Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་། གར་དབང་རྒྱ༵་མཚོ།
   
   
   
   
   
   
   
   
   


 
previousསྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་། གར་དབང་རྒྱ༵་མཚོ།next

སྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་། གར་དབང་རྒྱ༵་མཚོ།


RTZ042_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྒྱལ་སྲས་ལེགས་པ་དང་པད་གླིང་གཏེར་བྱོན་ཟུང་འབྲེལ།


RTZ042_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨཱ་ཀ་ར་ཌཱ་ཀི་ནཱི་ཡཻ་ན་མ༔ དམིགས་མེད་གཏིང་མཐའ་བྲལ་བའི་རྒྱ་མཚོའི་ཀློང་། །ཀུན་སྣང་སྙིང་རྗེའི་རང་མདངས་འདབ་སྟོང་དབུས། །ཟུང་འཇུག་བདེ་གཤེགས་སྤྲུལ་པ་རིག་སྔགས་འཆང་། །པད་འབྱུང་འཁོར་ལོས་བསྒྱུར་དེར་སྙིང་ནས་དད། །བདེ་སྐྱོང་ལྷན་སྐྱེས་མ་དངོས་མཚོ་རྒྱལ་ཡུམ། །བདེ་སྐྱོང་བསྟན་མ་ཀུན་གྱི་དབང་མོར་ཤར། །པདྨའི་དགྱེས་སྐོང་རྣལ་འབྱོར་ཀུན་གྱི་མ། །སྨན་བཙུན་ལྷ་མོར་སྣང་བས་གྲོགས་མཛོད་ཅིག །འཁོར་འདས་ཆོས་ཀུན་གདོད་ནས་དག་པའི་གཤིས། །དག་དང་མ་དག་དུ་མར་སྣང་བའི་འཕྲུལ། །ཀུན་རྫོབ་རྟེན་འབྲེལ་མི་བསླུའི་བདེན་པ་གང་། །ལེགས་པར་འཆར་བྱེད་ཀུན་གསལ་མེ་ལོང་བྲི། །འདིར་གསལ་བྱེད་འཕྲུལ་གྱི་མེ་ལོང་། སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་གསལ་པོར་འཆར་བའི་མན་ངག །པྲ་སེ་ན་དབབ་པའི་གདམས་པ་ཟབ་མོ་འདི་ཉིད། ལྷག་པའི་ལྷ་སོ་སོའི་རྒྱུད་གཞུང་མན་ངག་རྣམས་ནས་ལས་ཚོགས་ཀྱི་རྣམ་གྲངས་སུ་བཤད་པ་མང་དག་ཞིག་ཡོད་པར་གོ་ཡང་། སྨན་བཙུན་ཆེན་མོ་འདི་དང་། ཚེ་རིང་མཆེད་ལྔའི་མཐིང་ཞལ་མར་བསྟེན་པ་ཉིད་དར་ཆ་ཆེ་ཞིང་ད་ལྟ་ལག་ལེན་གྱི་རྒྱུན་ཡང་ཅི་རིགས་སུ་མཆིས་པ་ལས། འདིར་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་ཉིད་ལ་བསྟེན་པ་ལ་ཡང་གཏེར་ཁ་གོང་འོག་དུ་མ་ནས་བཤད་ཀྱང་། སྐབས་སུ་བབས་པ་གཏེར་སྟོན་ཆེན་པོ་པདྨ་གླིང་པ་ནས་བརྒྱུད་པ་དང་། གཏེར་སྟོན་རྒྱལ་སྲས་ལེགས་པ་ནས་བརྒྱུད་པ་སྟེ། ཆུ་བོ་གཉིས་འདྲེས་ལ། རིག་འཛིན་བརྒྱུད་པའི་ཕྱག་བཞེས་


RTZ042_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཉམས་མྱོང་གིས་ལེགས་པར་བརྒྱན་ཏེ་འཆད་པ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་སོ། །དང་པོ་སྔོན་འགྲོ་གང་དུ་བྱ་བའི་གནས་ཡུལ་ཡོ་བྱད་བསྟན་པ་ལ། གནས་གཡའ་སྤང་མཚམས་དབེན་ཞིང་ཉམས་དགའ་བ། གངས་ཁྲོད། ནགས་ཚལ། སྨན་ལྗོངས། ཆུ་ཀླུང་ཆེན་པོའི་ངོགས་སོགས་བླ་གབ་མེད་པ་སྨན་མོ་དང་མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་ནམ། མིན་ཡང་གྲོག་པོ་ཁ་ལྷོར་བསྟན། ཕུང་ཤུལ། ལམ་རྒྱ་གྲམ། སྐྱེ་བོའི་འགྲིམ་ལམ། མགྲོན་ཁང་། མི་གཙང་བའི་ཁང་པ་དང་ཉེ་བ། སྔར་མངོན་སྤྱོད་སྒྲུབ་པའི་གནས་སོགས་མ་ཡིན་པ། རང་གི་ཁྱིམ་ལ་སོགས་པ་ཕྱགས་དར་བསང་ཁྲུས་ལ་སོགས་པས་དག་པར་བགྱིས། ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ། ཚེས་བཅུ་རྣམ་གཉིས་ལ་སོགས་པའི་དུས་ཚེས་དགེ་བར། སྤྲོ་ཞིང་འབྱོར་ན་མཆོག་གསུམ་གྱི་རྟེན་སྤྱི་དང་། འདི་ཉིད་ཀྱི་རྟེན་བྲིས་འབུར་ཅི་རིགས་བཤམས་པའི་མདུན། ས་སྟེགས་སམ་ཤིང་སྟེགས་གང་རུང་ལ། གྲྭ་ཕྱིང་གཙང་མ་དེ་སྔོན་ལས་མ་སོང་བ་མཐའ་གྲུ་མ་ཉམས་པས་བཀབ་པའི་ལྟེ་བར་མཉྫི་ལྟ་བུ་མཐོ་དམའ་འཚམ་པའི་ཁར་རིན་པོ་ཆེའི་སྣོད་གང་རུང་ནས་དཀར་མོ་སྡེར་གང་གིས་བཀང་བའི་དབུས་མེ་ལོང་གཡར་བྲལ་སྐྱོན་མེད། ལི་ཁྲི། སིནྡྷུ་ར་ཆང་སྦྱར་བས་རྩ་སྔགས་བཟླ་ཞིང་མཁའ་འགྲོ་ལྔར་མོས་པའི་ཐིག་ལེ་ལྔ་ཚོམ་བཀོད་པ། དེའི་མདུན་ཤེལ་དཀར་གྱི་མཆོད་རྟེན་དངོས་སམ། ཤེལ་རྡོ་དང་མར་མེ་གཙང་མ་བཀང་། རྒྱབ་ཏུ་ཚུལ་བཞིན་བཅས་སྒྲུབ་བགྱིས་


