Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ། བློ་གྲོས་མཐའ་ཡས།
   
   
   
   
   
   


 
previousརྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ། བློ་གྲོས་མཐའ་ཡས།next

རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ། བློ་གྲོས་མཐའ་ཡས།


RTZ035_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། །


RTZ035_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །བདེ་ཆེན་ཡེ་ཤེས་དྭངས་མའི་ཙཎྜ་ལཱིས། །འཁོར་ལོ་བཞི་ཡི་སྙིགས་མ་འོད་གསལ་དུ། །སྦྱངས་པའི་མི་ཤིགས་ཐིག་ལེ་ལྷན་སྐྱེས་སྐུ །ཟུང་འཇུག་ཕྱག་རྒྱར་སྣང་དེས་བྱིན་རླབས་སྩོལ། །ཡབ་ཡུམ་གཉིས་ཀའི་རྫོགས་རིམ་གྱི། །སྨིན་བྱེད་ཡུམ་བཀའི་དཀྱིལ་འཁོར་དང་། །འབྲེལ་བའི་རྡོ་རྗེའི་གསང་ལམ་ནི། །གྲུབ་པ་བྱེ་བའི་འཇུག་ངོགས་སོ། །རིག་འཛིན་རྩ་བའི་དཀྱིལ་འཁོར་དུ་དབང་དང་དམ་ཚིག་ལེགས་པར་བཟུང་ཞིང་བསྐྱེད་བཟླས་ཀྱི་རྣལ་འབྱོར་སྔོན་དུ་སོང་བས་གཏུམ་མོ་དང་གཅོད་ཁྲིད་ལ་བསླབ་པར་འདོད་པས། དེ་དག་གི་སྨིན་བྱེད་བྱིན་རླབས་ཀྱི་སྒོ་འབྱེད་དུས་ཀྱི་བཀའ་རྒྱ་བཀྲོལ་པ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་དབང་བཞི་ཆ་ལག་བཅས་ནོད་པར་བྱ་དགོས་པས། དེ་ལ་གསུམ། སྔོན་དངོས་རྗེས་སོ། །དང་པོ་སྔོན་དུ་བྱ་བ་དུར་ཁྲོད་སོགས་དབེན་པའི་གནས་སུ། དུས་ཡར་མར་གྱི་ཚེས་བཅུ་ལྟ་བུར། དབང་སྟེགས་འཇམ་ཞིང་ཁོད་སྙོམས་པར་ཆང་དང་བདུད་རྩི་ལྔས་ཆག་ཆག་བཏབ་ལ་དཀྱིལ་འཁོར་ཆོས་འབྱུང་དམར་པོ་བསྣོལ་མ། མཐའ་སྐོར་འོད་ལྔའི་མུ་ཁྱུད་དང་། ཐོད་ར། རྡོར་ཕྲེང་། མེ་རི་རྣམས་ཀྱིས་རིམ་པ་ལྟར་བསྐོར་བའི་དབུས་སུ་དགའ་འཁྱིལ་དང་ཟླ་ཉིའི་གདན་ལ་རྡོ་རྗེ་གྲི་གུག་ཧྲཱིཿཡིག་གིས་མཚན་པ། དེའི་དབུས་སུ་ལྡིང་ཁྲིའི་ཁར་བུམ་པ་མགུལ་ཆིངས་དམར་པོ་བཅུད་ཀྱིས་བལྟམས་པ། ཁ་རྒྱན་ཀུ་ཤ་དང་རྨ་བྱའི་སྒྲོ་མདོངས་ཤེལ་རྡོ་སོགས་བཀོད་པའི་འོག་ཏུ་མར་མེ་སྦར་ཞིང་། དེ་དག་གི་མདུན་ནམ་ཇི་ལྟར་བདེ་བར་ཐོད་པ་བཅུད་ཀྱིས་བཀང་བ་དར་དམར་གྱི་ཁེབས་ཅན། སྟེང་དུ་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་དབུས་སུ་པདྨ་འདབ་བཞི་ལྟེ་བར་དགའ་འཁྱིལ་ཧྲཱིཿས་མཚན་པ། འདབ་བཞིར་ཧ་རི་ནི་ས་བྲིས་པ་བཞག་ལ་དར་དམར་གྱི་གུར་ཕུབ།


