲིད་ཡིག་ཟིན་བྲིས་ཚེ་གཅིག་ཟུང་འཇུག་འགྲུབ་པའི་ཉེ་ལམ། དྷརྨ་སྭཱ་མཱི།


RTZ032_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་སྙན་བརྒྱུད་ཟབ་མོ་ལས་རྫོགས་རིམ་བསྐྱེད་རྫོགས་གཉིས་མེད་ཀྱི་ཁྲིད་ཡིག་ཟིན་བྲིས་ཚེ་གཅིག་ཟུང་འཇུག་འགྲུབ་པའི་ཉེ་ལམ་བཞུགས་སོ། །


RTZ032_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལྷར། །གུས་པས་བཏུད་ནས་བསྐྱེད་རྫོགས་གཉིས་མེད་པ། །གཏུམ་མོ་རྡོ་རྗེའི་རླུང་སྦྱོར་ཟབ་མོ་ཡིས། །ཚེ་འདིར་མཁའ་སྤྱོད་འགྲུབ་པའི་ཐབས་ལམ་བསྟན། །དེ་ལ་འདིར་གསང་སྔགས་བླ་ན་མེད་པ་མ་རྒྱུད་ཀྱི་ཉེ་ལམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་བསྐྱེད་རྫོགས་གཉིས་མེད་ཙཎྜ་ལཱི་རྡོ་རྗེའི་རླུང་བཟླས་ཟབ་མོ་ལ་བརྟེན་ནས། མ་དག་པའི་རྩ་ཐིག་རླུང་གསུམ་དྭངས་མ་ཡེ་ཤེས་ཀྱི་ཁམས་སུ་སྦྱངས་ནས་ཚེ་གཅིག་ལ་མཁའ་སྤྱོད་འོད་ལུས་འགྲུབ་པའི་ཐབས་ལམ་ཟབ་མོ་འདི་ཉིད་ལ་གསུམ། སྔོན་འགྲོ་སྒྲིབ་པ་སྦྱང་ཞིང་རྩ་གནས་བྱིན་གྱིས་བརླབ། དངོས་གཞི་སྟོང་ར་སྒོམ་ཞིང་བར་ཆད་བསྐྲད་ནས་རླུང་བུམ་པ་ཅན་ལ་སྦྱར། རྗེས་སུ་རྒྱུན་ཁྱེར་རྡོ་རྗེའི་བཟླས་པ་ལ་བསླབ་པའོ།


RTZ032_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དབེན་པའི་གནས་སུ་ཤ་ལྔ་དང་བདུད་རྩི་ལྔ་སོགས་བཟའ་བའི་དམ་རྫས། འབོལ་གདན་པུས་འཁྱུད་རས་གོས་སོགས་བཅང་བའི་དམ་རྫས། མཁའ་འགྲོ་མཉེས་པའི་ཚོགས་གཏོར་སོགས་མཆོད་པའི་དམ་རྫས་རྣམས་ཚོགས་པར་བྱ་ཞིང་། དང་པོ་ལུས་ཆུ་དྲོན་དང་དྲི་ཆུ་ལ་སོགས་པ་རྣམས་ཀྱིས་བཀྲུ་ཞིང་། དེའི་རྗེས་སུ་ཞུན་མར་ལ་སོགས་པའི་བསྐུ་མཉེ་བྱ། བདེ་བའི་འབོལ་གདན་ལ་ལུས་གནད་དང་བཅས་ཏེ་སྐྱབས་སེམས་བདུན་རྣམ་དག་བྱ་བ་ནི། བླ་མ་མཁའ་འགྲོའི་དཀྱིལ་འཁོར་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་ཞིང་། །སྙིང་པོ་སེམས་ཅན་