RTZ042_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་མདའ་འམ། མེད་ན་མདའ་རྒོད་སྒྲོ་སྒྲོ་བུད་མདེལ་འཁྱོག་སོགས་ལས་སོང་མ་ཡིན་པ། དར་སྣ་ལྔའམ་དཀར་པོ། འབྱོར་ན་རིན་ཆེན་ལྔ། དུང་ཤོ །འགྲོན་བུ། མེ་ལོང་བཅས་བཏགས་པ་བཙུགས། དེ་དག་གི་མཐའ་སྐོར་གཡས་སུ་འབྲུ་ཕྱེ་ཆུ་གཙང་དཀར་གསུམ་མངར་གསུམ་སོགས་དང་སྦྱར་བས་སྦྲུས་པའི་བླ་གཏོར་དཀར་ཟླུམ་པད་འདབ་བཞི་པ། མདུན་དུ་གཡུ་སྒྲོན་མར་དཔལ་གཏོར་རམ། བསྡུ་ན་བཤོས་ཟླུམ་རང་འདྲའི་འཁོར་བཞི་དང་མཐེབ་ཀྱུས་བསྐོར་བའི་གཡས་སུ་སྨན་ལེབ་དང་། གཡོན་དུ་མངར་གསུམ་མར་ཁུ་དང་སྦྱར་བས་འབྲང་རྒྱས་རིན་པོ་ཆེ་འབར་བའམ་ཉི་ཟླའི་ཏོག་གིས་མཚན་པ། རྟེན་གྱི་རྒྱབ་ཏུ་གཞི་བདག་སྤྱིར་དཀར་གཏོར་ཟླུམ་ལྕོག་འདབ་བཞིས་བསྐོར་བ། དེ་རྣམས་གཙང་མའི་ཁ་ཟས་དཀར་གསུམ་མངར་གསུམ། ཤིང་ཏོག་བཟའ་བཅའ་བཟང་པོས་བརྒྱན་པ། གཡོན་དུ་མཁའ་འགྲོ་དང་སྲུང་མ་སྤྱིར་དམར་གཏོར་གྲུ་གསུམ་དབལ་ལྡན་ཤ་ཁྲག་གིས་སྦགས་པ། མདུན་དུ་བཟང་སྨན་གྱིས་སྦགས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཞལ་ཟས་དང་། སྨན་རག་བཅས་པ། ཞོ་འོ། རྒྱ་ཇ། ཛ་གད་བཟང་པོའི་སྐྱེམས། མཐའ་སྐོར་ཅི་རིགས་པར། ཕྱེ་མར། གྲོ་ཡོས། དཀར་མོ་ལག་གཡས་མཚལ་གྱིས་གཡུང་དྲུང་བཏབ་པ། གླ་སྒང་ཉེར་གཅིག་དང་། འགྲོན་བུ་བུ་ཅན་བཅུ་གཅིག་བཅུག་པའི་སྣོད། ཉེ་ལོགས་སུ་ཤིང་སྣ་དང་། སྤོས་དཀར་གྱི་བསང་དུད། རང་ཉིད་རྟེན་ལ་ཕྱོགས་ཏེ་འདུག་པའི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། འཐོར་ནས། འབེབ་བཅིང་སོགས་སྔགས་ཀྱིས་


RTZ042_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྒྱུའི་ནས། ཆང་ལ་སྦྱར་བའི་སིནྡྷུ་རའི་ཀྱུ་གུ། གུལ་ཡུངས། སྤོས་སྣོད་ཨ་ག་རུ། མདའ་དར་ལྔ་ལྡན་ནམ་དཀར་པོ། བགེགས་གཏོར་བཅས་བཤམ་མོ། །གཉིས་པ་དངོས་གཞི་ལ། སྒྲུབ་པ་དང་། ལས་ལ་སྦྱོར་བ་གཉིས། དང་པོ་སྒྲུབ་པ་ལ་བདེ་བའི་སྟན་ལ་ལྷག་བསམ་གྱིས་འཁོད་ནས། བགེགས་གཏོར་བཤམས་པར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་རིན་པོ་ཆེའི་སྣོད་དུ་མཁོ་རྒུའི་ལོངས་སྤྱོད་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་བདུད་རྩིའི་རང་བཞིན་དུ་གྱུར། །ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །མཆོད་སྦྱིན་གཏོར་མས་ཚིམས་བྱོས་ལ། །སྣང་གསལ་དངོས་གྲུབ་སྒྲུབ་པ་ལ། །བར་གཅོད་གདུག་པའི་བསམ་སྦྱོར་སྤོངས། །མཐུན་པའི་དམ་རྫས་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །རྡོ་རྗེའི་མཚོན་ཆར་སྤྲོས་པ་ཡིས། །ལུས་ངག་དེ་ནི་རྡུལ་ཕྲན་བཞིན། །འཇིག་པར་འགྱུར་གྱིས་གཞན་དུ་མིན། །ཡི་དམ་ལྷའི་ལས་སྔགས་དང་། སུམ་བྷ་སོགས་བཟླ་བཞིན་གུལ་ཡུངས་ཀྱིས་བྲབ་བདུག་བྱ། གཏོར་མ་ཕྱིར་དོར་ལ་བགེགས་བསྐྲད། ཧཱུྃ། བདག་ལྷའི་ཐུགས་ལས་སྤྲོས་པའི་འོད་ཟེར་ནི། །རྡོ་རྗེའི་མཚོན་ཆ་མེ་ཕྲེང་འཁྲུགས་པ་གང་། །འཕྲོ་འདུའི་སྦྱོར་བས་ཕྱོགས་མཚམས་ཀུན་བཅིངས་པས། །མི་ཕྱེད་མི་ཤིགས་སྲུང་བའི་