RTZ035_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་གཡའ་དག་དང་རིག་མའི་ཙཀ་ལི། དཔལ་འབར་མཐོ་གང་ལས་མི་ཐུང་བ་ལྔ། བམ་གཟུགས་བདུད་རྩི་ལྔ་དང་བཅས་པ། བྱུག་རྫས་རོ་སོལ། ཐོད་རྔ་རྐང་གླིང་རྣམས་བཀོད། མཐའ་སྐོར་དུ་ཕྱི་ནང་གསང་བའི་མཆོད་རྫས་ཚོགས་ཀྱི་འཁོར་ལོ་དང་བཅས་པ་མ་ཚང་བ་མེད་པ་དང་། ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་བཀོད་ལེགས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐོག་མར་དཀྱིལ་འཁོར་སྒྲུབ་པ་ནི། སློབ་དཔོན་སྒོམ་ཐག་ཨང་རག་རས་གོས་བཞེས་ཤིང་། སློབ་མ་རྣམས་ཀྱང་དེ་ལྟར་མཛད་པ་འབྲས་ལྗོངས་རྫོགས་ཆེན་པའི་ཕྱག་བཞེས་ཡིན་པར་སྣང་ཡང་དཀྱུས་འགྲེ་ཙམ་ལ་ཇི་ལྟར་འོས་པས་འཁོད་ནས། རིག་འཛིན་ཡབ་བཀའི་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། ཕག་མོའི་ལས་གཞུང་ཚོགས་ཀྱི་མཐར་ཐུག་པ་བདག་མདུན་བུམ་གསུམ་དབྱེར་མེད་ངོ་བོ་གཅིག་མའི་དགོངས་པ་ལས་མི་འདའ་བའི་ངང་ནས་བྱ་ཞིང་། ལས་བུམ་རྩ་དབང་ལྟར་བསྒྲུབ། དེ་ནས་བཀའ་སྲུང་གི་སྐོང་གསོ་དང་། བདག་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པ་ཡང་དབང་ཆོག་སྤྱིའི་འགྲོས་ལྟར་བླང་བར་བྱའོ། །གཉིས་པ་དབང་བསྐུར་བའི་རིམ་པ་དངོས་ནི། སློབ་མ་རྣམས་རས་རྐྱང་མ་འགྲུབ་ན་རྟེན་འབྲེལ་མཚོན་བྱེད་སྟོད་གཡོགས་རས་དཀར་སོགས་བགོས། ཕྱི་རོལ་དུ་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་ལས་བྱང་ལྟར་བྱས་ལ། སེམས་བསྐྱེད་གསལ་གདབ། སྤྲོ་ན་ཆོས་བཤད་སྤྱི་ལྟར་བྱས་ལ། འདིར་ཡེ་ཤེས་མཁའ་འགྲོ་པདྨ་མདངས་གསལ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས། རིག་འཛིན་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་ཧེ་རུ་


RTZ035_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཆེན་པོ། ལྷ་བཙུན་ཆོས་ཀྱི་རྒྱལ་པོ་ནམ་མཁའ་འཇིགས་མེད་ཀྱི་དག་པའི་གཟིགས་སྣང་དུ་ཤར་བའི་ཟབ་ལམ་རིག་འཛིན་སྲོག་སྒྲུབ་ཅེས་རིག་འཛིན་ཌཱ་ཀིའི་བླ་རྡོ་དོ་ཟླ་དང་བྲལ་བ་དེ་ཉིད་ལ་ཡབ་བཀའ་རིག་འཛིན་སྡེ་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་བསྐྱེད་རྫོགས་དང་། ཡུམ་བཀའ་རྡོ་རྗེ་ཕག་མོའི་བསྐྱེད་རྫོགས་ཀྱི་སྐོར་སོ་སོར་བཞུགས་པ་ལས། འདིར་ནི་གཉིས་ཀའི་རྫོགས་རིམ་ཟབ་པའི་མཐར་ཐུག་རྨད་དུ་བྱུང་བ་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཞེས་གྲགས་པ་དེ་ཉིད་ཀྱི་སྨིན་བྱེད་མེ་དབང་དང་འབྲེལ་བ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་སྨིན་གྲོལ་གྱི་སྣོད་རུང་དུ་བསྒྲུབ་པའི་ཆོས་རྒྱུད་དག་པར་བྱེད་པ་ལ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་སྲིད་པ་གསུམ་གྱི་དཔའ་བོ་རྣལ་འབྱོར་མ་དང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་གསལ་བཏབ་སྟེ། ཚེ་རབས་ཀྱི་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་དབང་ནོད་པ་ལ་སྒྲིབ་བྱེད་ཀྱི་འགལ་རྐྱེན་དུ་གྱུར་པའི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་དུ་བསམ་ལ། བཤགས་པའི་ཚིག་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་བྱས་ལ་བཤགས་རྒྱུད་ལས་འབྱུང་བའི་ཡེ་ཤེས་མཁའ་འགྲོའི་


RTZ035_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ལེའམ། དགོངས་འདུས་དང་འཇའ་ཚོན་ཟབ་གཏེར་ལས་འབྱུང་བ་ལྟ་བུའི་མཁའ་འགྲོའི་སྨྲེ་བཤགས་ཀྱི་རིམ་པ་གང་འགྲུབ་བྱར་གཞུག །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་ཀུན་འདུས་པ་སྐྱབས་ཀྱི་མཆོག །འགྲོ་ཀུན་ཐར་པའི་ལམ་སྟོན་རིན་པོ་ཆེ། །མགོན་མེད་བདག་ལ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །ལུས་ངག་ཡིད་ལ་གཏུམ་མོའི་དབང་བཞི་སྐུར། །ཅེས་ལན་གསུམ་བྱ། སླར་ཡང་སྐྱབས་ཡུལ་རྣམས་ལམ་གྱིས་གསལ་བའི་སྤྱན་སྔར་དད་གདུང་ཆེན་པོས་སྡོམ་པ་ཐོབ་འདོད་དང་བསླབ་བྱ་ལ་བསླབ་འདོད་ཀྱི་བསམ་པ་ཞེ་ཐག་པ་ནས་བྱས་ཏེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐུན་མོང་དུ་བྱ་བ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ སྲིད་ཞིའི་དྭངས་བཅུད་ཆོས་དབྱིངས་ཐིག་ལེའི་ངང༔ རྒྱལ་ཀུན་དགོངས་གསང་འོད་གསལ་སྙིང་པོའི་བཅུད༔ རྡོ་རྗེ་ཕག་མོ་དབྱིངས་ཀྱི་ཡུམ་ཆེན་ལ༔ སྐྱབས་སུ་མཆི་འོ་སྨོན་འཇུག་མཆོག་སེམས་བསྐྱེད༔ ལན་གསུམ། དེ་ནས་དབང་གི་སྔོན་འགྲོ་དང་དངོས་གཞིའི་སྐབས་སུ་ཐོབ་པ་དང་འཐོབ་འགྱུར་གྱི་སྡོམ་པ་ཐམས་ཅད་སྐད་ཅིག་ཙམ་ཡང་མི་ཉམས་པར་བསྲུང་བར་བགྱིད། བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་མཛད་དུ་གསོལ་སྙམ་པས་སྡོམ་པ་གཟུང་བ་འདིའི་རྗེས་