RTZ032_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བསྔོ། །བདག་ནི་མཁའ་ཁྱབ་སེམས་ཅན་གྱི། །དོན་ཕྱིར་བདེ་བ་ཆེན་པོ་བསྒོམ། །ལན་གསུམ་གྱི་བར་དུ་བརྗོད་ཅིང་དོན་བསམ། བདག་ཉིད་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མར་ཝལ་གྱིས་གསལ་བའི་སྤྱི་བོར་པདྨ་ཉི་མའི་གདན་ལ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་གུ་རུ་པདྨ་ཨ་ཙ་ར་གཞོན་ནུའི་ཆ་བྱད་སྐུ་མདོག་དཀར་ལ་དྭངས་པ་དབུ་སྐྲ་ཐོར་ཚུགས་རུས་པས་བརྒྱན་པ་སྐུ་ལའང་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར་ལ་དཀར་བའི་མདངས་དང་ལྡན་ཅིང་། ཕྱག་གཡས་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཡབ་ཡུམ་གཉིས་ཀ་སྐྱིལ་ཀྲུང་ཕྱེད་པར་གར་གྱིས་འཁྲིལ་སྦྱོར་དུ་བཞུགས་པར་མོས་ལ། དཔལ་ལྡན་བླ་མ་རྒྱལ་མཆོག་རྡོ་རྗེ་འཆང་། །བདག་གི་སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །བརྟན་པར་བཞུགས་ནས་བདག་རྒྱུད་བྱིན་རློབས་ཤིག །ཐུགས་རྗེས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གཉིས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་བདག་གི་ཚངས་བུག་ནས་མར་ཞུགས། སྤྱི་བོ་ནས་རིམ་གྱིས་གསང་གནས་བར་གྱི་འཁོར་ལོའི་རྩ་ཕྲན་བ་སྤུའི་བུ་ག་ཚུན་ཁེངས། སྡིག་སྒྲིབ་ཐམས་ཅད་དག །ལྷ་སྐུ་སྟོང་


RTZ032_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཕྱི་གསལ་ནང་གསལ་དྭངས་ཤེལ་ལྟ་བུར་གྱུར། དེ་ནས་སྤྱི་བོའི་བླ་མ་ཡབ་ཡུམ་འོད་དུ་ཞུ་སྟེ་བདེ་ཆེན་གྱི་འཁོར་ལོ་ལ་ཐིམ་བུམ་པའི་དབང་ཐོབ་ལུས་ཀྱི་སྡིག་པ་དག་བླ་མ་ཡབ་ཡུམ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་དུ་གྱུར། ཨོཾ་གུ་རུ་བཛྲ་སཏྭ་ཧཱུྃ། ཅི་ནུས་བཟླ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ། ཡང་བླ་མ་ཡབ་ཡུམ་འོད་དུ་ཞུ་མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་ཐིམ་གསང་བའི་དབང་ཐོབ་ངག་གི་སྒྲིབ་པ་དག་བླ་མ་ཡབ་ཡུམ་སྣང་བ་མཐའ་ཡས་ཀྱི་རྣམ་པར་གྱུར། ཧྲཱིཿགུ་རུ་པདྨ་སཏྭ་ཧཱུྃ། ཅི་ནུས་བཟླ། ལམ་སྔགས་རླུང་སྦྱང་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ། ཡང་བླ་མ་ཡབ་ཡུམ་འོད་དུ་ཞུ་སྙིང་ཁ་ཆོས་ཀྱི་འཁོར་ལོར་ཐིམ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སེམས་ཀྱི་སྡིག་པ་དག །བླ་མ་ཡབ་ཡུམ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་གྱུར། ཨོཾ་གུ་རུ་བུདྡྷཱ་སཏྭ་ཧཱུྃ། ཅི་ནུས་བཟླ། ལམ་བདེ་སྟོང་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ། ཡང་བླ་མ་ཡབ་ཡུམ་འོད་དུ་ཞུ་ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིམ་སྒོ་གསུམ་ཐ་མལ་དུ་འཛིན་པའི་སྡིག་པ་དག །བླ་མ་རྟ་ཕག་ཡབ་ཡུམ་གྱི་སྐུར་གྱུར། ཧྲཱིཿམ་ཧ་རི་ནི་ས་ཧཱུྃ། ཅི་ནུས་བཟླ། ལམ་བླ་མེད་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུར་མངོན་པར་