RTZ042_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར་གྱུར། །བཛྲ་རཀྵ་ཧཱུྃ། ཞེས་པས་སྲུང་འཁོར་བསྒོམ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་འམ། གུ་རུ་ཞི་དྲག །ཧེ་རུ་ཀ་དང་རྣལ་འབྱོར་མའི་རིགས་སོགས་གང་ཡང་རུང་བའི་སྐྱབས་སེམས་ནས་གཟུང་ལྷའི་རྣལ་འབྱོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོང་ནས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་འདོན་ཡོན་ཚོགས། །མ་དག་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་མཁོ་རྒུ་ཟད་མི་ཤེས། །ཡེ་ཤེས་ལྷ་ཡི་བདུད་རྩིའི་རྒྱ་མཚོར་གྱུར། །བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿས་བརླབས་ལ། རྟེན་བསང་སྦྱང་། མདུན་གྱི་ནམ་མཁར་འཆི་མེད་དགའ་བའི་ཚལ། །གངས་རི་མཐོ་བརྗིད་རིན་ཆེན་བྲག་རིས་གཏམས། །འཇའ་འོད་ཆུ་འཛིན་སྤྲིན་འཁྲིགས་འབྲུག་སྒྲ་སྒྲོག །གདུང་སེལ་ལྷ་ཡི་བདུད་རྩིའི་ཆར་ཟིམ་འབབ། །དཔག་བསམ་ཤིང་དང་བདུད་རྩིའི་ཆུ་ཀླུང་དང་། །ཨུཏྤལ་མནྡ་ར་སོགས་མེ་ཏོག་བཀྲ །ཡིད་འོང་ལྷ་ཀླུ་དྲི་ཟ་གནོད་སྦྱིན་དང་། །གྲུབ་དང་རིག་འཛིན་དུ་མ་ཀུན་ནས་རྩེ། །མཛེས་པའི་རི་དྭགས་སྙན་པའི་སྒྲ་འབྱིན་པའི། །བྱ་ཚོགས་འཕུར་ལྡིང་བག་ཕེབས་དལ་བུར་རྒྱུ། །བཟའ་བཏུང་གོས་རྒྱན་ལྷ་ཡི་རོལ་མོ་སོགས། །འདོད་རྒུའི་འབྱོར་པ་བསམ་མི་ཁྱབ་པའི་དབུས། །རིན་ཆེན་བདུན་གྱིས་སྤྲས་པའི་ཁང་བཟང་མཆོག །ནོར་བུའི་བ་གམ་བཀྲ་བའི་ལྟེ་བའི་ཆར། །ལྷ་མིའི་གོས་


RTZ042_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀླུབས་པའི་རཏྣའི་ཁྲིར། །བོད་སྐྱོང་བརྟན་མའི་གཙོ་མོ་གཡུ་ཡི་སྒྲོན། །སྔོ་བསངས་མདངས་མཚར་ལྷ་ཡི་བུ་མོའི་ཚུལ། །མཛེས་སྡུག་མཚན་དཔེའི་རི་མོ་ཅི་ཡང་འགྱེད། །ཕྱག་གཡས་ལྔ་ལྡན་མདའ་དར་ཕྱོགས་བཅུར་གཡབ། །མཁའ་འགྲོ་དམ་ཅན་བྲན་འགྱེད་སྲིད་བཅུད་སྡུད། །གཡོན་པས་དངུལ་དཀར་ལྷ་ཡི་མེ་ལོང་འཛིན། །སྲིད་གསུམ་ཀུན་སྣང་འཕྲུལ་གྱི་རིག་པ་སྟོན། །དར་ཟབ་རིན་ཆེན་སྣ་ཚོགས་རྒྱན་ཆས་སྒེག །འོད་ཕྲེང་ཀློང་ན་ཕྱེད་སྐྱིལ་རོལ་པས་བཞུགས། །འཁོར་དུ་ཡེ་ཤེས་ཌཱ་ཀི་སྡེ་ལྔ་དང་། །བསྟན་སྐྱོང་མ་མོ་སྨན་བཙུན་འབུམ་གྱིས་བསྐོར། །གནས་གསུམ་འབྲུ་གསུམ་མཚན་དང་བདག་ཉིད་ལྷའི། །ཐུགས་ཀའི་ས་བོན་འོད་ཀྱིས་དག་པའི་ཞིང་། །རྔ་ཡབ་གླིང་དང་ཨུ་རྒྱན་སྤྲུལ་པའི་གནས། །ཡོངས་འདུའི་དྲུང་དང་ཚངས་པའི་འཇིག་རྟེན་སོགས། །ངོ་མཚར་གནས་ཡུལ་མ་ངེས་ཞིང་ཁམས་ནས། །སྐད་ཅིག་མདུན་གྱི་ནམ་མཁར་གཤེགས་པར་གྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། པཉྩ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿ སྤོས་དཀར་ཤིང་སྣའི་བསང་དུད། ཌཱ་དྲིལ། སྙན་པའི་དབྱངས་དང་བཅས་ཏེ་མདའ་དར་གཡབ་ཅིང་། ཀྱེ༔ གླིང་མཆོག་ལྷོ་ཡི་འཛམ་བུའི་གླིང༔ འཛམ་གླིང་ཉི་མ་བྱང་ཤར་ན༔ གཡའ་དང་སྤང་གི་མཚམས་ཤེད་ན༔ སྤྲིན་དང་ན་བུན་ཐིབས་སེ་ཐིབ༔ འོད་དང་གློག་དམར་ཁྱུགས་སེ་ཁྱུག༔ འབྲུག་སྒྲ་རི་


