མཁའ་འགྲོ་གསང་བ་ཀུན་འདུས་ལས་རྒྱུན་གྱི་ཚོགས་སྐོང་མདོར་བསྡུས། བློ་གྲོས་མཐའ་ཡས།
མཁའ་འགྲོ་གསང་བ་ཀུན་འདུས་ལས། །རྒྱུན་གྱི་ཚོགས་སྐོང་མདོར་བསྡུས་བཞུགས་སོ། །གུ་རུ་བཛྲ་བྷ་ར་ཧི་ན་མོ་ན་མཱ་མི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཆོད་སྐོང་རྒྱས་པ་མི་ལྕོགས་པས་ཚོགས་སྐོང་དཀྱུས་འགྲེ་བྱ་བ་དང་། ཚོགས་བརྒྱ་གཏང་བ་སོགས་ལ་ཁྱེར་བདེར་མོས་ན་ཚོགས་ཀྱི་དམ་རྫས་སུ་འོས་པ་ཇི་ལྟར་ཚོགས་པ་བཤམས། ཕྲིན་ལས་ཚུལ་བཞིན་བཏང་ལ་བཟླས་པ་དང་གཏོར་འབུལ་ཡན་གྲུབ་ནས། ཚོགས་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ བདག་ཉིད་རྡོ་རྗེ་ཁྲོས་མ་ཡི༔ ཐུགས་ནས་རང་བྱུང་ཡི་གེ་ནི༔ རཾ་སྤྲོས་མེ་འབར་མི་གཙང་བསྲེགས༔ ཡཾ་སྤྲོས་རླུང་བྱུང་བག་ཆགས་གཏོར༔ ཁཾ་སྤྲོས་ཆུ་བྱུང་གཉིས་འཛིན་སྦྱངས༔ བྷྲཱུྃ་ལས་དུར་ཁྲོད་གཞལ་མེད་དབུས༔ ཨོཾ་ལས་བདེ་ཆེན་ཀ་པཱ་ལར༔ ཨཱཿལས་ཡེ་ཤེས་བདུད་རྩི་ཆེ༔ ཧཱུྃ་གིས་འདོད་ཡོན་ཅིར་ཡང་འཆར༔ ཏྲཱཾ་ལས་མཆོད་སྐོང་སྒྲུབ་པའི་རྫས༔ ཧྲཱིཿཡིས་ཟག་མེད་བདེ་སྐྱེད་གྱུར༔ རཾ་ཡཾ་ཁཾ་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿསྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ༔ བཞེངས་ཤིག་འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཁྲོས་མ་ནག་མོ་རིགས་བཞིའི་དྷཱ་ཀི་ལ༔ ཞིང་སྔགས་ལྷན་སྐྱེས་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྩ་བརྒྱུད་བླ་མ་ཡི་
དམ་ལྷ༔ ཆོས་སྐྱོང་སྲུང་མ་གཏེར་གྱི་བདག་པོ་ཀུན༔ དམ་ཚིག་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་ད་ཚུར་གཤེགས༔ ཡུལ་སྣང་དུར་ཁྲོད་གསང་བ་མཆོག་གི་ཞིང༔ ཐབས་ཤེས་བཟའ་བཏུང་དམ་ཚིག་རྡོ་རྗེའི་རྫས༔ འདོད་ཡོན་བདེ་ཆེན་རྣམ་འགྱུར་ཐམས་ཅད་པ༔ མཆེད་ལྕམ་ཡེ་ཤེས་སྙིང་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ས་མ་ཡ་སཏྭཾ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧོ༔ ཚོགས་དང་པོས་མཆོད་ཅིང་སྐོང་བ་ནི། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་བསྐྱིལ༔ འདོད་པའི་ཡོན་ཏན་རྣམ་མང་པོས༔ ཆོས་དབྱིངས་རྒྱས་པར་གང་བ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་པ་དང༔ ཉམས་དང་འདྲེས་ཤིང་བསྐངས་པ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་
འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་གཏང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐངས༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་འབུལ་བ་ནི། ཧོ༔ དགོངས་ཤིག་རྡོ་རྗེ་ཕག་མོ་ཡུམ༔ གཟིགས་ཤིག་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཞལ་ཟས་འདོད་པའི་ཡོན་ཏན་གཏེར༔ དགྱེས་མཆོད་ཆེན་པོར་བཞེས་སུ་གསོལ༔ བདག་ཅག་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ མི་ཤེས་གཏི་མུག་དབང་དུ་གྱུར༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང༔ བག་མེད་དབང་གིས་དམ་དང་འགལ༔ མ་གུས་བསླབ་པ་ཁྱད་དུ་བསད༔ ལེ་ལོ་སྙོམ་ལས་ཆེ་བ་དང༔ གྲོགས་ངན་རྐྱེན་གྱིས་གཞན་དབང་ལ༔ བརྟེན་ནས་རང་བཞིན་སྡིག་པ་དང༔ བཅས་པའི་ལྟུང་བ་ཆར་བཞིན་བབས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ལས་འགལ་ཞིང་ཉམས་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་ལེགས་པར་
བསྡམ་ལགས་ན༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་ཤིང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །ཚོགས་ཐ་མ་བསྒྲལ་མཆོད་བྱ་བ་ནི། ཨེ་ཡཾ་ཛྭ་ལ་རཾ༔ སརྦ་ཤ་ཏྲཱུཾ་བིགྷྣཱན་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོས་མ་དབྱིངས་ནས་བཞེངས༔ འཁོར་གྱི་མཁའ་འགྲོ་གཟི་བརྗིད་སྐྱེད༔ ལས་ཀྱི་དྷཱ་ཀི་བྱེ་བའི་ཚོགས༔ ཁྲོས་འཁྲུགས་རྔམས་པའི་ཕོ་ཉ་སྤྲོས༔ འགྲོ་བའི་བདེ་སྐྱིད་འཕྲོག་པའི་དགྲ༔ སངས་རྒྱས་བསྟན་པ་བཤིགས་པའི་བགེགས༔ རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ ཁུག་ཅིག་ཕོབ་ཅིག་རྟེན་ལ་ཆིངས༔ ལྷ་དང་ཕྲོལ་ལ་མྱོས་སུ་ཆུག༔ ཚེ་བསོད་སྒྲུབ་མཆོག་རྣམས་ལ་སྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕུང་པོ་ཚོགས་ཀྱི་འཁོར་ལོར་གཏུབས༔ རྔམས་བརྗིད་རོལ་པའི་ཞལ་དུ་བཞེས༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཀུན༔ ཀ་དག་ཆེན་པོའི་ཀློང་དུ་ཟློག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་བསྟབ་བོ། །སླར་ཡང་ཕུད་གཏོར་འབུལ་ལ་ཐུགས་དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་སྐོང་རྫས་སྤེལ་ལ། ཧཱུྃ་ཧྲཱི༔
བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས༴ དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ཐུགས༴ བདེ་ཆེན་རྡོ་རྗེ་མཁའ་འགྲོའི་ཐུགས༴ དོན་གྲུབ་རིན་ཆེན་མཁའ་འགྲོའི་ཐུགས༴ སྒྲ་སྒྲོག་པདྨ་མཁའ་འགྲོའི་ཐུགས༴ སྣ་ཚོགས་ལས་ཀྱི་མཁའ་འགྲོའི་ཐུགས༴ ཞིང་སྐྱེས་དཔའ་བོ་དཔའ་མོའི་ཐུགས༴ ལས་མཛད་ཕྲ་མེན་མཁའ་འགྲོའི་ཐུགས༴ གང་འདུལ་དམ་ཚིག་མཁའ་འགྲོའི་ཐུགས༴ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས༴ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི་ཐུགས༴ སྣང་སྲིད་དག་པ་རབ་འབྱམས་ཐུགས༴ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཐུགས༴ ཉེར་སྤྱོད་ཀུན་བཟང་རོལ་མོས་ཐུགས༴ འདོད་ཡོན་བདེ་ཆེན་རྒྱན་གྱིས་ཐུགས༴ དུར་ཁྲོད་གསང་བའི་མཆོད་པས་ཐུགས༴ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས་ཐུགས༴ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་ཐུགས༴ དམར་ཆེན་རཀྟའི་རྒྱ་མཚོས་ཐུགས༴ རྨད་བྱུང་ཤ་ཁྲག་གཏོར་མས་ཐུགས༴ ཟག་མེད་འདོད་འབྱུང་ཚོགས་ཀྱིས་ཐུགས༴ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང༔ བདག་ཅག་དམ་ཚིག་ཉམས་ཆག་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་
ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་བསྐངས་ཤིང་ཡིག་བརྒྱ་བརྗོད། ཚོགས་རྫས་རྣམས་བརྡའི་འབུལ་ལེན་དང་བཅས་ནང་གི་སྲེག་བླུག་གིས་རོལ། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་བྱིན་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་མགྲོན་བཀུག་ལ། ཧཱུྃ༔ དབྱིངས་དང་ཡེ་ཤེས་གནས་ཡུལ་བདག༔ ལས་དང་དམ་ཚིག་མཁའ་འགྲོ་མ༔ བཀའ་ཉན་འཇིག་རྟེན་ཕོ་ཉའི་སྡེ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀུན༔ ཕུད་ལ་དགྱེས་པ་ཕུད་ཀྱིས་མཆོད༔ ལྷག་ལ་དབང་བ་ལྷག་མས་བསྐང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་མ་མ་བ་ལིཾ་ཏ་ཁཱ་ཧི༔ ཞེས་དང་བཤལ་ཆུས་མཆོད། སྨོན་ལམ་གདབ་པ་ནི། ཧོ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་བརྗོད། དེ་ནི་གཏེར་གཞུང་མཆོད་སྐོང་ལས་བཏུས་པའོ།། ༈ །།ཡང་ཚོགས་མཆོད་ཁྲི་འབུམ་ལ་སོགས་པར་དེ་ལས་ཀྱང་བསྡུ་བར་འདོད་ན། ཐོག་མར་གོང་སྨྲོས་རྒྱས་པ་ཚར་གཅིག་སོང་ནས། རཾ་ཡཾ་ཁཾ༔ ཚོགས་ཀྱི་ཉེས་སྐྱོན་མ་དག་ཐམས་ཅད་ཀུན༔ ཡེ་ཤེས་མེ་
རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ བནྡྷའི་སྣོད་དུ་དམ་ཚིག་རྫས་ཀྱི་བཅུད༔ ཡེ་ཤེས་སྤྲིན་ཕུང་མཁའ་ཁྱབ་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ དབྱིངས་ནས་སྐུ་སྐྱོད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས༔ དུར་ཁྲོད་མ་མོ་སྤྱང་ཞོན་མཆེད་སྡེ་འབུམ༔ ཐུགས་དམ་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ ཚོགས་སྣོད་བནྡྷ་ཆོས་ཀྱི་དབྱིངས་དང་མཉམ༔ ཚོགས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་རང་བཞིན་ལྷུན་པོར་སྤུངས༔ ཀུན་ཏུ་དགྱེས་ཚིམ་འོད་ཟེར་རྣམ་པར་འཕྲོ༔ བཟའ་བཅའ་བཏུང་བ་མཆོག་གི་དམ་ཚིག་རྫས༔ གསེར་གྱི་རི་དང་རོལ་མཚོ་ལྟ་བུར་བསྐྱིལ༔ ཐུགས་དམ་གཉན་སྐོང་འདོད་ཡོན་བསམ་མི་ཁྱབ༔ གླིང་བཞི་མུ་ཁྱུད་ཁོར་ཡུག་བརྡལ་བ་འདི༔ བླ་མ་ཡི་དམ་ཚོགས་ལ་མཆོད་པར་འབུལ༔ གནས་གསུམ་མཁའ་འགྲོ་རབ་འབྱམས་དགྱེས་པར་བཞེས༔ ཆོས་སྲུང་དམ་ཅན་མཉེས་པའི་ཕུལ་གྱུར་ནས༔ བྱིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༔ མཆོག་དང་ཐུན་མོང་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ག་ཎ་
ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་བཛྲ་རཏྣ་པདྨ་ཀརྨ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་བྷྱོ་ཛཿས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏེར་གཞུང་ཕྲིན་ལས་ཀྱི་གཏོར་འབུལ་ཁ་བསྒྱུར་བ་དང་ལྷག་མ་སྨོན་ལམ་གོང་ལྟར་བྱས་པས་འགྲུབ་བོ། །འདི་ལ་ནོངས་པ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་རྡོ་རྗེ་བཙུན་མོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།