RTZ032_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་པར་མོས། དེའི་མཐར་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་དགོས་ཏེ། དེ་ཡང་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ངོ་བོ་དེའི་རང་ངོ་རིག་པར་བྱས་པས་འདི་ཞེས་མཚོན་དུ་མེད་པ་ལ་རིག་སྟོང་མྱང་རྒྱུ་ཡོད་པ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱང་ཡིན་ལ། རིག་སྟོང་རྫོགས་པ་ཆེན་པོ་ཀ་དག་གི་ངོ་བོ་ཡང་དེ་ག་ཡིན། དེས་མཚོན་པར་བྱས་ཏེ་བཟང་ངན་གྱི་རྣམ་རྟོག་གང་ལྟར་འཆར་ནའང་དེ་ཉིད་རང་ངོ་ཤེས་བཞིན་གྱི་སྟེང་དུ་འཇོག་ཅིང་དགག་སྒྲུབ་རེ་དོགས་གནས་སྒྱུར་རྩིས་གདབ་གང་ཡང་མི་བྱེད་པར་ཡེངས་མེད་དུ་ཧྲིག་གེ །འཛིན་མེད་དུ་གསལ་ལེ། གུ་ཡངས་སུ་ཆམ་མེར་འཇོག་པ་ཉིད་སྤྲོས་མེད་ཀྱི་རྫོགས་རིམ་ཐམས་ཅད་ཀྱི་གནད་དོན་སྙིང་པོའོ། །གཉིས་པ་དངོས་གཞི་སྟོང་ར་འཁོར་ལོ་བསྒོམ་ཞིང་སྲུང་འཁོར་བྱས་ནས་བུམ་ཅན་སྦྱང་བའི་རིམ་པ་ནི། རང་ལུས་མཁའ་འགྲོ་སེང་གེའི་གདོང་ཅན་ཁྲོ་མོའི་ཉམས་ལ་འཛུམ་པའི་མདངས་དང་ལྡན་པ། སྐུ་མདོག་དམར་མོ་པདྨ་རཱ་གའི་མདངས་ལྟར་གཟི་འོད་དུ་འབར་བ་ཕྱག་གཉིས་གྲི་གུག་དང་ཐོད་པ་བསྣམས་པ། དབུ་ལ་ཐོད་སྐམ་གྱིས་བརྒྱན་ཅིང་ཐོད་རློན་གྱི་དོ་ཤལ་འཕྱང་བ། སྐུ་ལ་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་སྒེག་པ་ལང་ཚོ་དང་ལྡན་པའི་ཞབས་བརྐྱང་བསྐུམ་འཁྱིལ་བའི་ཚུལ་དུ་བཞུགས་པ། ཕྱི་ལྷའི་རྣམ་པ་ཅན་ལ་ནང་སྟོང་ར་འོད་ཀྱི་རང་བཞིན་ཅན་དར་དམར་པོའི་གུར་ཁང་གི་ནང་དུ་སྒྲོན་མེ་བཏེག་


RTZ032_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་གསལ། སྐུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་པ་ཡར་མར་གྱི་སྣ་གཉིས་གཙུག་ཏོར་དང་གསང་གནས་སུ་ཟུག་པ། ལྟེ་འོག་སོར་བཞིའི་ཐད་ཙམ་ནས་དབུ་མ་ལ་གཡས་གཡོན་དུ་རོ་རྐྱང་གཉིས་སྦོམ་ཕྲ་མཐེབ་མཛུབ་ཙམ་པ་ཤིང་ལས་ཡལ་ག་སྐྱེས་པ་ལྟར་གྱེས་པའི་གཡས་གཡོན་དུ་དབུ་མ་ལ་མ་རེག་ཙམ་དུ་གྱེན་དུ་སོང་བའི་སྣེ་སྨིན་མཚམས་ཀྱི་ཐད་ནས་སྣ་བུག་གཉིས་སུ་ཟུག་པ། སྤྱི་བོའི་ཐད་དུ་བདེ་ཆེན་གྱི་འཁོར་ལོ་དབུ་མ་ལས་གྱེས་པའི་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་དོག་དཀར་པོ་གདུགས་ཀྱི་རྩིབས་མ་ལྟ་བུ་ཁ་མར་ཆུ་འགྲོས་ཀྱི་ཚུལ་དུ་སྦུབ་པའི་རྩེ་མོ་དང་དབུས་སུ་ཧ་ཡིག་དཀར་པོ་མགོ་ཐུར་བསྟན་རེ་རེ། མགྲིན་པའི་ཐད་དུ་ལོངས་སྤྱོད་ཀྱི་འཁོར་ལོ་དབུ་མ་ལས་གྱེས་པའི་རྩ་འདབ་བཅུ་དྲུག་ཁ་དོག་སེར་པོ་གདུགས་རྩིབས་གྱེན་དུ་བསྟན་པ་ལྟ་བུའི་དབུས་དང་རྩ་འདབ་ཀྱི་རྩེ་མོར་རི་ཡིག་སེར་པོ་མགོ་བོ་གྱེན་དུ་བསྟན་པ་རེ་རེ། སྙིང་གའི་གནས་སུ་ཆོས་ཀྱི་འཁོར་ལོ་དབུ་མ་ལས་གྱེས་པའི་རྩ་འདབ་བརྒྱད་ཁ་དོག་སྔོན་པོ་གདུགས་རྩིབས་མར་ཕུབ་པ་ལྟ་བུ་དབུས་དང་རྩ་འདབ་རྣམས་སུ་ནི་ཡིག་སྔོན་པོ་མགོ་བོ་ཐུར་དུ་བསྟན་པ་རེ་རེ། ལྟེ་བའི་ཐད་དུ་སྤྲུལ་པའི་འཁོར་ལོ་དབུ་མ་ལས་གྱེས་པའི་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་དོག་དམར་ལྗང་གདུགས་རྩིབས་གྱེན་དུ་བསྟན་པ་