RTZ042_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དི་རི་རི༔ བདུད་རྩིའི་སྦྲང་ཆར་སི་ལི་ལི༔ ཤེལ་གྱི་མཁར་སོ་ལྡེམས་སེ་ལྡེམ༔ གཡུ་ཡི་ཁ་བད་ཐིབས་སེ་ཐིབ༔ དུང་གི་སྒོ་མོ་ཁྲིགས་སེ་ཁྲིག༔ མུ་མེན་སྒོ་ལྕགས་ཁྲོ་ལོ་ལོ༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ དར་དཀར་གུར་ཆེན་ལིངས་སེ་ལིང༔ དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམ༔ མུ་ཏིག་ཆོན་ཐག་རྒྱངས་སེ་རྒྱང༔ བྱུ་རུའི་ཆོན་ཕུར་ཐམས་སེ་ཐམ༔ གསེར་གྱི་གཉྫིར་ལྷག་གེ་ལྷག༔ མཁའ་འགྲོ་གསུང་སྙན་ཀྱུ་རུ་རུ༔ སྨན་མོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ གནས་མཆོག་དེ་ནི་ངོ་མཚར་ཆེ༔ གཞལ་ཡས་དེ་ནི་ཉམས་རེ་དགའ༔ གུར་དཀར་དེ་ནི་བག་རེ་དྲོ༔ གུར་ཆེན་དེ་ཡི་ནང་ཤེད་ན༔ རིན་ཆེན་ཤེལ་གྱི་ཁྲི་སྟེང་ན༔ ཉི་ཟླ་པདྨའི་གདན་སྟེང་དུ༔ མ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ སྔོ་ལྗང་མདངས་མཚར་འགྱིང་བག་ཆགས༔ ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན༔ ཕྱག་གཡས་མདའ་དར་སྣ་ལྔ་བསྣམས༔ ཕྱག་གཡོན་དངུལ་དཀར་མེ་ལོང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དར་ཚོན་སྣ་ལྔའི་ན་བཟའ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས༔ གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ སྤྱན་རས་གཟིགས་ཀྱི་སྲིང་གཅིག་མ༔ ཆོས་མཛད་ཡོངས་ཀྱི་མ་གཅིག་མ༔ ཨོ་རྒྱན་པདྨའི་བཀའ་ཉན་མ༔ སེམས་ཅན་ཀུན་གྱི་དོན་མཛད་མ༔ འཁོར་


RTZ042_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཁའ་འགྲོ་སྡེ་ལྔ་དང༔ སྨན་བཙུན་འབུམ་ཕྲག་གཅིག་གིས་བསྐོར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བོས་པའི་དུས་སུ་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ སྒྲུབ་པའི་ཚེ་ན་རྒྱང་མ་རིང༔ བསྟེན་པའི་ཚེ་ན་གཞན་མ་གཡེལ༔ འགྲོགས་པའི་ཚེ་ན་ཕྲག་མ་དོག༔ འདྲི་བའི་ཚེ་ན་རྫུན་མ་རྒྱག༔ བརྩེ་དང་དུང་བའི་སེམས་ཀྱིས་སུ༔ མིང་པོས་འབོད་དོ་གནས་འདིར་བྱོན༔ གང་བུ་དེ་ནི་མཐོ་མཐོ་ནས༔ མདའ་དར་སྣ་ལྔ་གཡབ་ཅིང་བྱོན༔ གཤོང་བུ་དེ་ནི་དམའ་དམའ་ནས༔ སྤོས་དཀར་དུད་པ་འཐུལ་ཞིང་བྱོན༔ གནས་མཆོག་དམ་པ་འདི་ན་ནི༔ ཁྱོད་ཀྱི་དམ་རྫས་ཚོགས་ལགས་ཀྱི༔ པྲ་གདན་དྲི་མེད་དཀར་པོའི་སྟེང༔ ནས་བཟང་དཀར་མོ་བྲེ་གང་འདི༔ སྨན་བཙུན་ཁྱོད་ཉིད་བཞུགས་པའི་གདན༔ དྲི་མེད་ཤེལ་གྱི་མཆོད་རྟེན་འདི༔ སྨན་བཙུན་ཁྱོད་ཉིད་དགྱེས་པའི་རྟེན༔ དངུལ་དཀར་མེ་ལོང་གཡའ་དག་འདི༔ ཁམས་གསུམ་གསལ་བའི་རྟེན་དུ་འཛུགས༔ མདའ་བཟང་དེ་ནི་བྱ་རྒོད་མ༔ མདེ་འུ་གཞུང་དང་བཅས་པ་འདི༔ སྨན་བཙུན་ཁྱོད་ཀྱི་སྲོག་གི་རྟེན༔ དཀར་གཏོར་མངར་གསུམ་བརྒྱན་པ་འདི༔ དཀོན་མཆོག་བླ་མ་ཡི་དམ་དང༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ དམར་གཏོར་ཤ་ཁྲག་བརྒྱན་པ་འདི༔ མཁའ་འགྲོ་ཆོས་སྐྱོང་གཞི་བདག་དང༔ སྨན་བཙུན་


RTZ042_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པའི་རྫས་སུ་འབུལ༔ འབྲང་རྒྱས་ཞལ་དཀར་རྒྱན་ལྡན་དང༔ ཕྱེ་མར་གྲོ་ཡོས་སྡེར་གང་བཅས༔ སྨན་བཙུན་ཁྱོད་ལ་གསོས་སུ་འབུལ༔ བསེ་སྡེར་ཤ་གཟུགས་བརྒྱན་པ་འདི༔ སྨན་བཙུན་ཁྱོད་ལ་ཚོགས་སུ་འབུལ༔ འགྲོན་བུ་མོན་ལུག་གླ་སྒང་འདི༔ སྨན་བཙུན་དགྱེས་པའི་རྟེན་དུ་འབུལ༔ སྨན་ལེབ་རྒྱན་གྱིས་བརྒྱན་པ་འདི༔ སྨན་འཁོར་རྣམས་ལ་ཚོགས་སུ་འབུལ༔ དམ་རྫས་གཏོར་མ་འདི་རྣམས་ནི༔ འདིར་བྱོན་དགྱེས་པར་བཞེས་སུ་གསོལ༔ ཞེས་པས་སྤྱན་འདྲེན་བཞུགས་གསོལ་མཆོད་པ་རྣམས་སོང་ནས། བར་འདིར་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་སྨན་བཙུན་མའི་ཐུགས་རྒྱུད་བསྐུལ་ཞིང་དགྱེས་པ་བསྐྱེད། ཅི་འདོད་པའི་ཕྲིན་ལས་རྣམ་པ་བཞི་དང་། ཁྱད་པར་སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་གསལ་པོར་སྟོན་པའི་སྣང་གསལ་བདེན་སྟོང་གི་དངོས་གྲུབ་སྩོལ་བར་བསམ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། ཞེས་རྩེ་གཅིག་ཏུ་བཟླ། ཐུན་བསྡུ་བ་ན་ཡིག་བརྒྱ་ལན་གསུམ་གྱིས་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱ། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར། པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་དང་། ཨ་ཀཱ་རོ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཀྱཻ། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་


