Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས་མ་མོ་འཁྲུགས་པའི་སྐོང་བ། རོལ་པའི་རྡོ་རྗེ།
   
   
   


 
previousཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས་མ་མོ་འཁྲུགས་པའི་སྐོང་བ། རོལ་པའི་རྡོ་རྗེ།next

ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས་མ་མོ་འཁྲུགས་པའི་སྐོང་བ། རོལ་པའི་རྡོ་རྗེ།


RTZ039_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ མ་མོ་འཁྲུགས་པའི་སྐོང་བ་བཞུགས་སོ༔


RTZ039_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྷ་ར་ཧི་ན་མོ༔ མཁའ་འགྲོའི་ལས་ཚོགས་མ་མོ་འཁྲུགས་སྐོང་བསྟན༔ ཡུལ་དུ་དལ་ཡམས་བྱུང་ངམ་མ་མོ་དག༔ འཁྲུགས་ལྟས་བྱུང་ཚེ་དང་པོ་གཞུང་གཞན་འབྲེལ༔ སྨན་རཀ་གཏོར་གསུམ་ལྟག་སྤྲོད་རྐང་གླིང་རྔ༔ མེད་དུ་མི་རུང་གཞན་གྱི་མཆོད་རྫས་རྣམས༔ སྨན་རཀ་གཏོར་གསུམ་ལས་ནི་སྤྲུལ་སྤྲོ་གནད༔ ཅི་ཕྱིར་ཞེ་ན་མ་མོའི་རྫས་མང་བས༔ མ་འཛོམ་སྔགས་འཆང་བླུན་པས་རྫས་ལོག་ན༔ ཕན་ལས་ཉེས་ཆེ་དེས་ན་དེ་ལྟར་ལེགས༔ ཚིག་དོན་བཞིན་བསྒོམ་མ་ཡེངས་ངང་ནས་བྱ༔ ཨོཾ་ཨཱཿཧཱུྃ༔ བྷན་དྷ་འབར་བའི་སྣོད་སོགས་སུ༔ སྨན་དང་རཀྟ་གཏོར་མ་བཤམས༔ ཡེ་ཤེས་བདུད་རྩི་བདེ་བའི་རྒྱུན༔ འདོད་ཡོན་སྣ་ཚོགས་འབྱུང་གྱུར་ཅིག༔ ཧཱུྃ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་བརྡུངས༔ མི་རྐང་གླིང་བུའི་སྐད་བཏང་ཚེ༔ སྣང་སྲིད་མ་མོ་མཆིས་སོ་ཅོག༔ ད་ལྟ་ཉིད་དུ་བརྩེར་དགོངས་གཤེགས༔ སོ་སོའི་གདན་སྤྲུལ་སྟེང་དུ་བཞུགས༔ ཕྱི་ནང་གསང་མཆོད་འདོད་ཡོན་ཚོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ བསྟོད་པར་འོས་པ་ཀུན་ལ་བསྟོད༔ ན་མོ༔ བདག་གི་ལྷ་སྔགས་ཏིང་འཛིན་དང༔ མཆོག་གསུམ་རྩ་གསུམ་བདེན་སྟོབས་དང༔ ཆོས་ཉིད་རྟེན་འབྲེལ་བསླུ་མེད་མཐུས༔ སྣང་སྲིད་མ་མོ་ཅི་དགྱེས་རྫས༔ སྨན་རཀ་གཏོར་མ་འདིར་འབྱུང་ཤོག༔ དེ་ཡང་འཛད་མེད་སྣང་སྲིད་ཁྱབ༔ སོ་སོར་མོས་པའི་འདོད་ཡོན་ལྡན༔


RTZ039_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་རྒྱལ་རྩོད་སོགས་མི་འབྱུང་ཤོག༔ བྷྱོ༔ དུས་ངན་སྙིགས་མ་ལྔ་བདོའི་དུས༔ མཆོག་དམན་བར་པའི་འགྲོ་བ་དག༔ སྦྱོར་རྩུབ་ལོག་པར་བསྒྲུབས་པ་ཡིས༔ མ་མོ་འཁྲུགས་ཀུན་བསྐང་བར་བྱ༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་ལས་ངན་བསགས་པའི་མཐུས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ལུས་ཀྱི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ངག་གི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ཡིད་ཀྱི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ སངས་རྒྱས་བསྟན་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ དམ་པའི་ཆོས་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ དགེ་འདུན་མཆོག་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ཡེ་ཤེས་པ་ལ་ཐུགས་འགལ་


RTZ039_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ འཇིག་རྟེན་པ་ལ་ཐུགས་འགལ་བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ བསྐྱེད་སྔགས་ཏིང་འཛིན་གཡེལ་བ་ཡིས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ བསྙེན་སྒྲུབ་རྫས་ལ་ཚད་མ་ལྡན༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ ཐེག་པ་རིམ་དགུའི་དམ་ཚིག་འགལ༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོའི་སྐུ་དང་གང་འགལ་བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོའི་གསུང་དང་གང་འགལ་བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོའི་ཐུགས་དང་གང་འགལ་བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོའི་ཡོན་ཏན་གང་འགལ་བྱས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོའི་ཕྲིན་ལས་དང་འགལ་བསྒྲུབས༔ སྣང་སྲིད་མ་མོ༴ འཁྲུགས་པའི་མ་མོ༴ བདག་དང་སེམས་ཅན༴ མ་མོ་འཁྲུགས་པའི་ལས་ཀུན་བགྱིས༔ སྣང་སྲིད་མ་མོ༴ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ བདུད་རྩི་སྨན་གྱི་མཆོད་


