Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོ་ལུགས་ལྟར་བསྟན་པ། མི་ཤིགས་གཡུང་དྲུང་འབྱུང་གནས།
   
   


 
previousརྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོ་ལུགས་ལྟར་བསྟན་པ། མི་ཤིགས་གཡུང་དྲུང་འབྱུང་གནས།next

རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོ་ལུགས་ལྟར་བསྟན་པ། མི་ཤིགས་གཡུང་དྲུང་འབྱུང་གནས།


RTZ039_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོ་ལུགས་ལྟར་བསྟན་པ་བཞུགས་སོ།


RTZ039_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷཱི་ཧཱུྃ། པདྨ་མཐོང་གྲོལ་པདྨ་འབྱུང་གནས་ཞིང་། །རྫུ་འཕྲུལ་མང་བསྙེམས་གདུལ་དཀའ་ཐབས་ཀྱིས་འདུར། །བོད་ཁམས་འགྲོ་ལ་བཀའ་དྲིན་མཚུངས་མེད་པ། །ངོ་མཚར་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བ། །རྒྱ་མཚོའི་འཇིངས་དང་ནམ་མཁའི་མཐའ་ལྟ་བུ། །སངས་རྒྱས་རྣམས་ཀྱི་མཁྱེན་པ་ཁོན་ལས། །སོ་སོ་སྐྱེ་བོའི་ཡུལ་དུ་མ་གྱུར་ཀྱང་། །རེ་ཞིག་གདུལ་བྱ་ཐུན་མོང་སྣང་ངོ་རུ། །རྣམ་པར་ཐར་པ་ཕྱོགས་རེར་མཚོན་པ་ལས། །བསྒྲགས་པ་བོན་གྱི་ལུང་བྱང་ལས་བྱུང་བ། །ཆ་ཤས་ཙམ་ཞིག་བརྗོད་ན་འདི་ལྟར་སྟེ། །ལྷ་ཡི་ཡུལ་མཚུངས་ཞང་ཞུང་གྲོང་ཁྱེར་གྱི། །འདོད་རྒུ་འདུ་བ་རྒྱལ་བ་མཉེས་པའི་དབུས། །གྲུབ་པའི་ཕོ་བྲང་ཁྱུང་ལུང་དངུལ་མཐར་དུ། །སྐལ་ལྡན་རིས་བརྒྱུད་རྒྱུང་ཡང་མུ་ཁོད་རྗེ། ཕྱ་བཙུན་གོང་མ་སྟངས་དང་དཔྱལ་ཚོགས་ཀྱང་། །སྲས་བུ་མེད་ནས་ཞང་བོང་རྣམ་གཉིས་ཀྱི། །གྲུབ་པ་ཐོབ་པའི་ལོ་པཎ་རྣམ་བརྒྱད་ལ། །གསེར་ཕྱེ་གླང་ཆེན་ཁལ་དུ་བཀལ་བ་ཕུལ། །དར་དང་སྨོན་ལམ་ཞུས་པ་ལ་བརྟེན་ནས། །ཀུན་བཟང་ཐུགས་རྗེའི་འོད་ཟེར་ཨ་དཀར་པོ། །འོད་ཞུ་ཁྱེའུ་ངག་པ་དྲི་མེད་ཉིད། །འགྲོ་བ་རང་མཐུན་ཆ་ལུགས་མི་ཡི་ཚུལ། །མཚོན་པ་ཡོན་ཏན་རྫོགས་པའི་སྲས་


RTZ039_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སུང་ལྟམས། །སྐུ་མདོག་ནམ་མཁའ་དྭངས་པའི་མདོག་འདྲ་བ། །ཤེས་རབ་གསལ་བའི་སྤྱན་གསུམ་རྣམ་པར་བཀྲ། །ཐུགས་ཀར་གསེར་གྱི་པདྨ་འདབ་བརྒྱད་དང་། །ཞབས་གཡོན་མཐིལ་དུ་ཡེ་ཤེས་མིག་གི་མཚན། །ཡི་དམ་ཞི་ཁྲོ་བརྒྱ་ཡི་ཞལ་གཟིགས་ཤིང་། །མི་དང་མི་མིན་ཐམས་ཅད་དམ་ལ་འདུས། །རྫུ་འཕྲུལ་རྩལ་གྱིས་གནས་ཡུང་ཀུན་དུ་ཉུལ། །མཁའ་འགྲོ་མ་ཚོགས་ཀུན་གྱིས་འཚོ་བ་འདྲེན། །རི་དྭགས་ཅན་གཟན་རྣམས་ཀྱིས་བསྐོར་འགྱེད། །སྐྱེ་བ་ལྔ་བརྒྱ་མ་བསྒྲིགས་གསལ་མཁྱེན་པས། །དྲན་པ་ནམ་མཁའ་ཞེས་སུ་འཇིག་རྟེན་ན། སྐྱེ་ཕྱི་གྲགས་སྔ་རིག་འཛིན་ཡོངས་ཀྱི་གཙོ། །གྲུབ་པའི་རིག་འཛིན་ཉི་མ་ལྟ་བུར་ཤང་། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམས་པར་ཐར་པ་མདོར་དྲིལ་བ་ལས། །ཡབ་གླ་ཆེན་དྲན་པ་ནམ་མཁའ་སྐུ་འཁྲུངས་པའི་ལེའུ་སྟེ་དང་པོའོ། །དེ་ལྟ་བུ་ཡི་བླ་མ་ཆེན་པོ་ཉིད། །དོན་དུ་མཆོག་གི་སྤྲུལ་པའི་སྐུ་ཉིད་ཕྱིར། །བསླབ་དང་སྦྱང་བའི་རལ་བར་མ་ལྟོས་ཀྱང་། །སྔོན་གྱི་ལས་འཕྲོ་སད་པའི་རྐྱེན་ཙམ་དང་། །གདུལ་བྱ་རྣམས་ལ་དཔེ་ཚེ་བསྟན་པའི་ཕྱིར། །མཁས་པ་ཆེན་པོ་ཐོ་མི་ཐད་གེ་སོགས། །ཞང་བོད་མཁས་པ་བརྒྱད་ཀྱི་ཐུགས་བཅུད་བླངས། །རྒྱ་གར་མཁས་པ་