RTZ042_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཅེས་པས་མཆོད་ཅིང་བསྟོད། བརྟན་བཞུགས་དང་གཤེགས་གསོལ་གང་ཡང་མི་བྱེད་པར་འོད་ཟེར་གྱི་དྲ་བས་བཅིངས་པས་དགྱེས་བཞིན་བརྟན་ཆགས་པར་བསམ། དེ་ལྟ་བུ་ཐུན་དུ་བཅད་དེ་འབུམ་ལ་སོགས་པ་གྲངས་ལོངས་པར་བཟླ། དེ་ནས་རྩ་བསྙེན་གྱིས་ཅུང་ཟད་མགོ་དྲངས་པའི་པྲ་མོ་ཧ་དང་། ཀཾ་ཁོ་ལེར། ཆུ་བུར་མིག་གི་སྒོ་སོལ་ཏེ་མདེའུ་འབྲུ་དྲུག་བཏགས་པ་དང་། བསྙེན་སྔགས་སུ་གྲགས་པ་བྷི་ལུག་དང་། སྒྲུབ་སྔགས་ཀ་ར། མདེའུ་འམ་བཅིང་སྔགས་སུ་གྲགས་པ་བྲུཾ་བཅིང་། ལས་སྦྱོར་བྷི་ལི་རྣམས་རིམ་བཞིན་བཟླས་པ་འབྲུལ་སྔགས། འཕང་གྭ་པ་སིནྡྷུ་ར་ལ་བཏབ། གྲུབ་པའི་མཚན་མ་བརྟགས་བསྙེན་སྤྱི་དང་། ཁྱད་པར་རིག་པ་དྭངས་ཤིང་རྨི་ལམ་གསལ་བ་དང་། ཉམས་སྣང་དུའང་ངོ་མཚར་གྱི་མཐོང་སྣང་སྣ་ཚོགས་འབྱུང་ངོ་། །བསྒྲུབས་ནས་གཏང་རག་གི་མཆོད་པ་དང་། གཏོར་འབུལ་རྒྱས་པར་བྱའོ། །གཉིས་པ་ལས་ལ་སྦྱར་བ་ནི། སྔར་བཤད་པའི་གནས་དང་མཐུན་པ། ཁྱད་པར་སྐྱེ་བོའི་གླགས་ཅོར་གྱིས་དབེན་པ། གཙང་ཞིང་ཉམས་དགའ་བར་སྔར་བཞིན་མཆོད་རྟེན་རྫས་ཚོགས་པ་དང་། དེ་དང་རང་གི་བར་དུ་ཕྱིར་དཀར་གཙང་མ་


RTZ042_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀར་མོ་བྲེ་གང་གིས་གཡུང་དྲུང་གཡོན་སྐོར་བྲིས་པ་དང་། སྨན་སྣ་དང་སྦྱར་བའི་ཤིང་སྣ་གཙང་མའི་བསང་དུད། གསེར་སྐྱེམས་ཕྱེ་མར་སོགས་ཚོགས་པར་བྱས། པྲ་རྟེན་ཁྱེའུ་དང་བུ་མོ་གང་རིགས་སྐྱོན་མེད་པ་སྟེ། ཕ་མ་མ་ཤི་བ་མཛེ་དང་རིགས་ངན་དམེ་སོགས་ཀྱི་རྒྱུད་མིན་པ། རིགས་བཟང་ཞིང་གྲོང་ཆོས་ཀྱིས་མ་གོས་པ། དབང་པོ་དྭངས་པ། མིག་ལ་དཀྲིས་གཉིས་རིམ་ཡོད་པའི་པྲ་མིག་ཅན་དག་གོས་གཙང་མ་གྱོན་ནས་བསང་ཁྲུས་ཀྱིས་དག་པར་བགྱིས། ཡིད་ལ་འཐད་པའི་རྡོ་ཞིག་ལེན་དུ་བཅུག་པ་དར་དམར་གྱིས་དྲིལ་ནས་པུས་མོའི་འོག་ཏུ་བཅུག །དེ་ནས་གཡུང་དྲུང་ཁར་རྟེན་ལ་ཕྱོགས་དེར་བཞག་ལ། སིནྡྷུ་རའམ་ལི་ཁྲིའི་ཞུར་འཐེན་ཅིང་མཁུར་ཚོས་སུ་ཐིག་ལེ་བྱ། ཆང་ཕུད་གཙང་མ་རྒྱུ་ལེགས་ལ་སྔགས་ཀྱིས་བསྒྲུབས་པའི་སིནྡྷུ་ར་བཏབ་ལ་སྦྱིན། ཁྱད་པར་བའི་སྔགས་ཀྱིས་བསྒྲུབས་པའི་འབྲུ་ཚོམ་སྤྱི་བོར་བཞག་ལ་དར་ཐོད་གཡོགས། སྟོད་གཡོགས་དཀར་པོ་བགོས། མེ་ལོང་མདུན་གྱི་མར་མེ་སྦར་ཞིང་། དེར་ཕྱོགས་པའི་མར་གྱི་བསང་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ་བཀོད། བདག་ལྷའི་རྣལ་འབྱོར་ལ་གནས་པས་སྤྲོ་ན་ཁྲུས་ལྷ་ཇི་ལྟར་རིགས་པའི་སྔགས་ཀྱིས་བསྒྲུབས་པའི་གཟུངས་ཆུས་ཁྲུས་གསོལ་བྱ། བགེགས་གཏོར་བསྔོས་ལ་སྲུང་འཁོར་ནན་ཆགས་བསྒོམ་པ་གལ་ཆེ། སྤྱི་སྒོས་ལ་དམིགས་པའི་གསེར་སྐྱེམས་རྒྱས་པར་བསྔོ། མཆོད་རྫས་བརླབས་པ་རྣམས་གྲུབ་རྗེས། རྩ་བསྙེན་དང་། ཀཾ་ཁོ་ལེར་མདེའུ་འབྲུ་དྲུག་བཏགས་པས་འབྲུ་སྔགས་ཏེ་རྟེན་དང་བྱིས་པ་ལ་