RTZ035_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། ཡང་དག་སྡོམ་དང་དམ་ཚིག་ཚུལ་བཞིན་བསྲུང་། །དྭངས་མ་འཇའ་ལུས་མེ་ཡི་དབང་མཆོག་དེ། །བདག་གི་རྒྱུད་ལ་ད་ལྟ་བསྐུར་དུ་གསོལ། །ལན་གསུམ། དེ་ལྟར་ཁས་བླངས་པའི་རྗེས་ཐོབ་ཏུ་ཡང་དམ་ཚིག་གི་གལ་མདོ་བསྒྲག་པ་ཡིན་པས་དམ་སྡོམ་གྱི་རིམ་པ་རྣམས་སྲོག་ལ་བབ་ཀྱང་མི་ཉམས་པར་བསྲུང་དགོས་ཤིང་། དམ་ལས་འདས་ན་དམ་ཚིག་གི་མནའ་ཆུ་ལྕེ་ལ་བླུད་པ་འདི་ཉིད་སྙིང་དབུས་སུ་བརྟན་པར་བྱས་པ་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ཁྲག་རྔུབ་ཅིང་ན་རག་གི་གནས་སུ་འཚེད་པར་གདོན་མི་ཟ་ལ། མ་ཉམས་པར་ཚུལ་བཞིན་དུ་བསྲུངས་པར་གྱུར་ན་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས་ངེས་པར་མཛོད། ཅེས་དམ་ཆུ་བླུད་ཅིང་རྡོ་རྗེ་སྙིང་གར་གཏུགས་ལ། ང་ནི་དེང་ནས་ཁྱོད་ཀྱི་རིགས་བདག་ཆེ། །དཀྱིལ་འཁོར་དམ་པའི་དབང་བཞི་བསྐུར་བར་བྱ། །ཕྱི་ནང་གསང་བ་དཀྱིལ་འཁོར་བླ་མེད་ཀྱི། །དམ་ཚིག་སྡོམ་པ་སྲོག་ལ་བབ་ཀྱང་སྲུངས། །གལ་ཏེ་ཉམས་ན་མནར་མེད་སྐྱེ་འགྱུར་ཞིང་། །ཐར་པའི་ས་བོན་རྩ་བ་རུལ་བར་འགྱུར། །དེ་ཕྱིར་ཁྱོད་ཀྱིས་མ་ཉམས་ཡོན་ཏན་མཆོག །བསམ་གྱིས་མི་ཁྱབ་སྲོག་གི་ཆུ་འདི་ཐུངས། །ས་མ་ཡ། ཨི་དན་ན་ར་ཀན། ཞེས་བརྗོད། དེ་ནས་དབང་གི་གཞི་སྒྲུབ་པ་ལ་ཁྱེད་རང་རྣམས་ལུས་གནད་


RTZ035_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

གཅུན་ཅིང་རླུང་རོ་བསལ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ལས་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་ཀ་དག་དེ་བཞིན་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལས། ས་ཕྱོགས་འདི་ཉིད་དག་པ་ཡེ་ཤེས་ཀྱི་རང་རྩལ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་བསྣོལ་མ་ཕྱི་དཀར་ལ་ནང་དམར་བ་དེའི་ཁོངས་སུ་དགའ་བ་འཁྱིལ་བ་པདྨ་ཟླ་ཉི་བམ་རོ་དང་བཅས་པའི་གདན་ལ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ། དེ་ཉིད་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལྟར་དམར་འོད་འཚེར་བ། གཅེར་བུ་ནུ་མ་དང་བྷ་གའི་འཁོར་ལོ་རབ་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞབས་གཡས་བསྐུམ་པའི་རྟིང་པ་གསང་གནས་སུ་གཏད་པ། གཡོན་བརྐྱང་པས་བམ་རོའི་སྙིང་གར་བརྫིས་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། དབུ་སྐྲ་ཁམ་སེར་གཙུག་ཏུ་བཅིངས་པའི་ལྷག་མ་ཐུར་དུ་གྲོལ་བ། སྤྱི་ལྟག་གཡས་ནས་ཕག་ཞལ་ནག་མོ་ངུར་སྒྲ་འབྱིན་པ། མཆན་ཁུང་གཡོན་དུ་ཡབ་དཔའ་བོ་རྟ་མགྲིན་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་བསྒྲེང་པ། རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་དར་དཔྱང་དྲིལ་གཡེར་སོགས་ཀྱིས་བརྒྱན་པ། ཡེ་


