Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །next

ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །


RTZ035_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། ཡེ་ཤེས་རབ་གསལ་ཁྱབ་བརྡལ་ཆེན་པོ་ནས། །དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བདེ་ཆེན་གསང་བ་ཕུག་གི་གནས་མཆོག་ཏུ། །གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ༴ སྣང་སྲིད་སྒྱུ་མར་རྟོགས་པར༴ རང་གསལ་དག་པ་དབྱིངས་ཀྱི་ཕོ་བྲང་དུ། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །གསོལ༴ བདེ་གསལ་དབྱེར་མེད༴ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ། །བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ། །གསོལ་བ༴ ཕུང་པོ་འོད་ལུས་འགྲུབ་པར༴ དག་པ་ཨོ་རྒྱན་ཡུལ་གྱི་གཞལ་ཡས་སུ། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ༴ དོན་དམ་མཐའ་བྲལ་རྟོགས་པར༴ བདེ་ཆེན་མཁའ་སྤྱོད་དག་པའི་གཞལ་ཡས་སུ། །གཏེར་སྟོན་མཉམ་མེད་ཚེ་དབང་རྒྱལ་པོ་ལ། །གསོལ་བ༴ འཛིན་མེད་བདེ་གསལ་རྟོགས་པར༴ དྲག་སྔགས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །སྔགས་འཆང་ཆེན་པོ་གསང་སྔགས་རྡོ་རྗེ་ལ། །གསོལ་བ༴ གཉིས་འཛིན་འཁྲུལ་པ་ཞིག་པར༴ སྣང་སྲིད་སྐུ་དང་འོད་ཀྱི་ཞིང་ཁམས་སུ། །ཐེག་པའི་མཆོག་གྱུར་རང་གྲོལ་རྡོ་རྗེ་ལ། །གསོལ་བ༴ འོད་གསལ་སྣང་བཞི་འབྱོངས༴ བདེ་


RTZ035_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དགའ་བཞིར་འཁྱིལ་བའི་གཞལ་ཡས་སུ། །ཐོགས་མེད་རབ་འབྱམས་སྨྲ་བའི་སེངྒེ་ལ། །གསོལ་བ༴ བདེ་སྟོང་རྒྱུན་ཆད་མེད་པར༴ གཟུང་འཛིན་དྷཱུ་ཏིར་དག་པའི་མཁའ་དབྱིངས་སུ། །རིག་འཛིན་ཆེན་པོ་ཆོས་དབྱིངས་རྒྱ་མཚོ་ལ། །གསོལ་བ༴ སེམས་ཉིད་ཆོས་སྐུར་རྟོགས༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྟོགས་པའི་མངའ་བདག་འཁྲུལ་ཞིག་ཆེན་པོ་ལ། །གསོལ༴ འབྲས་བུ་སྐུ་གསུམ་ཐོབ་པར༴ གར་བཞུགས་དག་པ་ཆོས་ཀྱི་ཕོ་བྲང་དུ། །རླུང་སེམས་མཐར་ཕྱིན་ཀརྨ་ཨཱ་ཡུཿལ། །གསོལ་བ༴ ལས་རླུང་དྷཱུ་ཏིར་ཚུད་པར༴ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །རྩ་བའི་བླ་མ་དྷརྨ་ཕུན་ཚོགས་ལ། །གསོལ་༴ རྩ་རླུང་ལས་སུ་རུང་བར༴ མང་ཡུལ་རི་བོ་དཔལ་འབར་གཏེར་གནས་སུ། །མཁའ་འགྲོའི་སྲོག་ཐིག་ཕག་མོ་ཟབ་རྒྱ་ལ། །གསོལ་བ༴ ཚིག་དོན་དབྱེར་མེད་རྟོགས་པར༴ རང་ལུས་རྣམ་དག་རྩ་ཡི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོ་རིགས་ལྔ་རྒྱ་མཚོ་ལ། །གསོལ་བ༴ སྣང་སྲིད་ལྷ་སྐུར་རྟོགས་པར༴ རང་སྣང་ཕྱོགས་མེད་དག་པའི་ཞིང་ཁམས་སུ། །རྒྱལ་ཁམས་ཆོས་གྲོགས་ཆོས་མཛད་ཕོ་མོ་ལ། །གསོལ་བ༴ དག་སྣང་ཕྱོགས་མེད་འབྱོངས༴ དུར་ཁྲོད་ཆེན་པོ་སོ་སོའི་གནས་མཆོག་ནས། །རྒྱལ་བའི་བཀའ་སྡོད་དམ་ཅན་གཏེར་བདག་ལ། །གསོལ་བ༴ འགལ་རྐྱེན་བར་ཆད་ཞི་བར༴ བརྒྱུད་


RTZ035_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མ་མཁའ་འགྲོ་རིགས་ལྔའི་ཚོགས། །འོག་མིན་གནས་ནས་ཐུགས་རྗེས་བརྩེར་དགོངས་ལ། །ལུས་ལ་བདེ་དྲོད་འབར་བར་བྱིན༴ ལྷན་སྐྱེས་ཡེ་ཤེས་རྟོགས་པར༴ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་རྗེས་འཇུག་བྱིན་གྱིས་རློབས། །འགྲོ་བའི་སྡུག་བསྔལ་དག་ལས་བསྒྲལ་དུ་གསོལ། །རེ་ལྟོས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་བླ་མ་རྣམས་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ། བདག་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པར་བསམ། དགེའོ།། །།


previousཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །next