Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དགོངས་པ་འདུས་པ་ལས་སྣང་གསལ་མར་མེའི་བརྟག་པ་འོད་འབར། སངས་རྒྱས་གླིང་པ།
   
   
   
   
   
   
   


 
previousབླ་མ་དགོངས་པ་འདུས་པ་ལས་སྣང་གསལ་མར་མེའི་བརྟག་པ་འོད་འབར། སངས་རྒྱས་གླིང་པ།next

བླ་མ་དགོངས་པ་འདུས་པ་ལས་སྣང་གསལ་མར་མེའི་བརྟག་པ་འོད་འབར། སངས་རྒྱས་གླིང་པ།


RTZ042_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས༔ སྣང་གསལ་མར་མེའི་བརྟག་པ་འོད་འབར་ཞེས་བྱ་བ་བཞུགས་སོ༔


RTZ042_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས༔ སྣང་གསལ་མར་མེའི་སྒོ་ནས་བཟང་ངན་པྲ་ལྟས་བརྟག་པར་བྱ་བ་ནི༔ དུས་ཚོད་བཟང་པོ་ཉ་སྟོང་ཚེས་བརྒྱད༔ བཅུ་ལ་སོགས་པའམ༔ ནམ་ཡང་རུང་བར༔ ཡིད་དང་མཐུན་པའི་གནས་གཙུག་ལག་ཁང་ངམ༔ རྟེན་གྱི་དྲུང་དུ་སྟེ༔ མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དྲུང་དུ༔ མཆོད་པ་ཅི་འབྱོར་བཤམ༔ འབྱོར་ན་རྩ་བ་གསུམ་གྱི་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ལ་སོགས་པ་བྱ་ཞིང་ཚོགས་གསག༔ རྒྱུད་སྦྱོང༔ ཕྲིན་ལས་གཞུང་བསྲང༔ དེ་ནས་རྟེན་གྱི་དྲུང་དུ་གདན་གཙང་མའི་ཁར་པདྨ་འདབ་བརྒྱད་བྲིས་པའམ༔ འབྲུའི་ཚོམ་བུ་དགུ་གང་འབྱོར་བཀོད་པའི་དབུས་སུ༔ རིན་པོ་ཆེའི་ཀོང་བུ་ཕུལ་ཕྱེད་ཤོང་བ་སྟེ༔ མ་འབྱོར་ན་རྡོ་དང་ས་ལ་བྱས་པའི་ཀོང་བུས་ཀྱང་རུང་ལ༔ གས་ཆག་མེད་པ་གཙང་མའི་ནང་དུ༔ སྡོང་ཤིང་སྔར་ལས་མ་བྱས་པ་བད་མེད་པ་ལ་རས་དཀར་པོ་དྲི་མ་མེད་ཅིང་བཀོལ་སྤྱད་ཀྱིས་ཟད་པ་མ་ཡིན་པས་དྲིལ་ཏེ་ཆེ་ཆུང་རིང་ཐུང་ཀོང་བུ་དང་ཆ་མཐུན་ནོ༔ ཏིལ་མར་ལ་སྦོམ་ཞིང༔ རྩི་མར་ལ་ཕྲ་བ༔ འབྲིང་འབྲས་དང་ཞུན་ཆེན་ལ་དེ་ལས་གཞོལ་བར་བཙུགས༔ དེའི་སྟེང་


RTZ042_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་ཡིན་པའི་མར་ཁུ་ངར་མ་ཡལ་བར་བྱས་པས་གང་བར་བླུགས༔ དགུ་ལྔ་གཅིག་ཡན་ཆད་གང་འབྱོར་བཤམ༔ སློབ་དཔོན་ལྷའི་རྣལ་འབྱོར་བདག་བསྐྱེད་དང༔ མདུན་གྱི་ཚོམ་བུ་ལ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་བསྐྱེད་ཅིང༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དཱེ་བ་ཌཱ་ཀི་ནཱི་ཧཱུྃ༔ འོད་ལི་འོད་ལི༔ སརྦ་ཨཱ་ལོ་ཀེ་པྲ་བྷ་ར་ཏ་ན་ཡེ་སྭཱ་ཧཱ༔ ཞེས་པས་མར་མེ་རེ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ཏེ༔ འཇག་མ་རེ་ལ་བཏབ་ཅིང་ཀོང་བུའི་ཁ་རྒྱུད་དུ་བཞག༔ དེ་ནས་སྦྱིན་བདག་གི་ཁྱེའུ་ཕོ་མོ་གཙང་མས༔ ཇི་ལྟར་འདོད་པའི་དོན་དམོད་པ་འདོར་ལ་སྨྲ༔ ནད་པའམ་དམིགས་སྒོ་ཅན་གྱི་སྦྱིན་བདག་ཡོད་ན༔ སྲོག་ནས་ངོ་རྟགས་མ་ནོར་བར་རེ་རེ་ལ༔ སོ་སོའི་འདོད་དོན་སྨྲོས་ལ་ཀོང་བུར་གཞུག༔ སློབ་དཔོན་གྱིས་མར་མེ་བསང་སྦྱང་བྱིན་གྱིས་བརླབས་ནས༔ མ་རིག་མུན་སེལ་སྒྲོན་མེ་མཆོག༔ འབྲུ་རྩི་ཞུན་དུ་སྦྱར་བ་ནི༔ སྣང་གསལ་མར་མེ་མདངས་ལྡན་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨཱོྃ་ཨཱཾཿན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཿསརྦ་ཏ་ཐཱ་ག་ཏ༔ སརྦ་བུདྡྷ་བོ་དྷི་སཏྭ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ ཨཱ་ལོ་ཀེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བདག་དང་འགྲོ་ལ་བརྩེར་དགོངས་ནས༔ བླ་མེད་མཆོད་པ་འདི་བཞེས་ལ༔ ལེགས་ཉེས་ལྟས་དང་


RTZ042_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་རྣམས༔ སྣང་གསལ་མདངས་ལ་བསྟན་དུ་གསོལ༔ ཞེས་པ་རྣམས་དང༔ གཞན་ཡང་མཆོད་པ་སྤྱི་མཐུན་མང་དུ་ཕུལ་ནས༔ ཇི་ལྟར་འདོད་པའི་དམོད་པ་དང་སྨོན་ལམ་བཏབ་ཅིང་མར་མེ་ལ་བརྟག་པར་བྱའོ༔ བརྟག་པའི་ཚུལ་ལ་གསུམ་སྟེ༔ བཟང་པོ་དང༔ ངན་པ་དང༔ དེ་ལས་གཞན་པའོ༔ དང་པོ་རྟགས་བཟང་པོ་ནི༔ མར་མེའི་དབྱིབས་ཕྲ་ཞིང་མདོག་དཀར་ལྷེམ་ལྷེམ་འབར་ན་བཟང་སྟེ༔ དགེ་བའི་བཤེས་གཉེན་ལ་སོགས་མི་ཆེན་བསྟན་པ་དར་རྒྱས་མི་ནུབ་པའི་རྒྱལ་མཚན་ཚུགས་པ་ཡིན༔ གཞན་ཕལ་པ་ཡིན་ན་ཡང་རང་ཚོད་དང་སྦྱར་བའི་མི་ནུབ་པའི་རྒྱལ་མཚན་ཐོབ་པའི་རྟགས་ཡིན་ནོ༔ མདོག་དཀར་དམར་དབྱིབས་རྩེ་མོ་ཟླུམ་ལ་འཁྱིལ་ཞིང༔ དལ་བར་འབར་ན༔ མི་འགྱུར་བའི་ཚེའི་གཡུང་དྲུང་ཐོབ་པའི་རྟགས་ཡིན་པས་བཟང༔ མདོག་གསལ་ལ་འཚེར་བས་རྒྱལ་མཚན་གྱི་དབྱིབས་ལྟ་བུ་ལ་ཁོད་སྙོམས་པར་འབར་ན༔ དཔལ་དང་བཀྲ་ཤིས་སྙན་གྲགས་རྒྱ་ཆེན་འབྱུང་བའི་རྟགས་ཡིན་པས་བཟང༔ མདོག་དཀར་ལ་དྭངས་པ༔ དབྱིབས་ནི་གདུགས་ཕུབ་པ་ལྟ་བུའམ༔ སྦ་འཁོར་དུ་འཁྱིལ་བ་ལྟར་འབར་ན༔ བླ་དགེ་མི་ཆེན་ལ་སོགས་པ་ལ་ནི་ཆོས་འཕེལ་ཞིང༔ མི་ཆེན་དཔོན་དང་སྐྱེ་བོ་ཡིན་ན་གཡུལ་ལས་རྒྱལ་བ་དང༔ འདོད་པའི་དོན་


RTZ042_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་འགྲུབ་པའི་ལྟས་ཡིན་པས་བཟང༔ ཁ་དོག་སེར་པོ་གུར་གུམ་དང༔ གསེར་སྦྱངས་དབུར་མ་ལྟར་འབར་ཞིང་པདྨ་གྱེས་པ་དང༔ ཨུཏྤལ་འབུབ་པ་དང༔ ནོར་བུ་ལྟར་བྱུང་ན་ཟས་ནོར་ལོངས་སྤྱོད་འཕེལ་བའི་རྟགས་ཡིན་པས་བཟང༔ མར་ཁུ་སྨེ་ན་ཚེ་རིང༔ མདོག་བཟང་ན་བར་ཆད་མི་འབྱུང༔ འོད་ཆེ་ན་དོན་འགྲུབ༔ འབར་སྟངས་བཟང་ན་བསོད་ནམས་འབྱུང༔ པདྨ་ཆགས་ན་ནོར་ཕྱུགས་འཕེལ༔ སྡོང་རོ་མེད་ན་གདོན་དང་སྒྲིབ་པ་ཆུང༔ དྲི་བཟང་ན་བྱ་བ་གང་རྩོམ་འགྲུབ༔ བལྟབ་བལྟབ་ཟེར་བ་ལྟ་བུའི་སྐད་སྙན་པོ་གྲག་ཅིང་གསལ་ལ་དལ་བར་འབར་ན་མི་ཐམས་ཅད་བྱམས༔ དུད་པ་དང་ནག་འབོག་མེད་ན་ནད་པ་མྱུར་དུ་སོས༔ ནད་མི་འབྱུང༔ མར་མེའི་རྩེ་མོ་མདུང་རྩེ་ལྟ་བུ་བྱུང་ན་མངོན་སྤྱོད་འགྲུབ༔ ལྕགས་ཀྱུ་དང་ཞགས་པ་ལྟར་འབར་ན་དབང་འགྲུབ༔ གྲུ་བཞི་དང་བུམ་པ་དཔལ་བེའུ༔ རྩེ་མོ་ཕྲ་བ་ནོར་བུ་ལྟར་འབར་ན་རྒྱས་པའི་ལས་འགྲུབ༔ ཟླུམ་པོ་འཁྱིལ་བ་ཟུར་མེད་པར་འབར་ན་ཞི་བ་འགྲུབ༔ ཁ་དོག་སྔོ་དམར་ལ་གསལ་ཞིང་དབྱིབས་སྣ་ཚོགས་སུ༔ དལ་བྲེལ་ཁོད་སྙོམས་པར་འབར་ན་ལས་སྣ་ཚོགས་འགྲུབ་སྟེ་བཟང༔ མདོར་ན་ཁ་དོག་གསལ་ཞིང༔ དབྱིབས་ལེགས་ལ་དལ་བྲེལ་ཁོད་སྙོམས་པར་འབར་ན་བཟང་པོའི་