RTZ032_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་དབུས་དང་རྩ་འདབ་རྣམས་སུ་ས་ཡིག་དམར་ལྗང་མགོ་བོ་གྱེན་དུ་བསྟན་པ་རེ་རེ། རྩ་འདབ་འདི་རྣམས་སྦོམ་ཕྲ་གྲོ་སོག་འབྲིང་པོ་ཙམ། དེ་ཡང་ཡ་ཡོ་མེད་པ་བདེ་སྟོང་སྲབ་ལ་མཉེན་པ་རང་རང་གི་ཁ་དོག་ཤིན་ཏུ་གསལ་དྭངས་ཅན་དུ་བསྒོམ་མོ། །དེ་ལྟར་གསལ་ཐེབས་ནས་སྤྱི་བོར་བླ་མ་ཡབ་ཡུམ་སྔར་བཞིན་ལམ་གྱིས་གསལ་གདབ། ལྟེ་བའི་འོག་སོར་བཞིའི་ཐད་དབུ་མའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཆོས་འབྱུང་འཕེལ་ཁ་གྱེན་དུ་བསྟན་པའི་ནང་དུ། རླུང་སེམས་ཀྱི་ངོ་བོ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཁྲོ་ཆུང་སྲན་རྡོག་ཙམ་པ་མེའི་མདོག་ཅན་ཤིན་ཏུ་ཁྲོས་པ་རེག་བྱ་ཚ་བ་ཚིག་པ་ངར་དང་ལྡན་པར་བསྒོམ། དེ་ནས་ལག་ལེན་བཞིན་དུ་རླུང་རོ་ལན་གསུམ་འབུད། དེ་རྗེས་བར་རླུང་སྦྱོར་བ་བཞི་ལྡན་བསྒོམ་པ་དང་ལྷན་ཅིག་དམིགས་པ་འདི་རྣམས་བྱ་སྟེ། རླུང་ནང་དུ་རྔུབ་པའི་སྦྱོར་བས་ལྟེ་བའི་མེ་དཀྱིལ་འབར་ཞིང་པདྨ་ཧེ་རུ་ཀའི་སྐུ་ལས་མེ་དང་ཁྲོ་ཆུང་ཚྭ་ཚྭ་དམར་སི་ལི་ལི་ཁོལ་བས་ལུས་ཀྱི་ནང་གང་། རླུང་ཕྱི་རོལ་དུ་བྱུང་བ་དང་ལྷན་ཅིག་བ་སྤུའི་བུ་ག་ནས་ཕྱིར་ཐོན་མེ་དཔུང་དང་མེའི་རང་བཞིན་ཅན་གྱི་མཚོན་ཆས་སྟོང་གསུམ་ཐམས་ཅད་ཁེངས། མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་ཆད་བྱེད་པ་ཐམས་ཅད་གཞོབ་ཏུ་བསྲེག །ཕྱི་རོལ་དུ་མེ་དཔུང་མེའི་རང་བཞིན་ཅན་གྱི་མཚོན་ཆས་གུར་དུ་འཁྲིགས་ཤིང་གཏམས་པས་བར་ཆད་ཀྱིས་གླགས་མི་རྙེད་པར་བསྒོམ།