RTZ042_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། བྷི་ལུག་བཟླས་ལ་མེ་ལོང་རྟེན་ལ་གཏོར། ཀ་ར་མིག་ལ་བཏབ། བྷི་ལི་ལྟག་ཁུང་ལ་བཏབ། པྲ་རྟེན་ལ་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ། མེ་ལོང་རྒྱ་མཚོ་ཆེན་པོར་དམིགས་ལ་ཅི་འདུག་མ་ཡེངས་པར་ལྟོས་ཤིག་བྱ། པྲ་མཁན་སྲུང་འཁོར་བརྟན་ཅིང་ལྷའི་ང་རྒྱལ་ལ་གནས་པ། མདུན་གྱི་རྟེན་དང་བྱིས་པ་སོགས་ཐམས་ཅད་སྨན་བཙུན་མའི་རོལ་པར་གསལ་ཞིང་། འོད་ཟེར་གྱི་འཕྲོ་འདུ་བསམ་གྱིས་མི་ཁྱབ་པས་རང་འདྲའི་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ལ་རྟེན་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་ཤིན་ཏུ་བརྟན་ཅིང་གསལ་བས་རྟེན་བསྐྱེད་སྤྱན་འདྲེན་མཆོད་པའི་བར་སྔར་བཞིན་སོང་རྗེས། བཅིང་སྔགས་བཟླས་པའི་མེ་ཏོག་གཏོར་བས་འོད་ཟེར་གྱི་དྲྭ་བས་སྦྲེལ་ཏེ་གཞན་དུ་གཡེལ་བའི་དབང་མེད་པར་བསམ། གཏོར་འབུལ་དང་། སྔགས་མཆོད་བསྟོད་པ་བྱ། དེ་ནས། ཁྱེད་ལ་དེ་རིང་ཞུ་བ་ནི༔ པྲ་གདན་དཀར་པོ་དྲི་མེད་ལ༔ འབྲུ་མཆོག་གཙང་མ་གཡུང་དྲུང་རིས༔ བཀྲ་ཤིས་་་ཁྱེའུ་འམ་བུ་མོ་་་གཙང་མ་འདི༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི༔ ཡིད་ལ་བསམ་པའི་དོན་འདི་དང༔ འདས་དང་མ་འོངས་ད་ལྟ་དང༔ ཁམས་གསུམ་མ་ལུས་གསལ་པོར་སྟོན༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་བྱེད་གནོད་བྱེད་གསལ་བར་སྟོན༔ གཞན་གྱིས་མི་ཤེས་ངེད་ལ་འདྲི༔ ང་ཡིས་མི་ཤེས་


RTZ042_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་དྲི༔ མ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གནས་མཆོག་འདི་རུ་པྲ་ཕོབ་ཅིག༔ གདན་ཁ་འདི་རུ་ཕྱྭ་གཅིག་སྟོན༔ རྫུ་འཕྲུལ་སྲིད་པའི་ཕྱྭ་རུ་མ༔ སྨྲོས་ཤིག་སྟོན་ཅིག་གསལ་བར་སྟོན༔ ཨོཾ་མ་ཎི་བཛྲ་ཙཎྜ་མ་ཧཱ་ཊ་ཐ་ག་ཡ་སྭཱ་ཧཱ༔ ཞེས་འདོད་དོན་རྩེ་གཅིག་ཏུ་གསོལ། དོན་ཆེན་སྡེབས་རྨེད་མི་བྱེད་པར། རེ་རེ་ནས་དམོད་བོར་ཞིང་དམིགས་པས་གཅུན་པས་བཤད་ཡོང་། པྲ་མོ་ཧ་དང་། ཀཾ་ཁོ་ལེར་མདེའུ་འབྲུ་དྲུག་བཏགས་པ་བཟླས་ལ་ལྟག་ཁུང་ལ་བཏབ། སྐབས་སུ། ཀ་ར་མིག་ལ་འདེབས་ཤིང་། འཕོང་གྭ་པ་བསྔགས་པའི་ཆང་ཡང་བླུད། འཁོར་མདངས་ཡལ་ཞིང་རིག་པ་ངར་ཆུང་ན་སྤྱན་འདྲེན་ཡང་ཡང་བསྐྱར། པྲ་མཁན་སྔགས་དམིགས་ལས་གཞན་དུ་མི་གཡེལ་ཞིང་སྔགས་བཟླས་པ་བྱིས་པས་མ་གོ་བ་གལ་ཆེ་བར་བཤད། བྱིས་པས་བཤད་རིམ་བཞིན་དྲི་མཁས་པ་གལ་ཆེ། གལ་ཏེ་འཁོར་རྟགས་དང་བབས་རྟགས་བྱུང་ཡང་མཐོང་སྣང་མ་གསལ་ན་གཞན་གྱིས་སྒྲིབ་པ་ཡང་སྲིད་པས་གསེར་སྐྱེམས་སོགས་ཀྱིས་བརྔན་པ་སྦྱིན། དེས་ཀྱང་མ་གསལ་ན་ལྷ་གནད་ལ་དབབ་པ་ནི། པྲ་མཁན་ལྷའི་ང་རྒྱལ་བརྟན་པས་རྟེན་སྨན་བཙུན་མར་གསལ་བ། དེ་ཏིང་འཛིན་གྱིས་གཟིར་ཞིང་གནད་ནས་བསྐུལ་བས། འདོད་དོན་གང་ཡིན་མི་སྒྲུབ་པའི་བརྟན་པ་མེད་པར་བསམ་ལ། ཁྲོ་བོའི་ལྟ་སྟངས་དང་ལྡན་པས་ནས་ལྕག་གིས་བྲབ་ཅིང་། ཀྱཻ༔ བྱང་ཤར་བུ་མོ་དམ་མེད་མ༔ མཁའ་འགྲོ་གཡུ་ཡི་