RTZ035_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་དཀར་མོ། མགྲིན་པར་རིན་ཆེན་མཁའ་འགྲོ་སེར་མོ། སྙིང་གར་སངས་རྒྱས་མཁའ་འགྲོ་མཐིང་ག །ལྟེ་བར་པདྨ་མཁའ་འགྲོ་དམར་མོ། གསང་བར་ལས་ཀྱི་མཁའ་འགྲོ་ལྗང་གུ་རྣམས་ཆ་ལུགས་གཙོ་མོ་དང་མཚུངས་པ། དེ་རྣམས་ཀྱི་གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རྣམས་དང་། ཁྱད་པར་དུ་ཡང་ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་ལ་སོགས་པར་བཞུགས་པའི་སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་དཔའ་བོ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་བ་ལས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད། རྡོ་རྗེ་ཕག་མོའི་སྐུ་དང་ཡིག་འབྲུ་ཕྱག་མཚན་ལ་སོགས་པའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་སྩོལ་མེད་དུ་སྐྱེས་པའི་མོས་པ་མ་ཡེངས་པར་མཛོད། ཅེས་ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་པོའི་སྤོས་བཏུལ་ཞིང་རོལ་མོའི་འགྱུར་བ་དང་བཅས་སྔོན་བསྐལ་མ་དང་། ཧྲཱི༔ དམ་ཚིག་དེ་ལྟར་གསལ་བའི་གནས་ལྔ་ནས༔ སོགས་ལས་གཞུང་གི་སྤྱན་འདྲེན་དང་རྩ་སྔགས་ཀྱི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ


RTZ035_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དྲག་ཏུ་བརྗོད་པས་བྱིན་ཕབ། དེ་ལྟར་ཡེ་ཤེས་ཕེབ་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ཐུགས་རྒྱུད་ལ་བརྟན་པར་བྱས་བྱུང་སྙམ་པའི་མོས་པ་མཛོད་བྱས་ལ་རྡོ་རྗེ་སྤྱི་བོར་བཞག་ཅིང་། ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་དབང་དངོས་གཞི་གསན་པའི་སླད་དུ་ཞིང་ཁམས་འབུལ་བར་ཞུ་ཞེས་མཎྜལ་འབུལ། བུམ་དབང་ནི། བུམ་པ་བཏེགས་ལ། བུམ་པ་འདི་ཕྱི་བུམ་པའི་རྣམ་པ་ལ་ནང་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱ་ཁྱོན་མཐའ་ལས་འདས་པ་དུར་ཁྲོད་རབ་འཇིགས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་བསྣོལ་མའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཏིལ་གྱི་ཕུང་པོ་ཁ་བྱེ་བ་ལྟ་བུས་བསྐོར་བ་མངོན་སུམ་དུ་བཞུགས་པ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོའི་རྒྱུན་སྐྱ་ནར་གྱིས་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་དུ་ཞུགས་དཀར་མེར་གྱིས་གང་། བཅོམ་ལྡན་འདས་མའི་ལྷ་ཚོགས་དཔག་ཏུ་མེད་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཡང་རང་ལུས་དང་དབྱེར་མེད་དུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བྱས་ལ་བུམ་པ་སྤྱི་བོར་བཞག་ཅིང་། ཧྲཱིཿ ཆོས་དབྱིངས་གཞོན་ནུ་བུམ་པའི་འཇའ་གུར་ཀློང་། །འོད་ཟེར་དྲྭ་བ་འཁྲིགས་པའི་དུར་ཁྲོད་ནས། །ཉེར་བཞིའི་རིགས་ལྔ་ཌཱ་ཀི་འབུམ་ཕྲག་གཙོ། །ཀུན་བཟང་རྡོ་རྗེ་བཙུན་


RTZ035_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་བླུད་དོ། །དེས་ལུས་ཀྱི་སྒྲིབ་པ་སྦྱངས། བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ་ཤིས་པ་བརྗོད། གསང་དབང་ནི། ཐོད་པ་བཏེགས་ལ། རང་བྱུང་གི་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་འདི་ཉིད་ཀྱི་ནང་དུ་བཅོམ་ལྡན་འདས་མའི་གསུང་གསང་མགུལ་གྱི་བུམ་པ་ལས་ཨཱཿཡིག་པདྨ་རཱ་གའི་མདངས་དང་ལྡན་པ་ཞིག་འཕྲོས། དེའི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་ཕྱི་ནང་སྣོད་བཅུད་འབྱུང་ལྔའི་དྭངས་བཅུད་ཐམས་ཅད་འུབ་ཀྱིས་བསྡུས་པ། ཨཱ་ལི་ཀཱ་ལི་དང་དཔའ་བོ་ཌཱ་ཀིའི་སྲོག་ཡིག་གི་རྣམ་པར་ལྟེམ་མེར་གྱིས་གྱུར་པ་འོད་དུ་ཞུ་བའི་བདུད་རྩི་འདི་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པས་རྡོ་རྗེའི་ཕུང་ཁམས་ཐམས་ཅད་འོད་ཟེར་དམར་པོས་ལྟེམ་གྱིས་གང། གསུང་གསང་འགག་པ་མེད་པའི་སྒྲ་དབྱངས་དང་ལྡན་པར་གྱུར་སྙམ་པ་མཛོད། ཅེས་མགྲིན་པར་གཏད། ཧྲཱིཿ ཐོད་པ་མཚན་ལྡན་ཆོས་དབྱིངས་ཡངས་པའི་ཀློང་། །ཟག་མེད་བདུད་རྩི་པདྨ་རཱ་གའི་མདོག །གྲགས་སྟོང་རྡོ་རྗེ་རྒྱལ་ཀུན་གསུང་གསང་བའི། །དོན་ལ་དབང་སྒྱུར་ལོངས་སྐུར་སངས་རྒྱས་ཤོག །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་ཝཱ་ཀ་