RTZ039_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡི་ཞབས་ལ་གཏུགས། །སྒྲ་ཚང་ལུང་རིག་ཀུན་ལ་བློ་གྲོས་གྲོལ། །གསང་སྔགས་གསང་བའི་སྤྱོད་པར་མངའ་བསྙེམས་པས། །གྲུབ་ཐོབ་ཆེན་པོ་བིཪྺ་པ་ཞེས་གྲགས། །སྟག་གཟིགས་ཡུལ་བྱོན་གཤེད་གྱི་སེམས་དཔའ་ཆེ། །ནམ་མཁའ་སྣང་བ་མདོག་ཅན་སྤྱན་སྔ་ནས། །མདོ་དང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་གསན། །མཁས་པ་ཆེན་པོ་གཡུང་དྲུང་བློ་གསལ་ལས། །ཕྱི་རྒྱུད་མདོ་མཛོད་འདུལ་བ་མཐའ་དག་ཞུས། །དབལ་བུ་ང་ཚ་སྐྱོལ་བོའི་ཞལ་སྔ་ནས། །གསང་ཆེན་སྦྱོར་སྒྲོལ་མན་ངག་ཟབ་མོ་ནོད། །དེ་ཚེ་བདུད་འདུལ་སྔགས་ཀྱི་གླིང་ཆེན་དུ། །གཡུང་དྲུང་མི་འགྱུར་རྒྱལ་པོ་ཞེས་སུ་གྲགས། །སློབ་དཔོན་ཆེན་པོ་སྟོང་རྒྱུད་མཐུ་ཆེན་ལས། །དྲག་རྩལ་མཐུ་དང་རྫུ་འཕྲུལ་རྐང་མགྱོགས་ཞུས། །སྐད་འགྱུར་ཉི་ཤུ་རྩ་གཅིག་མཁས་པར་སྦྱངས། །ཨོ་རྒྱན་ཡུལ་གྱི་དུར་ཁྲོད་གནས་བརྒྱད་དུ། །དཔའ་བོ་གིང་ཆེན་སྡེ་བརྒྱད་ཚུལ་དུ་སྤྲུལ། །ལྷ་སྲིན་དམ་བཏགས་ཚོགས་ཀྱི་དབོན་པོ་མཛད། །ཞང་ཞུང་ལྷོ་ནུབ་མུ་སྟེགས་སྟོན་པ་ནི། །ལྔ་བརྒྱའི་དཔུང་ཚོགས་ལུང་རིག་རྩོད་པས་ཟློག །གོལ་བའི་མཐའ་བཀག་སངས་རྒྱས་བསྟན་པ་བཙུད། །གྱེར་སྤུངས་སྨྲ་བའི་སེང་གེ་ཞེས་སུ་གྲགས། །ཞུང་ཞུང་བར་བ་མངའ་རིས་སྐོར་གསུམ་དུ།