RTZ042_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ཡིན་པས་ཤེས་པར་བྱའོ༔ ༈ གཉིས་པ་ངན་པའི་རྟགས་ནི༔ ཁ་དོག་མི་གསལ་བར་མོག་མོག་པོ་ལྟར་སྣང་ན་ལས་ཀྱི་སྒྲིབ་པ་ཆེ་བའི་རྟགས་ཡིན༔ ནག་ངམ་ངམ་པ་བྱུང་ན་གྲིབ་དང་མི་གཙང་བ་ཡོད་པའི་རྟགས་ཡིན༔ དམར་ནག་ངམ་མེ་བ་བྱུང་ན་ཉོན་མོངས་པ་སྡིག་སྒྲིབ་ཆེ་བའི་རྟགས་ཡིན༔ དུད་པ་ཆེ་ཞིང་འཚུབ་ན་ནད་པ་ཡུན་རིང་མནར་བ་དང་ནད་འབྱུང་བའི་རྟགས་ཡིན༔ མེ་ལྕེ་ཆེ་བ་མདོག་ངན་པ༔ འབར་སྟངས་བྲེལ་ཞིང་འཚུབ་ན་དམ་ཉམས་པ་དང༔ ཉམས་ཀྱི་གྲིབ་ཡོད་པའི་རྟགས་ཡིན༔ ཚག་སྒྲ་འདོན་ཅིང་མེ་སྟག་འཕྲེད་ལ་འཕྲོ་ན་ཕུགས་སུ་གདོན་ཞུགས་པའི་རྟགས་ཡིན༔ མེ་ལྕེའི་དཀྱིལ་དུ་གྱེན་ལ་ཚྭ་ཚྭ་འཕྲོ་ན་བྱད་དང་བྲུབ་བཟློག་ཕ་རོལ་གྱི་བསམ་སྦྱོར་ངན་པ་ཡོད་པའི་རྟགས་ཡིན༔ འོད་ཀྱི་དཀྱིལ་དུ་དུད་འགྲོའི་གཟུགས་བྱུང་ན་རི་འདྲེས་གདོན་པ་ཡིན༔ འབར་སྟངས་ཞན་ཅིང་མི་གསལ་ན་བསོད་ནམས་མངའ་ཐང་ཉམས་འདོད་པའི་རྟགས་ཡིན༔ མེ་ལྕེ་དུམ་དུམ་རྦད་རྦད་ཆད་ན་རྐྱེན་གློ་བུར་དུ་འབྱུང་ཞིང༔ ནད་པ་ཡིན་ན་མྱུར་དུ་འཆི༔ མེ་ལྕེ་ལྷབ་ལྷབ་བྱེད་ཅིང་བྲེལ་བར་འབར་ན༔ དགྲ་མྱུར་དུ་འབྱུང་བའམ༔ ཐག་རིང་གི་བང་ཆེན་ལ་སོགས་འབྱུང་བའི་རྟགས་ཡིན༔ མར་མེའི་འོད་མི་གསལ་ནས༔ གལ་གུལ་མི་བྱེད་ན་


RTZ042_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གང་རྩོམ་མི་འགྲུབ་པའི་རྟགས་ཡིན༔ མར་ཁུ་མི་སྨེ་བར་འུད་འུད་སྐམ་ན༔ ནོར་གོད་འབྱུང་ཞིང་ཚེ་ཐུང་བའི་རྟགས་ཡིན༔ རྐྱེན་མེད་པར་སྡོང་བུ་འགྱེལ་ན་ཆག་ཆེ་བ་ཡིན༔ མར་ཁུ་བོ་ན་ལས་མི་འགྲུབ་ཁ་འགྱང་ནས་འགྲོ་བའི་རྟགས་ཡིན༔ སྡོང་རོ་ཆེན་པོ་ལུས་ན་ཕྱི་དལ་ཡིན༔ ཁ་དོག་གསལ་ཞིང་བྲེལ་ལྷེམ་ལྷེམ་བྱེད་ན་སྐྲག་སྔངས་འོང་བའི་རྟགས་ཡིན༔ རྩེ་མོ་ལྡུམ་པོ་བཅད་པ་ལྟར་འབར་ན་མ་ཉེས་པའི་ཁ་ཡོག་ཕོག་པ་ཡིན༔ རྩེ་མོ་ཁ་བྲག་གཉིས་སུ་གྱེས་ན་ཡུལ་གཞན་དུ་འགྲོ་དགོས་པའི་ལྟས་ཡིན༔ གསུམ་དང་བཞིར་གྱེས་ནས་མི་གསལ་དྲག་པོར་མཆེད་ན༔ དཔོན་སློབ༔ ཕ་སྤུན༔ བཟའ་མི་ལ་སོགས་ནང་ན་སེལ་ཞིག་ཡོང་འདོད་པ་ཡིན༔ རྩེ་མོ་ལྔ་ཡན་ཆད་ནི་བཟང་པོར་དཔྱད་དོ༔ མདོར་ན་མར་ཁུ་མི་སྨེ༔ མདོག་མེད་མེ་ལྕེ་ཆད་པ་དང༔ འཚུབ་ཧྲིལ་ཧྲིལ་བ་དང༔ མོག་མོག་པོར་སྡོང་རོ་དང་བཅས་པ་རྣམས་ངན༔ དྲི་མ་ཡང་གཤིན་གསུར༔ གཞོབ་དྲི༔ བསེ་དྲི༔ མི་གཙང་བའི་རྣམ་པ་ལྟར་བྱུང་ན་ཤིན་ཏུ་ཡང་ངན་ནོ༔ ༈ གསུམ་པ་དེ་ལས་གཞན་པ་རྣམས༔ བཟང་ངན་གང་གི་ཡང་དཔྱད་ར་མེད་དེ༔ བཏང་སྙོམས་བྱེད་དཀྱུས་སུ་འབར་བ་ཡིན་ཅིང༔ མར་མེ་ནམ་སྟོད་ལ་བཟང་ལྟས་བྱུང་ལ༔ སྨད་ལ་ངན་ལྟས་ཤ་སྟག་