RTZ042_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པ་ཅན༔ ཡབ་ཡུམ་གཉིས་པོ་གྲོས་བྱས་ནས༔ གཡམ་པའི་སྒྲོམ་བུར་བཅུག་ནས་ནི༔ ཤེལ་སྤང་མཚམས་སུ་བོར་བའི་ཚེ༔ ཕ་བས་བྱམས་པ་ང་ཡིས་བྱས༔ མ་བས་བྱམས་པ་ང་ཡིས་བྱས༔ སྔོན་ཚེ་དེ་ཡི་དུས་ཙམ་ན༔ འོ་སྐོལ་ལྕམ་སྲིང་གཉིས་པོ་ཡིས༔ དམ་བཅས་ཁས་བླངས་མི་དྲན་ནམ༔ བོས་པའི་དུས་སུ་འོང་བ་དང༔ ཤེལ་དཀར་མཆོད་རྟེན་འདིའི་ནང་དུ༔ འདས་དང་མ་འདས་ད་ལྟ་དང༔ ཁམས་གསུམ་སྟོན་པར་མ་ཆད་དམ༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་གནོད་སྟོན་པར་མ་ཆད་དམ༔ མིང་པོས་དྲིས་པའི་ལན་འདི་རྣམས༔ ཁྱོད་ཀྱིས་སྨྲ་བར་མ་ཆད་དམ༔ དམ་ཚིག་མི་བསམ་དམ་ཉམས་ཡིན༔ དམ་ཚིག་གཉན་པོ་བསྲུང་ན་ནི༔ མིང་པོས་བོས་ནས་དྲི་དུས་འདིར༔ འོངས་ནས་དགོས་པའི་དོན་རྣམས་སྨྲོས༔ བལྟ་བའི་མིག་ཀྱང་ང་ལ་ཡོད༔ ཉན་པའི་རྣ་བ་ང་ལ་ཡོད༔ སྣོམ་པའི་སྣ་ཡང་ང་ལ་ཡོད༔ སྨྲ་བའི་ལྕེ་ཡང་ང་ལ་ཡོད༔ བསམ་པའི་སེམས་ཀྱང་ང་ལ་ཡོད༔ དམ་རྫས་གཏོར་མ་འདི་ལོངས་ལ༔ སྒྱུར་རོ་ཆེ་གེའི་མོ་འདི་ལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་བཙན་དང་འདྲེ་ལ་སོགས༔ ཕན་གནོད་མ་ལུས་གསལ་བར་སྟོན༔ ཅེས་བརྗོད་པས་སྟོན་པར་ངེས་ཤིང་། མཐོང་སྣང་བཟང་ངན་ཀྱང་། གཞུང་ལས། མཐོང་བའི་སྣང་


RTZ042_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་འདི་དག་གོ༔ ཁྱིམ་ཕྱྭར་མཆོད་རྟེན་པད་སྤུངས་དཀར༔ མཐོང་ན་བཟང་ལ་ཁྱིམ་དིབ་པ༔ ཀ་བ་འཁྱུས་འཁྱོགས་ཁ་དོག་ནག༔ མུན་པར་མཐོང་ན་ངན་པ་འོ༔ སྲོག་ཕྱྭར་ལྗོན་ཤིང་འདབ་རྒྱས་དང༔ སྐྱེས་པ་ཆས་བཟང་མཐོང་ན་བཟང༔ ཤིང་ཆག་པ་དང་འགྱེལ་བ་ངན༔ བུད་མེད་བུ་འོང་ལྷ་རྒྱངས་དང༔ ལུག་དཀར་མཐོང་ན་བུ་སྐྱེ་འོ༔ ཕག་དང་ལུག་ནག་བུ་མོར་འགྱུར༔ དེ་སོགས་ཁ་སྨྲར་འཆད་པར་བྱ༔ ས་མ་ཡ༔ ཞེས་གསུངས་པ་ལྟར་ཁྱིམ་ཕྱྭར་སྒོ་གསར་དུ་གཏོད་པ། ཞིག་རལ་དང་། མདོག་ནག་པ་སོགས་ངན། སྲོག་ཕྱྭ་ལ་སྐྱེས་བུ་མགོ་དང་ཡན་ལག་ཆག་པ། ལྗོན་ཤིང་འགྱེལ་ཆག །བཀྲག་མེད་པ་ངན། སྐྱེས་པ་ལ་མདའ་མདུང་། གོ་མཚོན། བུད་མེད་རིན་པོ་ཆེའི་རྒྱན་ཆ་དང་། འཕང་། ཀུན་ལ་རྒྱལ་མཚན་འཕན་གདུགས་སོགས་བཀྲ་ཤིས་པའི་ཡོ་བྱད། དགེ་བའི་བཤེས་གཉེན་ལ་རྟེན་མཆོད་ཆ་ཁྲི་སོགས་དང་། གཞན་ཡང་གངས་རི་བྲག་རི་ལྷུན་ཆགས་པ། ལྗོན་ཤིང་འབྲས་བུ་ཅན་རྣམས་བཟང་རྟགས། མི་ཁའི་རྫས། སྡོང་རྒན་སྐམ་པ་ལ་བྱའི་ཚང་བཅས་པ། ཐང་ལ་བྲ་བོ། སྒོག་ཙོང་། སྦལ་པ་སྦྲུལ་སོགས་སྲོག་ཆགས་དང་དམན་པའི་རྫས་རྣམས་ངན་པར་བཤད་པ་སོགས་ལེགས་ཉེས་རིག་པས་འཕྲུལ་ཤེས་པར་བྱ་ཞིང་། གང་ལྟར་ཡང་འོད་དང་བྱིན་ཆགས་པར་བྱུང་ན་བཟང་། བཀྲག་


RTZ042_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ཆུང་ཞིང་ཉམས་མི་དགའ་ན་ངན་པར་བཤད། རང་གཞན་གནས་རྟེན་ཐམས་ཅད་གྲིབ་དང་མཁོན་གྱིས་མ་སྦགས་པ་གལ་ཆེ་ངེས་སུ་འདུག་གོ། །།དེ་ལྟར་ལག་ལེན་ཚུལ་ལྡན་བཅས་པས་དོན་གང་ཡིན་གྲུབ་པ་ན། བྱིས་པ་ལ་བབས་པའི་ཡེ་ཤེས་པ་ཡིད་ཀྱིས་གཤེགས་སུ་གསོལ་ལ་རྟེན་མདའ་སོགས་ཡོད་ན་དེར་བསྟིམ། གཏང་རག་གི་སྔགས་མཆོད་དང་། བསྟོད་པ། གཏོར་འབུལ་རྣམས་རྒྱས་པར་བཏང་ལ་གཏོར་མ་དང་སྐྱེམས་རྣམས་གཙང་སར་གཤེགས། རྟེན་མདའ་དང་བྲིས་ཐང་སོགས་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། ཤིས་བརྗོད་སོགས་རྗེས་ཀྱི་བྱ་བས་མཐའ་བརྒྱན་པ་དང་། པྲ་རྟེན་བཟའ་བཏུང་སོགས་ཀྱིས་ཚིམས་པར་བགྱིས་ལ་གནས་སུ་གཏང་ངོ་།། ༈ །།འདིར་གཞི་བདག་གཏོར་མས་སྤྱིར་འཐུས་པའི་དབང་དུ་བགྱིས་ཤིང་། ཡང་ན་གཏེར་སྟོན་རྒྱལ་སྲས་ལེགས་པའི་ལུགས་རྡོ་རྗེ་འཛིན་པ་བློ་གསལ་རྗེས་ཟིན་བྲིས་མདོར་བསྡུས་མཛད་པར་གཏེར་བདག་ཀླུ་བཙན་པར་སྒོས་སུ་བསྔོ་བར་གསུངས་པ་དེ་བཞིན་བྱེད་པ་སྤྲོ་ན། གཞི་བདག་གཏོར་མའི་གཡས་གཡོན་ཅི་རིགས་སུ་གཏོར་མ་གྲུ་གསུམ་སྦྲུལ་འཁྱུད་ཞབས་དཀྲིས་དཀར་པོ་ཡོད་པ་རྒྱན་ལྡན་བཤམ། སྒྲུབ་པའི་སྐབས་བཟླས་པའི་རྗེས་ཀྱི་གཏོར་འབུལ་མཆོད་བསྟོད་མཇུག་དང་། ལས་སྦྱོར་གྱི་ཚེ་ཡང་དེ་བཞིན་འདོད་དོན་གསོལ་བའི་མགོར་བསྔོ་དགོས་པས། གཏོར་མ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། ཀྱེ།