RTZ035_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བདུད་རྩི་བླུད། དེས་ངག་གི་སྒྲིབ་པ་སྦྱངས། གསང་བའི་དབང་ཐོབ། ལམ་རླུང་སྔགས་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་ལྡན་དུ་གྱུར་སྙམ་པ་མཛོད། ཅེས་དང་ཤིས་པ་བརྗོད། ཤེར་དབང་ནི། རིག་མའི་ཙཀླི་ཐོགས་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་གྱི་སྐུར་གནས་གྱུར་པ་ལ་ཕྱག་རྒྱ་པདྨ་ཅན་མཚན་ཉིད་དང་ལྡན་པ་འདོད་པའི་སྒྱུ་ཐབས་ལ་མཁས་པ་ཞིག་ཕུལ་བས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་ཏེ་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞིའི་མཐར་ཐུག་ལྷན་ཅིག་སྐྱེས་པ་གཉུག་མ་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟོགས་པར་གྱུར་པའི་མོས་པ་མཛོད། ཅེས་ལག་གཡོན་དུ་གཏད་ལ། ཧྲཱིཿ འདི་ནི་དེ་བཞིན་གཤེགས་པ་ཡི། །བདག་མེད་སྟོང་པའི་ཡུམ་ཆེན་མཆོག །རིགས་ལྔ་ཌཱ་ཀི་མཚན་ལྡན་མ། །བདེ་ཆེན་ཡུམ་དུ་དབང་བསྐུར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧ་རི་ནི་ས་མ་མ་སིདྡྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དར་གཅིག་དབང་དོན་བསྒོམ་བཅུག་གོ །དེས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་བདེ་སྟོང་དགའ་བཞིའི་ཉམས་ལེན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་གྱུར་སྙམ་པ་མཛོད། ཅེས་ཤིས་པ་བརྗོད། ཚིག་དབང་ནི། དེ་ཡང་ཁྱེད་རང་རྣམས་ལུས་


RTZ035_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་རླུང་རྩོལ་མེད་དུ་བཞག །ཡིད་སྔ་ཕྱིའི་འགྱུ་འཕྲོ་ཐམས་ཅད་དང་བྲལ་བའི་ད་ལྟར་གྱི་ཤེས་པ་བཟོ་བཅོས་མེད་པ་སྟོན་གནམ་གཡའ་དག་པ་ལྟ་བུའི་ངང་དུ་ཧྲིག་གེ་མ་ཡེངས་པར་མཉམ་པར་ཞོག་མཛོད། བྱས་ལ་ཤེལ་རྡོ་དང་མེ་ལོང་རྨ་བྱའི་མདོངས་རྣམས་ཕྱར་ཏེ། ཧྲཱིཿ ཆོས་སྐུ་མན་ཤེལ་དག་པ་ལ། །ལོངས་སྐུ་འགག་མེད་མེ་ལོང་གཟུགས། །སྤྲུལ་སྐུ་རྨ་བྱའི་མདོངས་འོད་ལྟར། །གཉིས་མེད་དྭངས་པའི་རྣམ་རོལ་ཀུན། །ཆོས་དབྱིངས་གཞོན་ནུ་བུམ་སྐུའི་དཔེ། །ནམ་མཁའི་ཀློང་དུ་རོ་གཅིག་པས། །སྣང་སྲིད་དབྱིངས་རིག་དྭངས་མའི་ངང་། །སྐྱེ་འགག་བྲལ་བའི་དབང་བསྐུར་རོ། །ངོ་སྤྲོད་པ་ནི། དེའང་རང་བྱུང་གི་ཤེལ་དྲི་མ་མེད་པ་འོད་ལྔ་གཏིང་གསལ་དུ་སྣང་བ་འདི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་སྐུ་དྲི་མ་མེད་པ་མཚོན་བྱེད་ཡིན་ནོ། །མེ་ལོང་གཡའ་དང་བྲལ་བ་ནི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང། རྨ་བྱའི་མདོངས་ནི་གསལ་སྟོང་དབྱེར་མེད་ཀྱི་རང་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ་མཚོན་པ་སྟེ། དེ་ཡང་གུད་ན་ཡོད་པ་མ་ཡིན་ཏེ། ད་ལྟ་མཉམ་པར་བཞག་པའི་རང་དུས་ན་སེམས་ཀྱི་ངོ་བོ་སྟོང་སང་ངེ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ངོ་བོ་སྟོང་པ་ཞེས་བྱ། དེའི་མདངས་མ་འགགས་པར་གསལ་ལྷག་གེར་འདུག་པ་རང་བཞིན་གསལ་