RTZ042_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན༔ བཟང་བཟང་འདྲ་བའི་ངན་པ་ཡིན་པས༔ འཕྲལ་ཤིས་ཤིས་འདྲ་ཡང་ཕུགས་བཀྲ་མི་ཤིས་པ་འབྱུང༔ ནམ་སྟོད་ལ་ངན་ངན་འདྲ་ཡང༔ ནམ་སྨད་བཟང་པོ་བྱུང་ན་འཕྲལ་མི་ཤིས་ཤིས་འདྲ་ཡང༔ ཕུགས་སུ་བཀྲ་ཤིས་པ་འབྱུང༔ ནད་པ་ཡིན་ན༔ འཕྲལ་ངན་ལ་གཞུག་ཇེ་བཟང་སོང་ན་ཤིན་ཏུ་དགེ༔ དེ་ལ་སོགས་པ་ཤུགས་ཀྱིས་ཤེས་སོ༔ ༈ སྲོག་ནས་རྣམས་ཀྱི་བརྟག་པ་ནི༔ ནས་རང་པོར་འདུག་ན་ལོ་གཅིག་གི་བར་ཅི་ཡང་མི་འོང་སྟེ་བཟང༔ ཡོས་གས་པ་ལྟར་བྱུང་ན་བཏང་སྙོམས་བྱེད་པ་ཡིན༔ སོལ་རྡོག་ལྟར་ཚིག་ན་ཤིན་ཏུ་ངན་པས་རིམ་གྲོ་དྲག་ལ་མྱུར་བར་བྱ༔ ནད་པ་ཡིན་ན་མོད་ལ་འཆི༔ རྒྱབ་ཚིག་ན་ནད་འབྱུང༔ མདུན་ཚིག་ན་གདོན་འབྱུང༔ སྟོད་ཚིག་ན་དོན་མི་འགྲུབ༔ སྨད་ཚིག་ན་ཁ་སྨྲས་ཕོག༔ ཟུར་ཚིག་ན་བརྡབ་སྣོལ་མང་པོ་འབྱུང༔ ནས་ཀྱི་བརྟག་པ་ནི་ཕལ་ཆེར་རིག་པས་དཔྱད་པར་བྱའོ༔ ༈ མར་མེའི་སྐྱོན་སེལ་བ་ནི༔ རླུང་ཡོད་པའི་ཕྱོགས་སུ་རླུང་གིས་བསྐྱོད་པས་ངེས་པ་མེད༔ བད་ཆེན་པོར་འཐུམ་པས་མ་ངེས༔ མར་ཁུ་ཆུ་དང་སྙིགས་འདྲེས་ན་འཚག་ཅིང་འབར་གཞུག་མི་གསལ་བས་མ་ངེས༔ རས་ལས་བྱས་པ་ལ་མེ་ལྕེ་མི་བརྟན་པས་མ་ངེས༔ དྲི་མ་ཅན་མི་གསལ་བས་མ་ངེས༔ སྡོང་ཤིང་ལ་བད་