RTZ039_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐང༔ རཀྟ་དམར་གྱི་མཆོད་པས་བསྐང༔ རྨད་དུ་བྱུང་བའི་གཏོར་མས་བསྐང༔ ཕྱི་ནང་གསང་བའི་མཆོད་པས་བསྐང༔ མ་མོ་དགྱེས་རྫས་ཀུན་གྱིས་བསྐང༔ ཐོད་པ་ལྟག་སྤྲོད་རྔ་སྒྲས་བསྐང༔ མི་རྐང་གླིང་བུའི་སྒྲ་ཡིས་བསྐང༔ ཉེས་བྱས་ཐམས་ཅད་མཐོལ་ལོ་བཤགས༔ འགལ་བ་དག་ཅིང་སོར་ཆུད་ནས༔ སྣང་སྲིད་མ་མོ་རྟག་དགྱེས་ཤོག༔ སྣང་སྲིད་མ་མོ་དགྱེས་པའི་མཐུས༔ མ་མོའི་ནད་རིགས་མཐའ་དག་སོལ༔ འགྲོ་བའི་སྡིག་སྤྱོད་ཀུན་བྲལ་ནས༔ མ་མོ་ནང་འཁྲུགས་མི་འབྱུང་ཞིང༔ མ་མོའི་ཁ་རླངས་ནད་ཀུན་ཞི༔ འགྲོ་བ་རྟག་ཏུ་བདེ་ལྡན་ཤོག༔ ད་ནི་ཕྲིན་ལས་བཅོལ་བ་ནི༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མི་རུངས་མི་ཤིས་མཐའ་དག་ཟློག༔ མི་མཐུན་རིགས་ཀུན་དགྲ་ལ་སྒྱུར༔ རིམས་ནད་འགོས་ནད་རིགས་ཀུན་ཟློག༔ མི་ཕྱུགས་ནད་ཡམས་ཞིང་གནོད་ཟློག༔ དམག་འཁྲུག་མུ་གེ་ལྟས་ངན་ཟློག༔ དགྲ་འདྲེ་བྱད་ཀྱི་འཚེ་བ་ཟློག༔ མ་མོའི་ཆད་པ་ཐམས་ཅད་སོལ༔ ཅི་བསམ་ཡིད་བཞིན་མྱུར་འགྲུབ་མཛོད༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་ཆོས་ཉིད་རྟེན་འབྲེལ་རྣམས༔ བདེན་པས་མ་མོ་འཁྲུགས་པ་ཀུན༔ ཞི་ནས་ཉམས་ཆག་སོར་ཆུད་ཤོག༔ མང་བྱས་ཚར་རེར་སྨན་གཏོར་རཀྟ་འབུལ༔ ཚིག་དོན་ཡིད་བསྒོམ་ཞེ་ཐག་བཤགས་པ་འབད༔ མ་མོ་འཁྲུགས་སྐོང་གཞན་ཡང་བྱས་ཀྱང་ལེགས༔ དེ་ལྟར་ཡང་འབད་ཕན་


RTZ039_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཤིན་ཏུ་ཆེ༔ ཁྱད་པར་ནད་རིམས་དལ་ཡམས་དུས་སོགས་བྱ༔ ལར་ནི་ཀུན་ལ་མེད་དུ་མི་རུང་ངོ༔ ཚད་དང་ལྡན་ན་ཅི་བསམ་འགྲུབ་པའི་རྒྱུ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ མ་མོ་འཁྲུགས་པའི་སྐོང་བ་འདི་དང་མཁའ་འགྲོ་སེང་གདོང་མའི་ཆོས་སྐོར་འདི་ནི། དངོས་ངན་པ་རོལ་པའི་རྡོ་རྗེས་རྡོ་རྗེ་ཅོང་ཕུག་ནས་གདན་དྲངས་པའོ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ནད་མུག་མཚོན་གསུམ་ཞི་བའི་སྨོན་ལམ་དཀོན་མཆོག་གསུམ་དང་ཨོ་རྒྱན་ཡབ་ཡུམ་བདེན་པས་འགྲུབ་པར་ཤོག །ཡང་ཡེ། ཡང་ཡེ། ཡང་ཡེ། ཕ་དཀོན་མཆོག་ལ་བློ་ཕུག་མ་ལོག་ན། །ཕ་ཨོ་རྒྱན་ཡབ་ཡུམ་མ་བརྗེད་ན། །རང་གང་འདོད་ཆོས་དང་འཕྲད་པར་འགྱུར། །དེ་ཨེ་བདེན་ཨ་བུ་ང་ལ་གཟིགས། །ཉམས་མཚར་དུ་བྲིས་ལགས།། །།


previousཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས་མ་མོ་འཁྲུགས་པའི་སྐོང་བ། རོལ་པའི་རྡོ་རྗེ།next