RTZ032_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཁྲོ་ཆུང་དང་མེ་རྣམས་བ་སྤུའི་བུ་ག་ནས་ཚུར་ལྟེ་འོག་གི་མེ་དཀྱིལ་ལ་ཐིམ། པདྨ་ཧེ་རུ་ཀའི་སྐུ་ལས་མེ་ཆེར་འབར་ཏེ་ལྟེ་བའི་རྩ་འཁོར་རྣམས་མེས་དམར་ལྟེམ་གྱིས་གང་། དེ་བཞིན་རླུང་ཐེངས་རེ་དང་སྦྱར་ཏེ་མས་ནས་ཡར་རིམ་པ་བཞིན་སྙིང་གའི་འཁོར་ལོ་དང་། མགྲིན་པའི་འཁོར་ལོ་དང་། བདེ་ཆེན་གྱི་འཁོར་ལོའི་བར་དུ་ཁེངས་པར་འབར། དེ་ནས་མེ་དབུ་མའི་ནང་ནས་ཡར་སོང་སྤྱི་བོའི་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཕོག །བདེ་ཆེན་བསྐུལ། སྐུ་ལས་བདེ་བའི་ཐིག་ལེ་དངུལ་ཆུ་ལྟར་དཀར་ཕྲོམ་ཕྲོམ་བབས་ཏེ་རླུང་ཐེངས་རེ་དང་སྦྱར་ནས་བྱང་སེམས་དེས་ཡས་ནས་མར་རིམ་པ་བཞིན་དུ་སྤྱི་བོའི་རྩ་འཁོར་དང་། མགྲིན་པའི་རྩ་འཁོར་དང་། སྙིང་གའི་རྩ་འཁོར་དང་། ལྟེ་བའི་རྩ་འཁོར་རྣམས་རིམ་པ་བཞིན་དུ་གང་ཞིང་རྩ་འཁོར་གྱི་ཡི་གེ་རྣམས་ལས་ཀྱང་བྱང་སེམས་ཀྱི་རྒྱུན་བབས། ལུས་ཕྱི་ནང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་དང་བྱང་སེམས་བདུད་རྩི་འདྲེས་པ་ཟིལ་པ་ཕྲོམ་ཕྲོམ་ཡོད་པར་བསྒོམ་ཞིང་། འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་རྣམས་ལ་སྔགས་ཕྲེང་རང་རང་གི་མདོག་དང་མཚུངས་པ་གཡས་སྐོར་དུ་ཀྱི་ལི་ལི་འཁོར་ཞིང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པ་དང་བདེ་དྲོད་ཀྱི་ངོ་བོ་ལ་སེམས་བཟུང་སྟེ་བུམ་ཅན་སྦྱོར་བ་བཞི་ལྡན་དུ་བསྒོམ། ཡང་རེས་འགའ་བར་རླུང་ཙམ་


