བོན་རྩིས་ཕྲ་མེན་སྐོར་རྣམས་ཀྱི་དབང་གི་ཟུར་འདེབས། བློ་གྲོས་མཐའ་ཡས།


RTZ040_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ལས་བྱོན་པ་བོན་གསས་དབང་དྲག་འབར་བའི་གཏོར་དབང་དང་། རྨ་རྒྱལ་སྤོམ་རའི་བཀའ་གཏད་མདོར་བསྡུས་འདི་ཉིད་སོ་སོར་བྱས་ཀྱང་ཆོག་མོད། འདིར་ཟོར་ཡང་སླད་ཆབས་ཅིག་བྱེད་སྐབས། སྟེགས་བུའི་སྟེང་དུ་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང་རྐང་གསུམ་ཁར་དཔལ་བཤོས་ཟུར་གསུམ་རྩེ་རྒྱལ་ཕྲག་པ་ཅན་རྒྱན་ལྡན་ལ་སྐུ་ཙཀ་བཙུགས་ཤིང་དར་གདུགས་ཕུབ་པ་བཀོད། དེ་མདུན་འབྲུ་དཀར་གྱི་གཡུང་དྲུང་གཡོན་སྐོར་བྲིས་པའི་སྟེང་རིན་པོ་ཆེའི་སྣོད་དུ་གཏོར་མ་རི་རབ་བང་རིམ་བཞི་ལྡན་སྟེང་མཁར་ཐབས་ཏོག་དང་བཅས་པ་བཀོད་ལ་དར་གདུགས་དཀར་པོ་ཕུབ། སྤྲོ་ན་འདོད་ཡོན་གཟུགས་འགྲོས་ཟས་སྨན་རིན་པོ་ཆེ་དར་སྣས་བསྐོར། ནམ་རྒྱང་མདའ་འཕང་སོགས་ཀྱང་གཟུག །དཀྱུས་ཙམ་ལ་དེ་དག་མེད་ཀྱང་ཆོག །མདའ་དར། སྨན་རག །ཕྱི་མཆོད། གསེར་སྐྱེམས་རྣམས་བཤམ། ཐོག་མར་བོན་ལུགས་དུག་ཕྱུང་ཚན་བསང་སོགས་སྐབས་སུ་བབས་ཀྱང་མི་ཤེས་པའམ་མདོར་བསྡུས་སུ། རཾ་ཡཾ་ཁཾ། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་མཆོད་པ་བྱིན་བརླབ། སྐྱབས་སེམས། བསྐྱེད་བསྟིམ་ནས། བསྟོད་པའི་བར་ཚིག་རིས་གཅིག་གིས་བདག་དང་གཏོར་མ་གཉིས་ཀ་ལྷར་གསལ་གདབ། འཕྲོ་འདུའི་ཏིང་འཛིན་ཡང་དེ་ལྟར་བྱས་ཏེ་ཧཱུྃ་ལྔ་སྦྲེལ་བཟླ། དེའང་བདག་བསྐྱེད་གཙོར་བྱེད་སྐབས་ཧཱུྃ་བཟླས་རླུང་དང་སྦྱར་དགོས་ཀྱང་སྐབས་འདིར་ནི་ངག་བཟླས་ཙམ་གྱིས་འཐུས། མཐར་མཆོད་བསྟོད་བྱ། རྒྱས་པར་སྤྲོ་ན་མདུན་རྟེན་གཏོར་མ་སྒྲུབ་པའི་


RTZ040_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྤོམ་རའི་ལས་བྱང་ཚར་གཅིག་གཏང་། བསྡུ་ན་བཀའ་གཏད་སྐབས་ཚར་གཅིག་འགྲོ་དགོས་པ་དེ་ཙམ་གྱིས་ཀྱང་འཐུས། དེའང་དམ་ཚིག་པ་བསྐྱེད་པ་ནི་མེད་པས་སྤྱན་དྲངས་པ་ཉིད་མདུན་རྟེན་དང་དབྱེར་མེད་དུ་བསྒོམ་པ་ཡིན། སྒྲུབ་ཐབས་འདི་ལ། བསྭོ་བསྭོ༔ ཡེ་སྟོང་བོན་སྐུའི་སོགས་ནས་སྤྱན་འདྲེན། བཞུགས་གསོལ། དམ་བསྒྲག །མཆོད་པ་བསྟོད་པ་ཡན་དུམ་བུ་ལྔ་ཕྲིན་ལས་རྩ་བ་ཡིན་པས་རྒྱུན་དུ་དེ་ཙམ་གྱིས་འཐུས། དེ་ཕྱིན་ཆད། བསྭོ༔ ཕྱྭ་དང་གཡང་གི་སོགས་གཡང་འགུགས། བསྭོ༔ ཤར་ཕྱོགས་གངས་ཀྱི་སོགས་མདོས་འབུལ། ཀྱེ༔ གཙང་མ་ལྷ་ཡི་སོགས་སྐུ་མཁར་རམ་རྟེན་འཛུག །བསྭོ༔ བོན་སྐྱོང་ཁྱེད་ནི་སོགས་བཀའ་གཏད་ཡིན་པས་སོ་སོའི་སྐབས་བསྟུན་གྱི་འདོར་ལེན་བྱ་དགོས་སོ། །དེ་ནས་དབང་གི་ཕྱག་ལེན་ཡང་སྒེར་ཆོས་བཏང་སྙོམས་སུ་བྱས་ནས། སྐབས་འདིར་སྤྱི་ཙམ་དུ། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་མཚམས་སྦྱོར་སྤྱིར་མཁའ་འགྲོའི་གསང་མཛོད་ལྟར་ལ། ཁྱད་པར་དུ་འདིར་སྐབས་སུ་བབས་པ། མདོ་ཁམས་ཀྱི་ལྗོངས་སུ་གཙོ་བོར་བཞུགས་ཤིང་འགྲོ་འདུལ་གྱི་ཕྲིན་ལས་སྐྱོང་བ་ས་བཅུའི་དབང་ཕྱུག་ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་རོང་མེ་དཀར་མོ་སྟག་ཚང་ནས་ཚེ་གཡང་སྒྲུབ་པའི་སྐོར་དང་། དཔའ་འོག་དཔལ་དེའུ་རིན་ཆེན་སྤུངས་པ་ནས་སྣང་སྲིད་ཞི་བདེར་བྱེད་པའི་སྐོར་སོགས་བོན་སྐོར་འགའ་ཞིག་གཏེར་ནས་བཞེས་ཀྱང་


RTZ040_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་གཏན་ལ་འབེབ་མ་གྲུབ་ལ། འདིར་ལྷ་མདོ་འབུར་མོ་བདེ་ཆེན་པདྨོ་བཀོད་ནས་སྐུ་ཚབ་པདྨ་བདུད་འདུལ་སོགས་དང་ལྷན་ཅིག་སྤྱན་དྲངས་ཏེ་རྩ་བ་ཙམ་རེ་ཕབ་པར་མཛད་པ་བླ་མ་དྲག་པོ་བོན་གསས་དབང་དྲག་འབར་བའི་བྱིན་རླབས་གཏོར་མའི་དབང་བསྐུར་བ་དང་། བསྟན་སྲུང་ཆེན་པོ་རྨ་རྒྱལ་སྤོམ་ར་གཉན་པོའི་བཀའ་གཏད་བཅས་ཆབས་ཅིག་ཏུ་བསྒྲུབ་པ་ལ། བདག་གིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་གསོལ་བ་འདེབས་པའི་ཡོན་དུ་མཎྜལ་ཞིག་འབུལ་བར་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་མདུན་བསྐྱེད་དབྱིངས་ཐ་དད་མི་མངའ་བ་སྐྱབས་གནས་ཡུལ་མཆོག་རྣམ་བཞི་ཀུན་འདུས་ཀྱི་ངོ་བོ་བོན་གསས་དབང་དྲག་འབར་བ་དངོས་སུ་གསལ་བ་ལ། ཡིད་ཁྱེད་ཤེས་ཀྱི་དད་པས་སྐྱབས་སུ་འགྲོ་བ་དང་། མ་གྱུར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར་དུ་བླ་ན་མེད་པའི་གཡུང་དྲུང་སྙིང་པོ་མཆོག་གི་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་ལད་མོ་གྱིས་ཤིག །ཧོ༔ བླ་ན་མེད་པའི་སོགས་ལན་གསུམ། བྱིན་རླབས་ཀྱི་གཞི་དགོད་པའི་ཕྱིར་ཡེ་ཤེས་པ་རྒྱུད་ལ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་པའི་སྐུར་གསལ་གདབ་ཅིང་ཡེ་ཤེས་པ་བསྟིམ་པའི་དམིགས་རིམ་རྣམས་ལ་འཇུག་འཚལ། བོན་ཉིད་མཐའ་བྲལ་སོགས་ལྷ་བསྐྱེད། སྤྱན་འདྲེན་བརྗོད་ཅིང་དབྱངས་རོལ་སྤོས་ཀྱིས་མཚོན་ཏེ་ཡེ་ཤེས་པ་དབབ་ཅིང་བསྟིམ། གཏོར་མ་ཐོགས་ལ། དེ་ལྟར་ཁྱེད་རང་བླ་མ་དྲག་པོ་དམ་ཡེ་གཉིས་སུ་མེད་


RTZ040_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ལ། བརྟན་ཅིང་བྱིན་གྱིས་བརླབ་པའི་སླད་དུ། གཏོར་མ་འདི་ཉིད་ཕྱི་ལྟར་སྒྲུབ་པའི་དམ་རྫས་ཆེན་པོ་དངོས་གྲུབ་ཀུན་འབྱུང་། ནང་ལྟར་ཡེ་ཤེས་རོལ་པའི་གཏོར་སྡོང་བྱིན་རླབས་སྤྲིན་འཕྲོ། གསང་བ་དབང་དྲག་རོལ་པའི་གསས་མཁར་རབ་ཏུ་འབར་བའི་ཀློང་དུ་བདུད་འདུལ་བོན་གསས་དབང་དྲག་འབར་བ་འཁོར་ཁྲོ་བོ་ཁྲོ་མོ་འབུམ་གྱིས་བསྐོར་བའི། དཔྲལ་བ་ནས་རང་འདྲའི་སྐུ་དང་འོད་ཟེར་དཀར་པོ། མགྲིན་པ་ནས་ཧཱུྃ་ཡིག་གི་ཕྲེང་བ་དང་འོད་ཟེར་དམར་པོ། ཐུགས་ཀ་ནས་ཕྱག་མཚན་རྡོ་རྗེ་ཕུར་པའི་ཚོགས་དང་འོད་ཟེར་སྔོན་པོ། གནས་ཐམས་ཅད་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་གི་ཚོགས་ཆར་ལྟར་དུ་བབས་ཏེ་ཁྱེད་རང་གི་གནས་གསུམ་དང་ལུས་ཀྱི་ཆ་ཐམས་ཅད་དུ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ལྷག་མེད་ཏུ་སྦྱངས། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་གཅིག་ཅར་དུ་ཐོབ་པའི་འདུན་པ་མཛོད་ཅིག །ཧཱུྃ༔ བོན་གསས་དབང་དྲག་འབར་བའི་ཚོགས༔ སོགས་དང་ཧཱུྃ་དབྱངས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །མཐར་གཏོར་མའི་ལྷ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་བོན་གསས་དབང་དྲག་འབར་བའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་སྙམ་པའི་ང་རྒྱལ་སྐྱེད་ཅིག །ཅེས་བྱས་ལ་ཤིས་པ་བརྗོད། དེ་ནས་བཀའི་བསྟན་སྐྱོང་ཆེན་པོ་རྨ་རྒྱལ་སྤོམ་རའི་བཀའ་གཏད་བགྱི་བའི་ཐོག་མར་མདུན་རྟེན་སྒྲུབ་པའི་ཕྲིན་ལས་ལ་འཇུག་པ་ཡིན་པས་གྱེར་


RTZ040_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སོ་སོའི་སྐབས་དང་མཐུན་པར་དམིགས་པའི་གསལ་འདེབས་ཀྱང་བགྱིད་འཚལ། ཅེས་བྱས་ལ་མདའ་དར་ཐོགས་ཏེ་སྤོམ་རའི་སྒྲུབ་ཐབས་ཀྱི་སྤྱན་འདྲེན་ནས་བསྟོད་པའི་བར་དུ་གཏང་། དེ་ནས་སློབ་དཔོན་ཉིད་དབང་དྲག་འབར་བར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་རྨ་རྒྱལ་གཙོ་འཁོར་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། འཁོར་འདས་བརྟན་གཡོའི་དྭངས་བཅུད། སྲིད་པ་གསུམ་གྱི་ཕྱྭ་གཡང་དཔལ་འབྱོར་ཐམས་ཅད་འོད་ཟེར་གསེར་བཙོ་མའི་ཁ་དོག་ཅན་གྱི་རྣམ་པར་བསྡུས་ཏེ་ཁྱེད་རང་ལ་ཐིམ་པས་ཚེ་བསོད་དབང་ཐང་དར་ཞིང་རྒྱས་པར་སྒོམས་ཤིག །ཅེས་བྱས་ལ། བསྭོ༔ ཕྱྭ་དང་གཡང་གི་ནས། ཕྱྭ་ཁུ་ཡེ་གཡང་ཁུ་ཡེ༔ ཡན་བརྗོད་ལ་མདའ་དར་གཡབ། ཁྱེད་རང་ཡི་དམ་དབང་དྲག་འབར་བའི་ཏིང་འཛིན་གྱིས་གནས་པ་ལ། སྒྲུབ་པའི་རྟེན་གྱི་གཏོར་མ་རྨ་རྒྱལ་གཉན་པོ་གཡུང་དྲུང་གཟི་འབར་རྩལ་ལྕམ་དྲལ་སྲས་འཁོར་སྤྲུལ་པའི་ཚོགས་དང་བཅས་པ་མངོན་སུམ་ཉིད་དུ་གསལ་བ་གཏད་ཅིང་བཀའ་བསྒོས་པས། དེང་ནས་བརྩམ་སྟེ་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་འགྲོགས་ཤིང་བསམ་དོན་མཐའ་དག་ཡིད་བཞིན་དུ་སྒྲུབ་པའི་ཁ་འཛིན་རྒྱབ་རྟེན་སྡོངས་གྲོགས་གཡེལ་མེད་དུ་མཛད་པར་སྒོམས་ཤིག །སྤོམ་རའི་གཏོར་མ་ལག་ཏུ་གཏད་ལ། བསྭོ༔ བོན་སྐྱོང་ཁྱེད་ནི་སོགས་བརྗོད། མཐར་སྤྱི་ལྟར་བཀའ་བསྒོ་བྱེད་ན། སངས་རྒྱས་བསྟན་པའི་སྲུང་མ་རྨ་རྒྱལ་སྤོམ་ར་གཉན་པོ་འཁོར་དང་བཅས་པ་རྣམས་ཀྱིས། རྒྱལ་བ་དགོངས་པའི་བརྒྱུད་པ། སེམས་དཔའ་ཏིང་འཛིན་


RTZ040_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པའི་དཔོན་གསས་བླ་མ་རིག་འཛིན་བརྒྱུད་པར་བཅས་པའི་བཀའ་དང་ཐ་ཚིག་གི་རིམ་པ་ལས་མ་འདའ་བར། སྐལ་ལྡན་རིགས་ཀྱི་བུ་འདི་ལ་རྟག་ཏུ་སྲུངས་ཤིང་སྐྱོབས། འགལ་རྐྱེན་བར་གཅོད་སོལ། མཐུན་རྐྱེན་ལེགས་ཚོགས་སྤེལ། ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཅེས་བརྗོད། གཏོར་མ་རང་གནས་སུ་བཞག །བཀྲ་ཤིས་བརྗོད། དེ་རྣམས་ཀྱིས་བོན་གསས་དབང་དྲག་འབར་བའི་གཏོར་དབང་དང་། རྨ་རྒྱལ་སྤོམ་རའི་བཀའ་གཏད་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་སོགས་སྤྱི་ལྟར་བྱ། སླར་གཏོར་མ་ཁ་གསོ། འབྲུ་གསུམ་གྱིས་བྱིན་བརླབ། སྤོམ་རའི་མཆོད་བསྟོད་དང་། བསྭོ༔ ཤར་ཕྱོགས་གངས་ཀྱི་སོགས་བརྗོད་ལ་གཏོར་མ་གཙང་སར་གཤེགས། ཡི་དམ་མཆོད་བསྟོད་དང་ནོངས་བཤགས། བདག་བསྐྱེད་བསྡུ་ལྡང། སྨོན་ལམ་བཀྲ་ཤིས་གཞུང་བཞིན་བྱའོ། །ཞེས་པའི་གསལ་བྱེད་མདོར་བསྡུས་འདིའང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།