RTZ039_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དང་འདུལ་བའི་གྲ་སྡེ་ཆེན་པོ་བཙུགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཕྱར་བའི་ཚེ། །མཁས་ཆེན་རྫུ་འཕྲུལ་ཡེ་ཤེས་ཞེས་སུ་གྲགས། །ཞང་ཞང་སྒོ་པ་རུ་བཞིའི་བོད་ཁམས་སུ། །མངའ་བདག་རྒྱལ་པོའི་བླ་ཡི་མཆོད་གནས་མཛད། །སྤྱིར་ཡང་རྒྱ་གར་ཡུལ་དུ་ལན་བདུན་དང་། །སྟག་གཟིག་ཕུག་པའི་ཡུལ་དུ་ལན་ལྔ་བྱོན། འཆི་མེད་ཚེ་ཡི་སྒྲུབ་པ་མངའ་བསྙེམས་ཏེ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་དམ་ལ་བཞག །ཕྱིར་བས་རིག་འཛིན་བརྒྱ་ལ་བྱིན་རླབས་མཛད། །མ་འོངས་ལས་ཅན་སྒྲིབ་མེད་ལུང་དུ་བསྟན། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་བ་མདོར་དྲིལ་བ་ལས། །ཡབ་བླ་མ་ཆེན་པོའི་སྐུ་ཆེ་བའི་ཡོན་ཏན་གྱི་ལེའུ་སྟེ་གཉིས་པའོ། །ཁྱད་པར་སངས་རྒྱས་བསྟན་པ་སྒེལ་བ་དང་། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་པའི་ཕྱིར། །སྔོན་གྱི་ཐུགས་དམ་ཟབ་མོ་རྗེས་དགོངས་ཏེ། །རྒྱ་གར་གྷི་ཤའི་ཚོང་དུས་ཆེན་པོར་བྱོན། །བྲམ་ཟེའི་རིགས་ལས་ཀུན་དགའ་བཟང་པོ་ཡི། །བུ་མོ་ཉི་མའི་སྙིང་པོ་འདོ་འབར་མ། །མཚན་ཉིད་ཀུན་ཚང་ལས་ཀྱི་ཡུམ་དུ་བཞེས། །མ་ཆགས་ཐབས་ཀྱི་རོལ་རྩེད་མཛད་པ་ལས། །སྤྲུལ་བའི་རྒྱལ་སྲས་ཆེན་པོ་རྣམ་


RTZ039_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཁྲུངས། གཅེན་པོ་སྐུ་མདོག་ཞེའི་ལྟར་གསལ་བས། །དཔྲལ་བའི་དཀྱིལ་ན་གཡུང་དྲུང་རིས་ཡོད་པ། །འདི་ཕྱི་མ་འོངས་མཁྱེན་པ་ས་ལེར་གསལ། །གཡེང་ལ་མི་གནས་གཅིག་པུར་ཞི་ལ་གཞོལ། །གཡུང་དྲུང་དོན་གསལ་ཞེས་སུ་མཚན་ཡང་གཡོལ། །གཅུང་པོ་ཞལ་རས་སྨུག་ནག་གཟི་བརྗིད་ལྡན། །སྤྱན་གཉིས་འབྲུ་ཚུགས་ཤངས་ལ་ཁྲོ་གཉེར་དོད། །ཟུར་གསུམ་ཞལ་གདངས་ཕྱག་ནི་རྔམས་སྟབས་མཛད། །ཞབས་ནི་གར་འཆས་འགྲོ་བ་ཞིང་བྱུང་བས། །ཡབ་ཀྱིས་པདྨ་མཐོང་གྲོལ་མཚན་དུ་གསོལ། །རྒྱལ་སྲས་གུ་ཏུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །སྤྲུལ་བའི་སྲས་གཉིས་སྐུ་འཁྲུངས་པའི་ལེའུ་སྟེ་གསུམ་པའོ། །གཡུང་དྲུང་དོན་གསལ་འོད་འཕྲོ་སེར་གེའི་ཚལ། །སྤྱི་སྤུངས་རིག་འཛིན་སྐོར་གྱི་སྒྲུབ་པ་མཛད། །གྲུབ་པ་བརྙེས་ཏེ་ཚེ་ཡི་རིག་འཛིན་ཐོབ། །ས་ལ་གནས་པའི་སེམས་དཔའ་ཆེན་པོར་གྱུར། །པདྨ་མཐོང་གྲོལ་རྫུ་་འཕྲུལ་བཅུ་གསུམ་དང་། །དྲག་པོ་མཐུ་ཡི་དབང་མཆོག་བསྐུལ་ནས་ཀྱང་། །ནུབ་ཕྱོགས་གནོད་སྦྱིན་ཁྲོས་པའི་དུར་ཁྲོད་ཆེན། །བསྒྲུབས་པས་ཕྲོད་དང་རྟགས་ཚད་མཐིལ་དུ་ཕེགས། ཡུམ་གྱིས་གསང་བའི་བྲག་གི་ཕུག་པ་རུ། གེ་ཁོད་གསང་བའི་བསྙེན་