RTZ042_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་འབར་དཀའ་བས་མ་ངེས༔ དབྱར་དུས་འབུ་སྦྲང་འཆི་བའི་གནས་སུ་མ་ངེས༔ ཧ་ཅང་སྡོང་བུ་ཆེ་ན་མ་ངེས༔ ཧ་ཅང་ཆུང་ན་མ་ངེས༔ དེ་ལ་སོགས་པ་སྐྱོན་གྱི་རྣམ་པ་གང་དང་གང་དག་ལེགས་པར་དཔྱད་དེ༔ ལ་ཉེ་བརྟག་པར་བྱའོ༔ མར་མེ་འབར་འཕྲོ་ལ་ཤི་བའམ༔ དུད་འགྲོ་གང་གི་སྒྱེལ་རྐྱེན་མེད་པར་བྱུང་ན་བར་ཆད་དུ་ཤེས་པར་བྱའོ༔ མར་མེ་དགུ་པ་ལས་ཀྱང༔ ཕྲ་ཞིང་དཀར་ལ་ལྡེམ་པ་ནི༔ མི་ནུབ་རྒྱལ་མཚན་ཐོབ་པའི་རྟགས༔ དཀར་ཞིང་དལ་ལ་རྩེ་མོ་ཟླུམ༔ མི་འགྱུར་གཡུང་དྲུང་ཐོབ་པའི་རྟགས༔ གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནི༔ དཔལ་དང་བཀྲ་ཤིས་ཡོད་པའི་རྟགས༔ དཀར་ཞིང་དལ་ལ་ལྡེམ་པ་ནི༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས༔ མར་ཁུ་སྨེ་ཞིང་པདྨ་ཆགས༔ ཚེ་དང་བསོད་ནམས་འཕེལ་བའི་རྟགས༔ ཞེས་པ་དང༔ དུད་པ་ཆེ་ཞིང་མ་གསལ་ན༔ ཉོན་མོངས་སྡིག་སྒྲིབ་ཆེ་བའི་རྟགས༔ ཚག་ཚག་ཟེར་ཞིང་མེ་སྟག་འཕྲོ༔ ཕུགས་སུ་དགྲ་བགེགས་ཞུགས་པའི་རྟགས༔ མེ་ལྕེ་དུམ་བུར་ཆད་པ་ནི༔ རྐྱེན་རྣམས་མྱུར་དུ་འོང་བའི་རྟགས༔ མེ་ལྕེ་ལྷབ་ལྷབ་འབར་བ་ནི༔ དགྲ་རྣམས་མྱུར་དུ་འོང་བའི་རྟགས༔ འོད་མི་གསལ་ཞིང་སྡོང་རོ་ཆེ༔ ནད་པ་མྱུར་དུ་འཆི་བའི་རྟགས༔ མར་ཁུ་མི་སྨེ་


RTZ042_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

འུད་འུད་སྐམ༔ གོད་ཁ་འོང་ཞིང་གོད་སྟོང་ཆགས༔ ཞེས་འབྱུང་བས༔ དེ་ལྟར་བཟང་ངན་ལ་ཉེ་བརྟག་པར་བྱ་ཞིང༔ ནངས་པར་ལྷ་ལ་གཏང་རག་གཏང༔ བཀྲ་ཤིས་བརྗོད༔ གལ་ཆེ་ན་ལན་གསུམ་བསྐྱར་བར་བྱའོ༔ ས་མ་ཡཱ༔ སྣང་གསལ་མར་མེའི་བརྟག་པ་འོད་འབར་ཞེས་བྱ་བ༔ ཕྱི་རབས་ཀྱི་དོན་དུ་པདྨས་མཛད་ཅིང་གཏེར་དུ་སྦས་སོ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།


previousབླ་མ་དགོངས་པ་འདུས་པ་ལས་སྣང་གསལ་མར་མེའི་བརྟག་པ་འོད་འབར། སངས་རྒྱས་གླིང་པ།next