RTZ035_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། དེ་ལས་རང་བྱུང་གི་རིག་མདངས་མ་འགགས་པའི་མཁྱེན་ཆ་ལ་ཐུགས་རྗེ་ཀུན་ཁྱབ་སྟེ་སྐུ་གསུམ་རང་ཆས་ལྷུན་གྲུབ་ཏུ་ཚང་བ་འདི་ཡིན་ནོ། །ཡང་མཉམ་བཞག་དེའི་ངང་ལས་ཁྱེད་རང་རྣམས་ཀྱི་མིག་དང་སེམས་གཉིས་ཀ་འཇུག་པ་མཚུངས་པར་ཤར་ལྷོ་ནུབ་བྱང་སྟེང་ཕྱོགས་བཞིའི་ནམ་མཁའ་ལ་རིམ་པ་བཞིན་དུ་མ་ཡེངས་པར་ལྟོས་ཤིག །ཅེས་བྱས་ལ་ཕྱོགས་བཞིར་སྡིགས་མཛུབ་གཏོད་པ་དང་ལྷན་ཏུ་ཕཊ྄ཿདྲག་ཏུ་བརྗོད་ཅིང་། དེ་ལྟར་ཕྱོགས་བཞིར་གཏོད་པར་སེམས་ས་དང་གཏོད་ས་གཏོད་མཁན་ཐམས་ཅད་དོན་དུ་རང་གི་སེམས་ཁོ་ན་ཡིན་ཏེ། སེམས་ཉིད་རང་ཤར་རང་གྲོལ་རྟོག་པ་དགག་སྒྲུབ་མེད་པའི་ཐ་མལ་ཤེས་པ་སོ་ཡག་གེ་བ་འདི་རང་བྱུང་གི་རིག་པ་ཡིན་པར་ཤེས་པར་གྱིས་ལ་བརྗོད་བྲལ་གྱི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཞེས་དར་གཅིག་མཉམ་པར་འཇོག་བཅུག་གོ །དེས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱངས། ཚིག་དབང་རིན་པོ་ཆེ་ཐོབ། ལམ་བློ་འདས་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་དུ་གྱུར་སྙམ་པ་མཛོད་བྱས་ལ་ཤིས་པ་བརྗོད། དེས་རྩ་བའི་དབང་བཞི་ལེགས་པར་གྲུབ་ནས། ཡན་ལག་གཏུམ་མོའི་མེ་དབང་གསན་པའི་སླད་དུ་ཞིང་ཁམས་འབུལ་བར་ཞུ། ཁྱེད་རང་རྣམས་ལུས་གནད་མེ་ཐབ་དྲུག་བཅིངས་ཀྱི་འདུག་སྟངས་དང་ལྡན་པས་གཞི་ལུས་འདི་ཉིད་རྡོ་རྗེ་ཕག་མོ་སྔར་


RTZ035_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲོས་པའི་མཚན་ཉིད་ཅན་དུ་གསལ་བའི་སྨིན་མཚམས་སུ་གཡུང་དྲུང་དམར་པོ་གཅིག་གཡོན་དུ་སྒ་ར་ར་འཁོར་བར་བསམས་ཏེ། བདག་སློབ་དཔོན་དང་དཀྱིལ་འཁོར་གཙོ་བོ་གཉིས་སུ་མེད་པ་ལ་མོས་གུས་དུང་དུང་བ་ཞིག་མཛད་པའི་རྐྱེན་གྱིས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་མུ་མཐའ་མེད་པ་མཁའ་ཁྱབ་ཏུ་འཕྲོས་པས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་གསང་བ་གསུམ་གྱི་བྱིན་རླབས་མ་ལུས་པ་འོད་དང་འོད་ཟེར་དཔའ་བོ་རྣལ་འབྱོར་མའི་རྣལ་པར་ཆར་བཞིན་བབས་པ་ལུས་ཀྱི་གནས་རྣམས་སུ་སིབ་སིབ་ཐིམ་པས། ལུས་ལ་བདེ་དྲོད། ངག་ལ་ནུས་པ། སེམས་ལ་ཉམས་རྟོགས་སོགས་རྩོལ་མེད་དུ་སྐྱེས་པའི་མོས་པ་མཛོད། སྦྱར་སྤོས་རོལ་མོ་དབྱངས་བཅས། ཨོཾ་བཛྲ་གུ་རུ་བཻ་རོ་ཙ་ནི་ཡཻ་སརྦ་ན་མོཿ དྭངས་མའི་ཆོས་དབྱིངས་ཕ་མཐའ་སྲིད་པའི་ཁམས༔ ཀུན་བཟང་སྣང་བ་མཐའ་ཡས་འོད་དཔག་མེད༔ རིག་འཛིན་དཔའ་བོ་ཌཱ་ཀི་སྡེ་ལྔའི་ཚོགས༔ གཅིག་ཆར་བྱིན་རླབས་འོད་ཕུང་ཆི་ལི་ལི༔ དགོངས་བརྡ་སྙན་བརྒྱུད་ཕྱོགས་དུས་རྒྱལ་བ་དང༔ བཀའ་གཏེར་མན་ངག་ཆུ་བོའི་མགོ་འཛིན་པའི༔ རྩ་བརྒྱུད་བླ་མ་ཡི་དམ་ཌཱ་ཀི་རྣམས༔ བྱིན་རླབས་སྣང་སྲིད་འོད་སྐུར་ཐོ་ལོ་