RTZ032_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྔགས་ཡིད་ཀྱིས་བཟླ་བ་རེས་མོས་སུ་བྱ། འཁོར་རྒྱུ་དང་བཟླ་བྱའི་སྔགས་ནི། བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཞེས་པའོ། །ཡང་དྲག་པོ་བསྒྲུབ་པར་འདོད་ན་འཁོར་རྒྱུ་དང་བཟླ་བྱའི་སྔགས། ཨཿཀཿསཿམཿརཿཙཿཕཊཿ ཅེས་པའི་ཡིག་བདུན་བཟླ། སྤྱིར་ལྟེ་འོག་གི་ཧེ་རུ་ཀ་འབར་བའི་མེ་དང་། སྤྱི་བོའི་བླ་མ་ཡབ་ཡུམ་གཉིས་བསྲོས་པའི་བདུད་རྩི་བབས་པ་གཉིས་གཅིག་གྲོགས་གཅིག་གིས་གྱུར་ཏེ། མེ་དང་མར་ཁུ་ཕྲད་པ་ལྟར་རྩ་འཁོར་རྣམས་སུ་འབར་འཛག་རྒྱུན་དུ་བསྒོམ་ཞིང་བདེ་དྲོད་ལ་སེམས་བཟུང་སྟེ་རླུང་སྔགས་རེས་མོས་སུ་བྱའོ། །ཐུན་བར་དུ་བདེ་དྲོད་ཀྱི་ངོ་བོ་རང་བཞིན་མེད་པ་གསལ་སྟོང་བློ་བྲལ་གྱི་ངང་དུ་མཉམ་པར་འཇོག །འདི་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ཡང་བདེ་དྲོད་བསྐྱེད་ཅིང་གདམས་པ་འདི་དང་བཅུད་ལེན་གཉིས་སྦྲགས་ནས་དབེན་པའི་གནས་སུ་ལོ་གསུམ་རྣམ་གཡེང་གཞན་གྱིས་བར་མ་ཆོད་པར་བསྒྲུབས་ན་དབང་པོ་རབ་འཇའ་ལུས་འོད་སྐུ་འགྲུབ། འབྲིང་གིས་གྲུབ་པ་ཐོབ། ཐ་མས་ཀྱང་རོ་གཅིག་རྟོགས་པའི་མངོན་ཤེས་འཆར། ཚེ་འདི་ལ་ཟུང་འཇུག་གི་སྐུ་འགྲུབ་པར་གཞུང་ལས་གསུངས་སོ། །གསུམ་པ་རྗེས་རྒྱུན་ཁྱེར་རྡོ་རྗེའི་བཟླས་ཐབས་ལ་གཉིས་ཏེ། རླུང་རྡོ་རྗེའི་བཟླས་པ་དང། ཡིད་རྡོ་རྗེའི་བཟླས་པའོ། །དང་པོ་ནི། རང་ཉིད་གོང་ལྟར་ལྷ་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་བཅས་


RTZ032_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ལས། འདིར་ཁྱད་པར་གསང་གནས་སུ་དབུ་མ་ལས་གྱེས་པའི་རྩ་འདབ་ཉི་ཤུ་རྩ་གཉིས་ཁ་དོག་ལྗང་གུ་གདུགས་རྩིབས་ཁ་གྱེན་དུ་བསྟན་པ་ལྟ་བུ་གསལ་བཏབ། སྤྱི་བོའི་འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་ཧ་ལས་རྡོ་རྗེ་སེང་གདོང་མ་དཀར་མོ་གྲི་ཐོད་འཛིན་པ་རེ་རེ་སྟེ་སུམ་ཅུ་སོ་གཉིས། དེ་བཞིན་དུ་མགྲིན་པའི་འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་རི་ལས་རིན་ཆེན་སེང་གདོང་རེ་རེ་སྟེ་བཅུ་དྲུག །སྙིང་གའི་འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་བཾ་ལས་གཙོ་མོ་སེང་གདོང་མ་མཐིང་ག་རེ་རེ་སྟེ་བརྒྱད། ལྟེ་བའི་འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་ནི་ལས་པདྨ་སེང་གདོང་མ་དམར་མོ་རེ་རེ་སྟེ་དྲུག་ཅུ་རྩ་གཉིས། གསང་གནས་ཀྱི་འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་ས་ལས་ཀརྨ་སེང་གདོང་མ་ལྗང་གུ་རེ་རེ་སྟེ་ཉི་ཤུ་རྩ་གཉིས། ཐམས་ཅད་ཀྱང་ཡུངས་དཀར་སྦོམ་པོའི་ཚད་ཙམ་ཆུང་ལ་སྐྱེ་མཆེད་དོད་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་སྒེག་པའི་གཟུགས་ལ་ཉམས་ཆགས་པ། བ་སྤུའི་བུ་ག་ཐམས་ཅད་དུ་ཡང་མཁའ་འགྲོ་མ་དེ་ལྟ་བུ་ཏིལ་གང་ཕྱེས་པ་བཞིན་དུ་བསྒོམ། སྤྱི་བོར་བླ་མ་ཡབ་ཡུམ་ཡང་གསལ་གདབ། དེ་ནས་སྙིང་གའི་གཙོ་མོའི་ཐུགས་ཀར་བཾ་ཡིག་གི་ཐ་མར་ཤིན་ཏུ་ཕྲ་བའི་སྔགས་ཕྲེང་འཁོར་བར་དམིགས་ལ་བར་རླུང་ཙམ་ལ་བརྟེན་ནས་རླུང་