RTZ039_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའང་བླངས་པས། །གསང་བའི་ལྷ་དང་སྐལ་པ་མཉམ་པར་གྱུར། །དེ་ནས་ཡུམ་གྱིས་ཡབ་ལ་གཅོལ་བ་ནི། །རིགས་བརྒྱའི་དཀྱིལ་འཁོར་གཙོ་བོ་བླ་ན་མེད། །རྒྱལ་བའི་དབང་པོ་འགྲེན་པའི་ཟླ་དང་བྲལ། །སྣང་སྲིད་འཁོར་འདས་མཁྱེན་པའི་བདག་ཉིད་ལགས། །བདག་ནི་འཇིག་རྟེན་ལས་ཀྱི་མཁའ་འགྲོ་སྟེ། །གེ་ཁོད་གསང་བའི་སྒྲུབ་པ་བསྙེམས་ན་ཡང་། །ཡང་དག་ཡེ་ཤེས་པ་ཆེ་ནོན་འགྱུར། །བདག་ནི་སྐྱེ་ཐོག་འདི་ལས་ནོན་ན། །བྱང་ཤར་གཡུང་དྲུང་རོལ་པའི་མཁའ་སྤྱོད་ཞིང་། །གསང་བ་དབྱིངས་ཀྱི་མ་བཙུནན་བྱ་བར་སྐྱེ། །མཁའ་འགྲོ་ཁྲི་སྐོར་གཙོ་མོ་བྱེད་འགྱུར་བས། །དེ་དོན་འགྲུབ་ཕྱིར་ལྷོ་ནུབ་མི་འགྱུར་ཚལ། །སྐྱེ་བདུན་མཆོག་གྱུར་བྲམ་ཟེ་ནོར་བུ་ཞེས། །འགྲོ་དོན་སྐུ་བ་ཤིགས་ཀུན་གྱིས་མཆོད་བསྟོད་པས། །བདག་ཀྱང་དེ་ལ་བསྟོད་པ་བྱེད་དུ་འགྲོ། །ཉིད་ཀྱིས་སྣང་སྲིད་ལྷ་འདྲེ་ཟིན་ནོན་པའི། །ཟིལ་གནོད་དགོངས་པའི་ཐུགས་རྗེ་མ་ཆུང་ཞིག །ཅེས་ཞུས་སོང་བས་ཡག་གྱི་དགོངས་པ་གཡེལ། །ཡུམ་ཡང་ལྷོ་ནུབ་མི་འགྱུར་ཚལ་ཕྱིན་མོད། །བྲབ་ཟེའི་སྐུ་ཤའི་དངོས་གྲུབ་ཞུག་པ་ན། །ལྷོ་ནུབ་མཁའ་འགྲོ་མདོན་རྫོགས་དབྱིངས་ཕྱུག་མས། །སྔོན་དུ་ཐོབ་ལ་འཇུག་པས་མ་ཟིན་ཏེ། །


RTZ039_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་ཉག་གཅིག་ཐོབ་པ་ཞལ་དུ་བཅུག །ཚུལ་འོངས་ཡུམ་གྱིས་ཡབ་ལ་གསོབ་ལ་ནི། །སྔོན་ཀྱང་ལས་ངན་བསགས་པས་མོ་ལུས་ཐོབ། །བར་དུ་ལས་འཕྲོ་ཡོད་པས་ཉིད་དང་མཇལ། །ཐ་མར་བག་སྒྲིབ་ཡོད་དནམ་དོན་མ་འགྲུབ། །ང་ཡང་སྲས་གཉིས་འབྲེལ་བའི་གཟུངས་མ་ལ། །དེ་ཙམ་ཐུགས་ལ་མི་འདོགས་ཞེ་རེ་ཁྲེལ། །སྲས་གཉིས་ཡུམ་གྱི་རྗེས་སུ་འབྲང་བར་བགྱི། །ཞེས་ཞུས་དེ་ལ་ཡབ་ཀྱིས་ལན་གསུངས་པ། །ཉོན་ཅིག་འོད་ལྡན་འབར་མ་ཁྱོད། །རང་ལ་ལས་དབང་མེད་པ་ལ། །གཞན་ལ་ཁྱད་གསོད་མིང་མ་མཆིས། །བསྐྱེད་སྨིན་ཡབ་ཡུམ་གཉིས་ཡིན་པས། །བུ་གཉིས་བདག་གི་གན་དུ་སྡོད། །ཡུམ་ཅིག་ཐུགས་དམ་གང་བདེ་གྱིས། །ཞེས་གསུངས་གནང་བའི་གོ་སྐབས་མ་ཕྱེ་བས། །དེ་ཚེ་སྲས་པོ་གཉིས་ཀྱིས་བཀའ་སྒྲོལ་ནས། །གཅེན་པོ་དོན་གསལ་ཡབ་ཀྱི་ཟླ་རུ་བཞུགས། །གཅུང་པོ་པདྨ་མཐོང་གྲོལ་ཡུམ་རྗེས་འབྲངས། །ཡུམ་སྲས་གཉིས་ཀྱིས་ཡབ་ཕྱི་ཕྱག་འཚལ། །སྨོན་ལམ་བཏབ་ནས་རྒྱ་གར་ཡུལ་དུ་བྱོན། །ཀུན་དགའ་མེ་ཏོག་མཛེས་པའི་གླིང་ཕྱིན་ཏེ། །སྲས་ཉིད་པདྨ་རྒྱས་པའི་སྦུགས་སུ་སྦས། །ཡུམ་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ་གླིང་དུ། །མཁའ་འགྲོ་མ་ཞིག་སྐྱེ་བདུན་སྐུ་ཤ་ལ། །ཚོགས་