RTZ042_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་དགེ་བསྙེན་རྣལ་འབྱོར་དགྲ་བླ་ཆེ། །དམ་ཚིག་གཉེར་འཛིན་མཐུ་ལྡན་གཏེར་སྲུང་མཆོག །ཀླུ་བཙན་རྡོ་རྗེ་འབར་བ་འཁོར་དང་བཅས། །འབོད་དོ་དགྱེས་པའི་རྟེན་ལ་བརྟན་པར་བཞུགས། །ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་དང་། །སྣ་ཚོགས་སྤྱན་གྱི་གཟིགས་མོར་ཚར་དངར་བའི། །བཞེད་དགུའི་ལོངས་སྤྱོད་མཁའ་ལམ་ཡོངས་ཁྱབ་པས། །དམ་ཅན་གཏེར་སྲུང་འཁོར་བཅས་ཐུགས་དམ་བསྐང་། །མཐུན་པའི་རྫས་འདིས་དགྱེས་པ་རབ་བསྐྱེད་ནས། །པདྨའི་རྗེས་འཇུག་རྣལ་འབྱོར་དཔོན་སློབ་ཀྱི། །མི་མཐུན་ཕྱོགས་སྲུང་མཐུན་ཕྱོགས་སྤེལ་བ་སོགས། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་དོ།། ༈ །།གོང་དུ་དགོས་པའི་སྔགས་བྱང་ནི། ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ་ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ། ཁེ་ས་དྷ་རེ་ཁེ་ས་དྷ་རེ། ཤ་ས་ཧཾ་ཨ། རྩ་སྔགས་ཉེར་བདུན་པའོ། །ཆུ་བུར་མིག་གི་སྒོ་སོལ། མདེའུ་འབྲུ་དྲུག་པའོ། །ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱ། བསྙེན་སྔགས་སོ། །ཨོཾ་ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ་སྭཱ་ཧཱ། སྒྲུབ་སྔགས་སོ། །ཨོཾ་བྷི་ལི་བྷི་ལི་ཀྵི་ལི་ཀྵི་ལི་ཨ་ལོ་ཀྵ་ཡེ་སྭཱ་ཧཱ། ལས་སྦྱོར་རོ། །ཨོཾ་བྲུཾ་བྲུཾ་བཅིང་བཅིང་ན་ག་ཕོབ། སྤྱན་རས་


RTZ042_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱིས་མོ་སྟོན། སིན་འདུར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སོལ། རྣོ་བའི་ཕྱོགས་སྟོན་མཛོད་ཅིག །མདེའུའམ་བཅིང་སྔགས་སོ། །ཨོཾ་འཕང་གྭ་པ་ཡེ་སྭཱ་ཧཱ། ཆང་དང་སིནྡྷུ་ར་ལའོ། །འདིའི་སྔགས་རྣམས་གཏེར་ཁ་གཉིས་མི་མཐུན་པ་བག་རེ་འདུག་པ། འདི་ཕྱི་མ་ཆེ་མཆོག་འདུས་པ་རྩལ་གྱིས་ཟིན་བྲིས་མཛད་པ་ལྟར་ཡིན་ཞིང་། འོན་ཀྱང་སྔགས་འདི་རིགས་སྦས་པ་དང་། ཡིག་ནོར་རྒྱུན་འབྱམས་སོགས་མང་དག་ཡོང་རིགས་བཅས། དཔེ་རྒྱུན་ངེས་ཤེས་འདྲོང་པོ་གཞན་དག་འབྱོར་ན་པྲ་མཁན་རྣམས་ཀྱིས་དཔྱད་པར་རིགས་སོ། །དེ་སྐད་མདོ་མེད་འཆལ་པོ་བཀའ་བརྒྱུད་ཀྱི། །རྗེས་འབྲང་ཟབ་མོའི་དོན་ལ་མི་སེམས་པར། །པྲ་འཆལ་སྟོན་ཆེན་གཞན་མགོ་བསྐོར་བའི་རྗེ། །གར་དབང་རྒྱ་མཚོར་འབོད་དེའི་སུག་པའི་ལས། །འོན་ཀྱང་ཡེ་ཤེས་ནང་ནས་མ་ཤར་ཞིང་། །ཡི་དམ་ལྷ་ཡི་ལུང་བསྟན་མ་ཐོབ་པ། །གཏི་ཐུག་མགོ་བསྐོར་ཅི་དྲགས་བྱ་བ་ལ། །མི་ཤེས་དགུ་ཤེས་ལག་ལེན་འདི་དག་མཁོ། །དེ་ཕྱིར་ལྷག་བསམ་དག་པས་སྨྲས་པ་ལ། །གཞན་གྱིས་ཀླན་ཀ་བརྐོ་ཡང་ཅི་ཞིག་བྱ། །གཞན་ཕན་རྒྱལ་སྲས་སྤྱོད་ལ་འཇུག་པ་ལ། །བསླབ་ཏུ་མི་བྱའི་དངོས་པོ་འགའ་ཡང་མེད། །ཅེས་པའང་གང་ཤར་དུ་སྨྲས་པ་རང་གཞན་སྐྱེ་རྒུ་ཀུན་ལ་སྨན་པར་གྱུར་ཅིག །སརྦ་ཛ་ཡནྟུ།། །།


previousསྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་། གར་དབང་རྒྱ༵་མཚོ།next