RTZ032_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

རྔུབ་དུས་བཾ་སིཾ་ཧ། ནང་དུ་གནས་དུས་ཌཱ་ཀི་ནཱི། ཕྱིར་འབྱིན་དུས་ཧ་རི་ནི་ས་ཧཱུྃ༔ ཡིད་ཀྱིས་བཟླ་ཞིང་དེ་བཞིན་དུ་འཁོར་ལོ་གཞན་རྣམས་ལའང་སྦྱར་ཏེ་སྙིང་ག་ལ་བརྒྱ་ཕྲག །འཁོར་ལོ་གཞན་རྣམས་ལ་སུམ་ཅུ་ཙམ་རེ་བསྡུས་པའི་དབང་དུ་བྱས་པ་དང་། གཞན་ཐུན་རེ་ལ་སྙིང་གར་སྟོང་ཕྲག་གམ་ཁྲི་ཕྲག་གམ། འཁོར་ལོ་གཞན་ལ་བརྒྱ་ཕྲག་གམ་སྟོང་ཕྲག་རེ་གང་ལྕོགས་བྱའོ། །ཡང་དྲག་པོར་བསྙེན་ན། རྔུབ་པ་ཨ་ཀ །གནས་དུས་ས་མ། འབྱིན་དུས་ར་ཙ་ཕཊ་རྣམས་སུ་བསྒྱུར་རོ། །གཉིས་པ་ཡིད་རང་གནས་ཀྱི་རྡོ་རྗེའི་བཟླས་པ་ནི། སྙིང་ག་ལ་སོགས་པའི་རྩ་འཁོར་གྱི་དབུས་ཀྱི་ལྷའི་ཐུགས་སྲོག་སྔགས་འཁོར་ལ་སེམས་བཟུང་སྟེ་སྔགས་ཡིད་ཀྱིས་བཟླ་ཞིང་དེ་ཡང་ཞི་བ་ལ། བཾ་སིཾ་ཧའི་སྔགས། དྲག་པོ་ལ་ཡིག་བདུན་སྦྱར་ཞིང་འདི་ལ་གཞུང་ནས་དམིགས་པའི་འཕྲོ་འདུ་སོགས་འདུག་ནའང་། གང་ཟག་ལས་དང་པོ་པས་འཕྲོ་འདུ་བསྒོམ་པ་དང་ཡིད་བཟླས་བྱེད་པ་གཉིས་ཟུང་འཇུག་རང་དབང་འདུས་དཀའ་བས། འདིར་རྩ་འཁོར་གྱི་ལྷའི་ཐུགས་སྲོག་ཙམ་ལ་སེམས་བཟུང་ནས་སྔགས་ཡིད་ཀྱིས་བཟླ་བ་ཉིད་ལེགས་སོ། །འདི་ལྟ་བུའི་རྫོགས་རིམ་འདི་ཉིད་ཆེས་ཟབ་པའི་གདམས་པ་ཡིན་ཏེ་གཞུང་ལས། ཟབ་པའི་མཐར་ཐུག་ཡང་ཟབ་སྙིང་པོ་འདི༔ སྲོག་བས་གཅེས་པར་གྱིས་ཤིག་