RTZ039_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་མཛད་པ་གསིགས་ནས་བྱོན། །ལྷག་མ་བསྡུས་ཏེ་ཞལ་དུ་གསོལ་བའི་མོད། །ནུབ་ཕྱོས་པདྨ་རིགས་ཀྱི་མཁའ་འགྲོ་མའི། །ཚོགས་ཀྱི་དཔོན་གྱུར་ཡེ་ཤེས་ས་ཆེན་ནོན། །རྒྱས་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པཏ་ཐག་པ་མདོར་དྲིལ་བ་ལས། །ཡུམ་སྲས་གསུམ་གྱིས་དངོས་གྲུབ་བསྙེམས་པའི་ལེའུ་སྟེ་བཞི་པའོ། །དེ་ཡི་དུས་ན་རྒྱ་གར་ལྷོ་ཕྱོགས་ཀྱི། །རྒྱལ་ས་རིན་ཆེན་ལྷུན་གྲུབ་གྲོང་ཁྱེར་ན། །ལས་དང་སྐལ་བར་ལྡན་པ་རྒྱལ་པོའི་རིགས། །ཡབ་ཡིན་ཀུན་ཏུ་དགེ་ཞེས་བྱ་བ་དང་། ཡུམ་ནི་སྣང་བ་འོད་ལྡན་མ་ཞེས་བར། །ཐུགས་ལ་བརྩེ་བའི་སྲས་བུ་མེད་པས་གདུངས། །དཀོན་མཆོག་གསོལ་བཏབ་དགེ་ཚོགས་བསགས་པའི་ཚེ། །བྲབ་ཟེ་ཡིད་བཞིན་བཟང་པོའི་ཞལ་ན་རེ། །བསོད་ནམས་བསགས་པའི་རྒྱལ་པོ་ཆེན་པོ་གསོན། །ཉིད་ཀྱི་བསྟན་པ་རབ་ཏུ་བསྟན་པའི་ཕྱིར། །སང་ཉིན་ཀུན་དགའ་མེ་ཏོག་མཛེས་པའི་གླིང་། །རྒྱལ་པོ་འཁོར་བཅས་ཀུ་འཆག་མཛད་གྱུར་ན། །བཙུན་མོ་དམ་པ་རིན་ཆེན་འདི་ཉིད་ལ། །སྲས་ཀྱི་སྐལ་བ་འབྱུང་བར་ངེས་སོ་ཞེས། །ཇི་སྐད་གསོལ་བ་ཞིན་དུ་ཕྱི་ཉིན་མ། །སྟག་ལོ་ཚེས་བརྒྱད་གཟའ་ཆེན་


RTZ039_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་དང་། །སྐར་མ་རྟ་ཆེན་ཤར་བའི་དུས་མཆོག་ལ། །རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ཡིས། །ལྷ་རྫས་མཆོད་པ་ཇི་སྙེད་ཐོགས་ནས་སུ། །ཀུན་དགའ་མེ་ཏོག་མཛེས་པའི་གླིང་དུ་བྱོན། །བདེ་གཤེགས་རྣམས་ལ་གསོལ་མཆོད་རྒྱ་ཆེར་མཛད། །དེ་ཚེ་རྒྱལ་པོ་ཡབ་ཡུམ་སྤྱན་ལམ་དུ། །མེ་ཏོག་སྡོང་པོ་ཞིག་ནི་འགྲུབ་བར་མཐོང་། །ངོ་མཚར་སྐྱེས་ནས་མང་དུ་གཟིགས་པ་ཡིས། །མཚན་དང་ལྡན་པའི་ཁྱེའུ་ཞིག་འདུག་སྟེ། །དེ་ཡང་ཤ་རྩ་དཀར་ལ་དམར་བའི་མདངས། །སྤྱན་གཉིས་འབྲུ་ཚུགས་ཤངས་ལ་ཁྲོ་གཉེར་དོད། །ཟུར་གསུམ་ཞལ་གདངས་ཕྱག་གི་རྔམ་སྟབས་ཀྱང་། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་འདུག་པ་ལ། །ཀུན་གྱིས་ངོ་མཚར་རྗེས་སུ་ཡི་རངས་ཏེ། །རྒྱལ་ས་རིན་ཆེན་ལྷུན་གྲུབ་ཁལ་ཏུ་ཕེབས། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །ལྷོ་ཕྱོགས་རྒྱལ་པོའི་སྲས་ཀྱི་སྐལ་བར་མཛད་པའི་ལེའུ་སྟེ་ལྔ་པའོ། །ཡབ་དང་ཡུམ་གཉིས་ཤིན་ཏུ་དགྱེས་ནས་སུ། །ཡུམ་ལ་མཚན་ལྡན་པའི་ཁྱེའུ་ཞིག །ངོ་མཚར་ལྷས་དང་བཅས་ཏེ་འཁྲུངས་ཡོད་པས། །ཆབ་འབངས་ཐམས་ཅད་འདུས་ཤིག་གསུང་བ་ན། །