RTZ035_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལོ༔ འོད་ལྔ་འཁྲུགས་པའི་དབྱིངས་ཀུན་སྐུ་དང་གསུང༔ ཐུགས་མཆོག་འོད་ཟེར་འབར་བའི་ཕྱག་མཚན་དཀྱིལ༔ དཔའ་བོའི་ཧཱུྃ་སྒྲ་དཔའ་མོའི་བཤུག་གླུ་དང༔ ཁྲོ་རྒྱལ་ཕོ་མོའི་གད་རྒྱངས་ཡ་ལ་ལ༔ མཐུ་ལྡན་ཆོས་སྲུང་འབུམ་ཕྲག་དྷཱ་ཀི་འཁྲིགས༔ སྤོས་སྤྲིན་འཇའ་ཟེར་དྭངས་མའི་རང་འོད་དང༔ སྲིད་ཞིའི་ཁམས་ཀུན་སྙན་པའི་རོལ་མོར་བཅས༔ རྡོ་རྗེ་ཕག་མོས་དབྱིངས་ནས་བྱིན་ཕོབ་ཅིག༔ ཕུང་ཁམས་ཁ་དོག་ལྔ་ཡི་འོད་ཟེར་གྱིས༔ དྭངས་མར་སྦྱངས་པའི་འཇའ་ལུས་རྡོ་རྗེའི་སྐུ༔ དབང་བཞིའི་བཅུད་ཀྱིས་མཁའ་འགྲོ་སྡེ་ལྔར་གྲོལ༔ བདེ་ཆེན་ཟག་མེད་ཆོས་ཉིད་ཟད་སར་ཨ༔ ཨོཾ་བཛྲ་བཻ་རོ་ཙ་ནི་ཡཻ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་བརྗོད། དེས་བྱིན་རླབས་འབེབ་པ་སྔོན་དུ་སོང་ནས། དངོས་གཞི་ལ་སྤྱན་དམིགས་འདི་བཞིན་དུ་མཛད་འཚལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། དཀྱིལ་འཁོར་དབུས་ཀྱི་མར་མེ་འདི་ཉིད་ཕག་མོའི་ལྷ་ཚོགས་སུ་གསལ་བའི་ལྟེ་བའི་ཨ་ཤད་ལས་མེ་འབར་ཏེ་སྐུའི་གནས་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་གྱིས་ལྟེམ་མེར་གྱིས་ཡོངས་སུ་གང་བར་གྱུར་པའི་སྤྱི་བོ་ལས་མེའི་དྭངས་མ་ཨོཾ་དཀར་པོ། མགྲིན་པ་ནས་མེའི་དྭངས་མ་ཨཱཿདམར་པོ། ཐུགས་


RTZ035_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་མེའི་དྭངས་མ་ཧཱུྃ་སྔོན་པོ། ལྟེ་བ་ནས་མེའི་དྭངས་མ་རཾ་སེར་པོ། གསང་གནས་ནས་མེའི་དྭངས་མ་ས་ལྗང་གུ་རྣམས་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་ལྔ་སོ་སོར་ཐིམ་པའི་མོས་པ་མཛོད། བྱས་ལ་རོལ་མོ་བྱ། དེ་ནས་དཔལ་འབར་ལ་བསང་ཆུ་འཐོར་ལ་མེ་སྦར་བ་བཟུང་སྟེ། དཔལ་འབར་གྱི་མེ་ཡེ་ཤེས་ལྔ་ལྡན་གྱི་མཚོན་བྱེད་བྱས་པ་འདི་གདེངས་ཤིང་བསྐོར་བའི་ཚེ། དཀྱིལ་འཁོར་གྱི་གཙོ་མོ་ཉིད་དང་། གཞན་ཡང་སྣང་སྲིད་ཐམས་ཅད་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་གྱུར་པ་རྣམས་ཀྱི་གནས་ལྔ་ལས་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་གྱི་འཇའ་ཕུང་དྲྭ་བར་འཁྲིགས་པས་མ་དག་པའི་དངོས་འཛིན་སྒྲིབ་གསུམ་ཕྲ་རགས་དང་བཅས་པ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་ཏེ། མེ་དཔུང་རྣམས་ཁྱེད་རང་གི་ལྟེ་བའི་ཨ་ཤད་ལ་ཕོག་པས། བདེ་དྲོད་ཀྱི་མེ་དཔུང་ཆེས་ཆེར་དུ་འབར་ཏེ་ངོ་བོ་བཅོམ་ལྡན་འདས་མ་ལ་རྣམ་པ་སྣང་སྲིད་ཐམས་ཅད་མེ་དཔུང་ཁ་དོག་ལྔ་ལྡན་དུ་གྱུར་པའི་མོས་པ་མཛོད། ཅེས་དཔལ་འབར་གདེངས་བསྐོར་བྱ་ཞིང་། ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་རཾ་རཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། ཧྲཱིཿ མེ་དཔུང་འོད་སྣང་དུར་ཁྲོད་གཞལ་ཡས་ནས། །བདེ་སྟོང་རྡོ་རྗེ་གཙོ་མོ་རིགས་ལྔའི་གཙོ། །དཔའ་བོ་ཌཱ་ཀི་གནས་ལྔའི་འོད་ཟེར་གྱིས། །སྐལ་ལྡན་རྣམས་ལ་དབང་སྐུར་བྱིན་ཕོབ་