RTZ032_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་བུ༔ ཕྱི་ནང་གསང་བ་བླ་མེད་བཅུད་བསྡུས་འདི༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་ཕྱིར་གདམས༔ འདི་འཕྲད་མཚན་ལྡན་གྲོགས་མེད་ཐབས་ལམ་ཅན༔ བཅུད་ལེན་ཉིད་ལ་ལྟོ་བྱས་འདི་བསྒྲུབས་ན༔ ལོ་གསུམ་འོད་ལུས་ཕུང་པོ་ལྷག་མེད་འགྲུབ༔ ཅེས་ལས་ཀྱི་ཕྱག་རྒྱ་ལ་ལྟོས་མི་དགོས་པར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཟུང་འཇུག་གི་སྐུ་འགྲུབ་པའི་ཉེ་ལམ་རྨད་དུ་བྱུང་བ་ཡིན་ཅིང་། སྐལ་ལྡན་གྱི་གང་ཟག་རྣམས་ཀྱིས་ཉམས་སུ་ལེན་ཚུལ་ཡང་། གཞུང་ཉིད་ལས། ཆོས་བརྒྱད་ཆེ་ཐབས་ཅན་ནི་སྡུག་བསྔལ་རྒྱུ༔ ལོ་བརྒྱ་འཚོ་བའི་མི་ཡང་འཆི་ཁར་འགྱོད༔ འདུས་བྱས་གདུལ་བྱ་ཅན་ནི་བསགས་ཚད་སྟོང༔ སྟོབས་ལྡན་རྒྱལ་པོར་གྱུར་ཀྱང་ཕམ་ལྟུང་འོང༔ གྲོགས་མང་འཁོར་གཡོག་ཅན་ནི་གཅིག་པུར་གུམ༔ དེ་ཕྱིར་འཇིག་རྟེན་ཆོས་ལ་སྒྱུ་མར་ལྟོས༔ ཡེ་ཤེས་མཁའ་འགྲོ་འདི་ཉིད་གྲོགས་སུ་ཆོངས༔ པདྨ་བདག་ལ་བློ་གཏོད་གསོལ་བ་ཐོབས༔ ལྷ་སྐལ་པདྨ་དབང་ལ་སྙིང་པོར་དྲིལ༔ ལྷོ་མོན་ནགས་དང་གངས་ར་ལྗོངས་ལ་སྒོམས༔ ཕྱག་རྫོགས་སྒྲུབ་པའི་དོན་ལ་རྩེ་གཅིག་ལྟོས༔ ལྟ་བ་མཐོ་ཡང་སྤྱོད་པ་ཞིབ་ཏིག་གྱིས༔ སྒོམ་པ་གསལ་ཡང་སྟོང་ཉིད་སྙིང་པོར་དྲིལ༔ སྤྱོད་འགྲོས་ཟབ་ཀྱང་མཁའ་འགྲོའི་


RTZ032_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་བསྟེན༔ རླུང་སེམས་གཉིས་མེད་ཆེན་པོ་མཆོག་ཏུ་སྒྲུབས༔ ཞལ་གདམས་པདྨས་མ་འོངས་བུ་ལ་གདམས༔ ཞེས་གསུངས་པ་རྣམས་སྙིང་གི་ཐིག་ལེར་འཆང་ཞིང་འདི་ལྟ་བུའི་གདམས་པ་ཟབ་མོ་འདི་ཉིད་རང་ཉིད་ཉམས་སུ་ལེན་པ་ལས་གཞན་ལ་སྤེལ་བའི་ཆོས་མ་ཡིན་ཏེ། དེ་ཉིད་ལས། འདི་དག་སྲོག་གི་དྭངས་མ་ཡིན་པས་ན༔ མ་སྤེལ་ཆུ་སྲིན་གྲེ་བའི་ནོར་ལྟར་འཆང༔ སྤེལ་ན་འཕྲལ་དུ་དྲག་མོའི་བཀའ་ཆད་འབྱུང༔ དེ་ཕྱིར་དམ་ཚིག་ཙིཏྟ་སྙིང་ལ་ཕུར༔ ཅེས་གསུངས་སོ། །དེ་ལྟར་ཆོས་བདག་མཁའ་འགྲོ་བླ་མ་ལ། །སྦས་གསང་ཡི་གེར་བཀོད་པ་མཐོལ་ཞིང་བཤགས། །རླུང་སེམས་གཉིས་མེད་རྫོགས་རིམ་འདིར་བསྟེན་ནས། །སྐལ་བཟང་ཚེ་གཅིག་སངས་རྒྱས་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོར་མི་ཕྱེད་པའི་དད་དམ་ཅན་གསང་བ་བློ་གསལ་གྱི་གསུང་གིས་བསྐུལ་ངོར་དྷརྨ་སྭཱ་མཱིས་སྦྱར་བའོ།། །།སརྦ་མངྒ་ལཾ།