RTZ039_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་འདུས་ནས་གསེར་གཡུ་དར་ཟབ་དང་། མ་ཧེ་གླང་ཆེན་རྟ་མཆོག་ལ་སོགས་པ། །སྣ་ཚོགས་དཀོར་ཆ་དཔག་ཏུ་མེད་པ་ཕུལ། །བྲམ་ཟེ་མཚན་མཁན་བོས་ནས་མཚན་བརྟགས་པས། །རྒྱལ་བུ་དམ་པ་རིན་ཆེན་འདི་ཉིད་ལ། །སྤྱིར་ན་སངས་རྒྱས་ཡོན་ཏན་ཡོངས་སུ་རྫོགས། །ཁྱད་པར་ཤ་རྩ་དཀར་དམར་འདུག་པ་ནི། །སྣང་སྲིད་ལྷ་འདྲེ་ཀུན་ལ་བཀའ་བཙན་རྟགས། །ཤངས་ལ་ཁྲོ་བོའི་གཉེར་མ་དོད་པ་ནི། །གདུལ་དཀའ་སྲིན་པོའི་སྡེ་ཚོགས་ཁ་གནོན་རྟགས། །ཞལ་ཉིད་ཟུམ་གསུམ་དབྱིབས་སུ་འདུག་པ་ནི། །མ་མོ་མཁའ་འགྲོའི་གཙོ་བོ་མཛད་པའི་རྟགས། །ཞེས་པའི་ཁ་དམར་བཏགས་ཏེ་རྒྱལ་སར་བཀུར། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །ལྷོ་ཕྱོགས་རྒྱལ་པོས་རྒྱལ་ས་ཆེན་པོར་མངའ་གསོལ་བའི་ལེའུ་སྟེ་དྲུག་པའོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ནས་རེ་ཞིག་དུས་ན་རྒྱལ་བུ་དེས། །རྫུ་འཕྲུལ་སྟོན་ཕྱིར་སོར་རྡོ་འཕངས་པ་ལས། །བློན་པོའི་བུ་ཡི་མཚོགས་མར་ཕོག་ནས་ཤི །བློན་གྱིས་རྒྱལ་བུར་ཉེས་ཆད་བཅད་པར་ཞུས། །རྒྱལ་གྱིས་འབངས་བུའི་སྟོངས་སུ་རིན་


RTZ039_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ། །ཚད་དང་བཅས་ནས་བྱིན་ཡང་མཉན་ཏེ། །ཀུན་གྱིས་རྒྱལ་བུ་དུག་མཚོ་མེར་བའི་ནང་། །བསྐྱུར་ཀྱང་མཚུགས་གཟི་བརྗིད་སྔར་ལས་ལྷག །དུག་རིའི་རྩེ་ནས་སྒྲིལ་ཡང་གནོད་མ་ནུས། །དུག་སྦྲུལ་མི་ཟན་འཇིགས་པའི་ཁར་བཏབ་ཀྱང་། །མི་ཤིགས་སྐུལ་ཅུང་ཟད་མ་ཚུགས་ཤིང་། །ཙན་དན་ཏིལ་མར་མེ་ལ་བསྲེགས་བྱས་ཀྱང་། །མེ་དཔུང་མཆོང་འཁྱིལ་པདྨ་རྒྱས་པའི་དབུས། །གྲང་གྲང་བསིལ་བསིལ་ཟིལ་པ་ཕྲོམ་མེར་བཞུགས། །དེ་ཚེ་འདུས་པ་ཀུན་ཀྱང་ཧ་ལས་ནས། །སྐྱེས་བུ་མཆོག་འདི་འཇིགས་པ་ཆེན་པོ་དང་། །གནོད་པ་གང་གིས་ཉམ་ང་རྡུལ་ཚམ་མེད། །སྔོན་ཡང་མེ་ཏོག་པདྨའི་སྦུབས་ནས་རྙེད། །དེ་ཕྱིར་འདི་ནི་རྫོགས་པའི་སངས་རྒྱས་ཀྱི། །མཆོག་གི་རྣམ་འཕྲུལ་ཡིན་པར་ངེས་སོ་ཞེས། །ཀུན་གྱིས་བསྟོད་ཅིང་ཕྱག་འཚལ་སྡིག་པ་བཤགས། །གསོལ་བ་བཏབ་ཅིང་མཆོད་པས་མངའ་དབུལ་ཚེ། །པདྨ་འབྱུང་གནས་ཞེས་བྱར་ཡོངས་སུ་གྲགས། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །རྫུ་འཕྲུལ་རྨད་དུ་བྱུང་བའི་ལེའུ་སྟེ་བདུན་པའོ། །དེ་ནས་རྒྱལ་སྲས་པདྨ་འབྱུང་གནས་ཉིད། །ཡུམ་གྱི་ཚོགས་འཁོར་མཛད་པའི་གྲལ་དུ་ཕེགས། །ཚོགས་