RTZ035_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་བརྗོད། དེས་བདེ་སྟོང་གཏུམ་མོའི་མེ་དབང་གྲུབ་པ་ཡིན་ཞིང་། འདིའི་དམ་ཚིག་ཏུ་རས་རྐྱང་ལོ་གསུམ་གྱི་དམ་བཅའ་དང་རྟག་ཏུ་གྲང་བ་ཡིད་ལ་མི་བྱ་ཞིང་གཏུམ་མོ་བདེ་ཆེན་གྱི་ཉམས་ལེན་ལ་ལྟེམ་རྐྱང་མེད་པར་མཛད་དགོས་པ་ལགས། དེའི་མཐའ་རྟེན་དུ་སྤྱོད་པའི་ཆས་དབང་བསྐུར་བའི་དམ་རྫས་བདུད་རྩི་དང་བམ་ཆེན་བྱུག་རྫས་རྐང་གླིང་ཐོད་རྔ་ཐོགས་ལ། བརྟུལ་ཞུགས་སྤྱོད་པའི་རྫས་འདི་དག་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་ཕུལ་ཞིང་ལོངས་སྤྱོད་པའི་གནས་སྐབས་ན། དཔའ་བོ་དང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་མངའ་གསོལ་ཞིང་དབུགས་དབྱུང་བར་མཛད་བྱུང་སྙམ་པའི་མོས་པ་མཛོད། དཔའ་བོ་ཁྱོད་ཀྱིས་འདི་ཟུངས་ལ། །མ་ཚོགས་དབང་དུ་བསྡུ་བ་དང་། །ཟག་མེད་བདེ་ཆེན་རོལ་པའི་ཕྱིར། །དབང་ཕྱུག་བརྟུལ་ཞུགས་མཆོག་བརྟེན་ནས། །ཟག་མེད་རྡོ་རྗེའི་སྲོག་ལམ་ལས། །འཕོ་མེད་འོད་སྐུར་ལ་ཟློས་ཤིག །འབར་བའི་བདེ་དྲོད་འཇའ་གུར་འཁྱིལ་པ་ཡིས། །སྣང་སྲིད་ཐམས་ཅད་ཆུ་ཟླ་སྤྲུལ་པ་དང་། །ཟག་མེད་སྒྱུ་འཕྲུལ་མཁའ་སྤྱོད་རྡོ་རྗེའི་ཞིང་། །དཔའ་བོའི་དབང་ཕྱུག་ཆེན་པོར་དབུགས་དབྱུང་ངོ་། །ཞེས་བརྗོད་ཅིང་བམ་དང་བདུད་རྩི་བཟར་གཞུག །རོ་སོལ་བྱུག །རྐང་གླིང་སོགས་ལག་ཏུ་གཏད་དོ། །དེས་སྤྱོད་པའི་དབང་བསྐུར་ཐོབ་པས་དམ་ཚིག་ཏུ་རྣལ་འབྱོར་པའི་ཆས་གོས་སྤྱི་བྱེ་བྲག་རྣམས་མི་འབྲལ་བར་བཅང་བ་དང་། གོང་དུ་བསྟན་པའི་བསྐྱེད་རྫོགས་རྣམས་ལ་རིམ་གྱིས་ཉམས་མྱོང་གིས་དྲོད་རྟགས་ཐོན་པར་བྱས་ཏེ། དབང་བསྒྱུར་གྱི་སྤྱོད་པས་དུར་ཁྲོད་དང་ཡུལ་གྲུ་མ་ངེས་པ་དུ་མར་དཔའ་བོ་རྣལ་འབྱོར་


RTZ035_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་དང་སྤྱོད་ཡུལ་མཉམ་པར་རྒྱུ་ཞིང་གང་ལའང་འཇིགས་པ་མེད་པས་སྲིད་པ་ཟིལ་གྱིས་གནོན་པའི་བརྟུལ་ཞུགས་ལ་བསླབ་དགོས་པ་ལགས། ཞེས་དང་ཤིས་པ་བརྗོད། སྨིན་སློབ་ཏུ་བྱེད་ན་བུམ་དབང་གི་ཐོག་མར་བྱིན་འབེབ་སྐབས་སུ་གཏུམ་མོ་པདྨའི་གྲུ་གཟིངས་ནས་གསུངས་པའི་དམིགས་པ་ཚང་བ་འབོགས་པ་ནས། སྐབས་འདིར་ཕག་མོའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་རྣམས་སྐབས་ཇི་ལྟར་རིགས་པར་སྦྲེལ་བར་བྱའོ། །དེ་དག་རྣམས་ཀྱིས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་ལེགས་པར་ཕུལ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་ཁས་བླང་མན་ཆད་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་དང་། ཆད་ཐོ་བརྟན་སྐྱོང་སོགས་ཕག་མོའི་ལས་བྱང་གི་དཀྱུས་ལྟར་བྱ་ཞིང་། འགྲུབ་ན་སྐོང་བཤགས་ཚོགས་མཆོད་སོགས་ལྡབ་འཕར་དུ་བྱ་བར་བཤད་དོ། །མཆོག་གི་གཏུམ་མོ་ལྷན་སྐྱེས་མེས། །ཕུང་ཁམས་དྭངས་མའི་འོད་སྐུར་སྦྱངས། །སྲིད་གསུམ་འཇའ་འོད་ཐིག་ལེར་དྭངས། །ལྷུན་གྲུབ་སྦུབས་སུ་བརྟན་ཐོབ་ཤོག །ཅེས་རང་འདྲའི་བློ་དམན་འདོད་ཅན་པ་རྣམས་ཀྱི་ཉམས་ལ་ཕན་པའི་ཆེད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ལམ་སྲོལ་འདི་འཛིན་པའི་མཁས་པ་དག་གི་གསུང་ངག་བཅུད་དུ་དྲིལ་ཏེ། ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་གསང་བ་དགྱེས་པར་འདུ་བྱས་པ་དགེ་ལེགས་འཕེལ།། །།


previousརྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས་གཏུམ་མོ་བདེ་ཆེན་པདྨའི་གྲུ་གཟིངས་ཀྱི་སྨིན་བྱེད་མེ་དབང་བཅས་པ་བདེ་ཆེན་པདྨའི་མྱུ་གུ། བློ་གྲོས་མཐའ་ཡས།next