Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
དྲང་སྲོང་དྲི་མེད་ལ་ཆུ་གཏོར་འབུལ་བའི་རིམ་པ། ཆོས་ཀྱི་གྲགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་དྲི་མེད་ལ་ཆུ་གཏོར་འབུལ་བའི་རིམ་པ། ཆོས་ཀྱི་གྲགས་པ།next

དྲང་སྲོང་དྲི་མེད་ལ་ཆུ་གཏོར་འབུལ་བའི་རིམ་པ། ཆོས་ཀྱི་གྲགས་པ།


RTZ034_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་དྲི་མེད་ལ་ཆུ་གཏོར་འབུལ་བའི་རིམ་པ་ཡོད། ༈ བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་དྲང་སྲོང་དྲི་མ་མེད་པའམ་ལྷ་མཆོག་མ་ཧཱ་རྀ་ཥིའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །འདིར་དྲང་སྲོང་ཉིད་སྒྲུབ་པ་པོས་ཆད་ལྷག་ཁ་སྐོང་བར་བྱ་བ་དང་། ནམ་འདོད་དུས་དྲང་སྲོང་ལ་གཏོར་མ་འབུལ་བར་འདོད་པས། ཚར་བརྒྱའམ་གང་འདོད་གཏོང་བའི་གྲངས་ཀྱི་དཀར་གསུམ་མངར་གསུམ་འབྲུ་སྨན་སྣ་ཚོགས་ལ་རིལ་བུ་སྟར་ཀ་ཙམ་བྱས་ལ་སྣོད་དུ་བཞག །ཆུ་གཙང་མ་འབགས་བཙོག་མ་སོང་བར་བྱས་ལ་བཞག །ཟངས་སོགས་རིན་པོ་ཆེའི་སྣོད་གཅིག་ཀྱང་བཤམས་ལ། སངས་རྒྱས་ཆོས་དང་སོགས་ཀྱི་སྐྱབས་འགྲོ་བྱས་ལ། བདག་དྲང་སྲོང་ཁྲོས་པ་ཁྲོ་བོ་གཞུང་ལྟར་བསྒོམ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨཿདཀར་པོ་ཡོངས་སུ་གྱུར་པ་ལས། དྲང་སྲོང་དྲི་མེད་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྤྱི་བླུགས་དང་། གཡོན་པས་ལུང་ཐང་གི་ཕྲེང་བ་ཐུགས་ཀར་འཛིན་པ། ཞབས་གཉིས་སེམས་སྐྱིལ་གྱིས་བདག་ཅག་ལ་དགྱེས་པའི་ཚུལ་གྱིས་བཞུགས་པའི་ཐུགས་ཀར་ཨཿདཀར་པོས་མཚན་པ་ལས་འོད་འཕྲོས་པས། རི་བོ་ཀུན་འདུས་ཀྱི་རྩེ་ནགས་ཚལ་དྲྭ་བ་ཅན་གྱི་ཕུག་ནས་དྲང་སྲོང་འཁོར་བཅས་སྤྱན་དྲངས། དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། ཅེས་དམིགས་ལ། ཨརྒྷཾ་སོགས་ཀྱིས་མཆོད་ལ། དུས་གསུམ་སངས་རྒྱས་ཀུན་འདུས་པའི། །ལྷ་ཡི་རྒྱལ་པོ་དྲང་སྲོང་མཆོག །དྲང་སྲོང་འབུམ་གྱི་


RTZ034_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་བསྐོར། །སྒོ་གསུམ་གུས་པས་བསྟོད་པར་བགྱི། །ཅེས་བསྟོད། རིན་པོ་ཆེའི་སྣོད་དུ་རིལ་བུ་གཅིག་དང་ཆུ་དེའི་གང་བླུགས་ལ། ཨ་ཀཱ་རོ་ལན་གསུམ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཅེས་དང་། ཨོཾ་ཨཱཿཧཱུྃ་གསུམ་བརྗོད་ལ། ཁ་ཁ་ཁཱ་ཧི་ཁཱ་ཧི་དུ་ན་ཡེ་སྭཱ་ཧཱ། དྲང་སྲོང་ཆེན་པོ་དྲི་མེད་འོད་ཟེར་ལ་དྲང་སྲོང་འབུམ་ཕྲག་དུ་མའི་ཚོགས་ཀྱིས་བསྐོར་བ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་བརྗོད། དྲང་སྲོང་འཁོར་དང་བཅས་རྣམས་ལ། །གཏོར་མ་ཕུལ་བའི་མཐུ་སྟོབས་ཀྱིས། །ཚོགས་གཉིས་ཡོངས་རྫོགས་མཐར་ཕྱིན་ཏེ། །འབྲས་བུ་སྐུ་གསུམ་མངོན་གྱུར་ཤོག །ཅེས་བརྗོད། ཆུ་དང་རིལ་བུ་གཙང་སར་གཤེགས་པར་བྱའོ། །ཚར་དུ་བྱ་ཡང་ཚར་རྗེས་མའི་མཇུག་ཏུ་མཆོད་བསྟོད་གོང་ལྟར་བྱས་ལ། ཡི་གེ་བརྒྱ་པ་ཚར་གཅིག་གིས་ཆད་ལྷག་ཁ་བསྐང་། བཛྲ་མུཿ ཡེ་ཤེས་པ་རང་གི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ་པར་གྱུར། ཅེས་དང་། བཀྲ་ཤིས་བརྗོད། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ། དམིགས་མེད་ཀྱི་རྒྱས་བཏབ་བོ། །ཞེས་པ་འདིའང་དྲང་སྲོང་ལ་གཏོར་མ་འབུལ་བའི་ཕྱིར་ཤཱཀྱའི་བཙུན་པ་རིག་འཛིན་ཆོས་ཀྱི་གྲགས་པས་ལོཀ་ཏྲིའི་བསྙེན་མཚམས་ལ་ཞག་གཅིག་གི་དུས་བྲིས་པའོ། །སརྦ་ཐཱ་མངྒ་ལཾ།། །།


previousདྲང་སྲོང་དྲི་མེད་ལ་ཆུ་གཏོར་འབུལ་བའི་རིམ་པ། ཆོས་ཀྱི་གྲགས་པ།next