RTZ039_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོའི་འདུ་བར་སྤྱོད་པ་ན། །ཡུམ་མཆོག་མཁའ་འགྲོ་ཆེན་མོས་བཀའ་སྩལ་བ། །རྒྱལ་བའི་སྲས་ཁྱོད་འདི་ནས་ལྷོ་ཕྱོགས་གཤེགས། །རིན་ཆེན་འབར་བའི་བྲག་ཅེས་བྱུང་ན། །གཏེར་གྱི་སྒོ་མོ་བསམ་མི་ཁྱབ་པ་ཡོད། །དེ་རྣམ་ལོངས་ལ་རང་གིས་ཉམས་སུ་ལོངས། །གྲུབ་པ་ཐོབ་ནས་གཞན་ལ་ཡོངས་སུ་སྤེལ། །ཅེས་པའི་ལུང་བསྟན་མཛད་པ་ཇི་བཞིན་དུ། །རྒྱལ་བའི་སྲས་པོ་པདྨ་འབྱུང་གནས་ཆེ། །ལྷོ་ཕྱོགས་རིན་ཆེན་འབར་བའི་བྲག་ཏུ་བྱོན། །བང་སོ་སེང་གེ་གནམ་འཕྱོང་ནང་རོལ་ནས། །ཟབ་མོ་གཏེར་གྱི་སྒྲོམ་བུ་ལྔ་ཐོན་ཏེ། །དེ་ཡང་རིན་ཆེན་ལྕགས་ཀྱི་སྒྲོམ་བུ་ནས། །རྡོ་རྗེ་ཕུར་བའི་རྒྱུད་དང་མན་ངག་བྱུང་། །བསེ་ཡི་སྒྲོམ་ནས་མདོ་སྒྱུ་སེམས་གསུམ་དང་། །ཤེལ་གྱི་སྒྲོམ་ནས་ཡང་དག་རྒྱུད་ལུང་དང་། །ཟངས་ཀྱི་སྒྲོམ་ནས་མ་མོ་གཤིན་རྗེའི་སྐོར། །རུས་པའི་སྒྲོམ་ནས་ལས་མཁན་དྲེགས་པ་བཅས། །གསང་བ་སྔགས་ཀྱི་སྐོར་ཚ་མཐའ་དག་བྱུང་། བླ་མ་ཡི་དམ་མཁའ་འགྲོས་བྱིན་བརླབས་ཏེ། །དཔེ་ལ་གཟིགས་པས་ཚིག་དོན་མ་ལུས་མཁྱེན། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་མདོར་དྲེལ་བ་ལས། །ཟབ་མོ་གཏེར་གྱི་དངོས་གྲུབ་བརྙེས་པའི་


RTZ039_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་བརྒྱད་པའོ། །ཡུམ་མཆོག་མཁའ་འགྲོའི་ལུང་བསྟན་ཇི་བཞིན་དུ། །ལྷོ་ཕྱོགས་དུག་རི་ཁྲོས་པའི་ཕུག་ཏུ་བྱོན། །རྡོ་རྗེ་ཕུང་པའི་སྒྲུབ་པ་རྩེ་གཅིག་མཛད། །གྲུབ་རྟགས་བྲག་ལ་ཕུར་པ་ཐལ་འབྱིན་གདབ། །ལྷོ་ཕྱོགས་སྲིན་པོའི་ཕུག་ཏུ་རྫོགས་པ་ཆེའི། །ཉམས་ལེན་མཛད་པས་རྟོགས་ཚད་མཐར་རུ་ཕྱུངས། །བྱང་ཕྱོགས་དྲག་རྩུབ་ཕུག་ཏུ་མ་མོ་དང་། །གཤིན་རྗེབ་སྒྲུབས་པས་དྲེགས་པ་ལས་ལ་བཀོལ། །ཤར་ཕྱོགས་གསང་བ་གཏིང་རྫོགས་ཕུག་པར་རུ། །ཡང་དག་བསྒྲུབས་པས་བདེ་ཆེན་ཡེ་ཤེས་བསྙེམས། །དབུས་ཕྱོགས་རིན་ཆེན་འདུས་བའི་གླིང་ཆེན་དུ། །མདོ་དང་སྒྱུ་འཕྲུལ་སེམས་སོགས་སྒྲུབ་པ་ཡིས། །རྒྱལ་བའི་གདུང་འཚོ་བ་འོད་ཀྱི་སྐུ་རུ་གྲུབ། །བཤད་སྒྲུབ་གཉིས་ཀྱི་བསྟན་པའི་རྒྱལ་མཚན་ཕྱར། །མི་དང་མི་མིན་གདུལ་བྱ་མཐའ་ཡས་པ། །མཐོང་ཐོས་དྲན་པས་ཐར་བའི་ས་ལ་སྦྱར། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། སྒྲུབ་པ་མཐར་ཕྱིན་ཕྲིན་ལས་མཛད་པའི་ལེའུ་སྟེ་དགུ་པའོ། །ཁྱད་པར་བོད་ཁམས་གཉན་དགུའི་རིལ་བཞུགས། །དྲེགས་པ་ཕོ་མོ་ཐམས་ཅད་དམ་ལ་བཏགས། །རུ་དྲ་ལོག་པའི་སྡེ་དཔུང་བརྒྱ་རྩ་བཏུལ། །སྒྲུབ་


RTZ039_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཆེན་བརྒྱ་རྩ་བྱིན་གྱིས་བརླབས། །གནས་ཕྲན་སྟོང་དང་རྩ་བརྒྱད་ཞལ་ཡང་ཕྱེས། །ཡུལ་ཁམས་བཀྲ་ཤིས་སྣོད་བཅུད་ཕུན་ཚོས་སྤེལ། །རི་བྲག་མཚོ་གསུམ་གཏེར་ཁ་བསམ་ཡས་སྦས། །རྫུ་འཕྲུལ་རྗེས་གཞན་ཀུན་གྱིས་མངོན་པར་མཛད། །རིག་འཛིན་སྒྲུབ་པོ་བརྒྱད་པ་ལུང་བསྟན་ཅིང་། །དབང་བསྐུར་བྱིན་བརླབས་གདམས་ངག་རྗེས་སུ་གནང་། །མཁའ་འགྲོ་བརྒྱ་རྩའི་གསང་སྦྱོར་དཔལ་བོ་མཛད། །སྦྱོར་བ་མཐར་ཕྱིན་དགོངས་པ་མི་འགྱུར་བརྟན། །སྒྲོལ་བ་མཐར་ཕྱིན་གཉིས་སྣང་དྲེགས་པ་ཐུལ། །བརྟུལ་ཞུགས་མཐར་ཕྱིན་གདུལ་བྱ་ཐམས་ཅད་ཀུན། །མཆོག་དང་ཐུན་མོང་དངོས་གྲུབ་མངའ་བསྙེམས་མཛད། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །བོད་ཁམས་ཀ་བཀའ་དྲིན་ལྷག་པར་མཛད་པའི་ལེའུ་སྟེ་བཅུ་པའོ། །དེ་ནས་ལྷོ་ནུབ་རཀྵ་ཁྲོས་པའི་ཡུལ། །སྲིན་པོ་མི་ཟན་བྱེ་བ་ཐར་འབུམ་གྱིས། །ཡོངས་སུ་གང་ཞིང་གྲྭ་སྟོགས་རྒྱས་པ་ན། །མཐའ་ཡི་རྒྱ་མཚོ་ཆེན་པོ་འཕྱུར་བ་བཞིན། །གདོང་དམར་སྲིན་པོ་ཐམས་ཅད་ཁ་ལྷུད་དེ། །གནམ་ལ་འཕུར་ཞིང་ཆུ་ཡི་གཏིང་ནས་འཛུལ། །བྲག་རིར་ཐོགས་མེད་ས་ལ་རླུང་


RTZ039_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྒྱུགས། །འཛམ་གླིང་ཡུལ་ཆེན་ཡུལ་ཕྲན་ཀུན་ཏུ་ཁྱབ། ཕོ་རྣམས་བསད་ཅིང་ཤ་ཁྲག་དམར་ཟས་བྱེད། །མོ་རྣམས་སྦྱོང་ཞིང་སྲིད་གྱི་བུ་ཕྲུག་སྤེལ། །མཐར་ནི་ཐམས་ཅད་སྲིན་པོའི་གླིང་དུ་འགྱུར། །དགེ་མེད་སྡིག་གིས་རྒྱལ་ཁམས་གང་བས་ན། །གདུལ་དཀའ་དེ་དག་གཞན་གྱིས་མི་འདུལ་ཞིང་། །པད་འབྱུང་ཁོ་ན་ཉིད་ཀྱིས་འདུལ་གཟིགས་ནས། །ཁྱུང་ཆེན་འཕུར་བཞིན་སྲིན་པོའི་གླིང་དུ་གཤེགས། །རཀྵ་སྲིན་པོའི་རྒྱལ་པོ་གནས་སྤར་ཏེ། །དེ་ཡི་ཁོག་པའི་གསོད་ཏུ་ཞུགས་ནས་ཀྱང་། །ཇི་སྲིད་འཁོར་བསྟོངས་པར་མ་གྱུར་པར། །ཐབས་ཐུགས་མ་འགགས་སྤྱོད་པ་རྨད་བྱུང་བས། །སྲིན་པོ་འདུལ་ཞིང་མཛམ་གླིང་བདེ་ལ་བཀོད། །ངོ་མཚར་བཀའ་དྲིན་ཕུལ་དུ་གྱུར་པའོ། རྒྱལ་སྲས་གུ་རུ་པདྨ་འབྱུང་གཉིས་ཀྱི། །རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས། །སྐྲ་རྩེའི་ཟེགས་མས་ཐིགས་གཅིག་བླངས་པ་ལྟར། །རེ་ཞིག་ཉི་ཚེའི་གདུལ་བྱིའི་སྣང་ངོ་རུ། །བསྒྲིགས་པ་བོན་གྱི་ལུང་བྱང་ཇི་ལྟ་བར། །


RTZ039_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་སྙིང་པར་བཀོད་པའི་དགེ་ཡིས། །འདི་ཉིད་མཐོང་ཐོས་དྲན་རེ་གདུལ་བྱ་ཀུན། །པདྨ་མཐོང་གྲོལ་གོ་འཕང་མྱུར་ཐོག་ཤོག། །ཅེས་པའང་གཏེར་བོན་སྔ་མའི་རྣམ་ཐར་ལས་འབྱུང་བ་ལྟར་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱིས་བྲིས་པ་དགེ། །།ཐ་ཚུན་མུ་ཚུག་སྨར་རོ། །


previousརྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་བསྒྲགས་པ་བོ་ལུགས་ལྟར་བསྟན་པ། མི་ཤིགས་གཡུང་དྲུང་འབྱུང་གནས།next