Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་བསྩལ་པ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་བསྩལ་པ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན།next

རྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་བསྩལ་པ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན།


RTZ044_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་བསྩལ་པ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན་བཞུགས་སོ། །


RTZ044_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆིམས་ཕུའི་མེ་ཏོག་ཕུག་ཉང་ཕུག་འོག་མར་ལོ་གསུམ་གྱི་དུས་རེ་ཞིག་ན། ལུས་ཀྱི་འདུ་བ་ཤིན་ཏུ་འཁྲུགས་ཏེ་ཚ་གྲང་ཁོད་མི་སྙོམ་པའི་ཟུག་རྔུས་མནར་བའི་ཚེ་ན་ཚ་རྐྱེན་ཐོག་རོ་སྙོམས། དམ་ཚིག་ཅན་འདྲས་ཚོགས་སྐོང་བགྱིས་པའི་ཚེ། མདུན་གྱི་ནམ་མཁར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་སྨད་བལྟར་མི་མངོན་པ་ལ། སྐུ་སྟོད་ཧེ་རུ་ཀ་པ་གཟི་བརྗིད་ཅན། དབུ་སྐྲའི་ཐོར་ཚུགས་སྦ་ལྷས་ཀྱིས་བསྡམས་པ་ཞིག་མཇལ་བ་ལ་མོས་གུས་ཆེན་པོ་སྐྱེས་པའི་མོད་ལས་འདི་སྐད་གསུངས་པའི་སྣང་བ་ཤར་རོ། །ཐང་སྟོང་རྒྱལ་པོ་ལྟ་བ་ངོས་གཟུང་དང་བྲལ་བའི་རྒྱུད་ཅེས་བྱ་བ། །ཐང༵་ནི་སྣ་ཚོགས་ཀུན་གཞིའི་ཐང་། །སྟོང་༵ནི་རྒྱུ་འབྲས་ངོ་བོས་སྟོང་། །རྒྱ༵ལ་ནི་འཁོར་བའི་གཡུལ་ལས་རྒྱལ། །རྒྱལ་ཁབ་སྤངས་པའི་རྒྱལ་པོ༵་ངས། །ཅི་ཡང་མ་ཡིན་གཞི་ཐོག་ནས། །སེམས་ཅན་འཁོར་བར་འཁྱམས་པ་མཐོང་། །ཐང་སྟོང་རྒྱལ་པོ་རང་ངོར་གྲོལ། །གྲོལ་ཞེས་བྱ་བའང་བློས་བཏགས་ཙམ། །རྒྱུ་འབྲས་འདི་ལ་ཡིད་མ་ཆེས། །རྒྱུ་འབྲས་འདི་ལ་ཡིད་ཆེས་ན། །གཏད་མེད་ནམ་མཁའ་སྟོང་པ་ནས། །བདེན་མེད་འཇའ་ཚོན་གང་ནས་བྱུང་། །འཁོར་འདས་འདི་ལ་ཡིད་མ་ཆེས། །འཁོར་འདས་


RTZ044_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡིད་ཆེས་ན། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ག་ལ་ཞིག །ལྟ་བ་འདི་ལ་ཡིད་མ་ཆེས། །ལྟ་བ་འདི་ལ་ཡིད་ཆེས་ན། །ལྟ་བ་ཐམས་ཅད་བཅོས་མ་སྟེ། །མ་བཅོས་ངོ་བོ་ཇི་ལྟར་མཐོང་། །སྒོམ་པ་འདི་ལ་ཡིད་མ་ཆེས། །སྒོམ་པ་འདི་ལ་ཡིད་ཆེས་ན། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །འཇུར་བུས་བཅིངས་པ་ཐང་རེ་ཆད། །སྤྱོད་པ་འདི་ལ་ཡིད་མ་ཆེས། །སྤྱོད་པ་འདི་ལ་ཡིད་ཆེས་ན། །ཐང་སྟོང་རྒྱལ་པོའི་སྨྱོ་སྤྱོད་ཀྱིས། །གྲུབ་པ་ཐོབ་པ་ག་ལ་སྲིད། །རྒྱུ་འབྲས་ཉན་ཐོས་བྱིས་པའི་ཆོས། །འཁོར་འདས་ལག་པའི་ཕྱི་ནང་འདྲ། །ལྟ་སྒོམ་སྤྱོད་འབྲས་བློས་བཏགས་ཙམ། །ཡིད་ཆེས་ཡོད་ན་གཏད་སོ་ཡིན། །ཡིད་མ་ཆེས་ན་དངོས་གྲུབ་བསྐལ། །དེ་ཕྱིར་ཆོས་ཀུན་རང་ངོ་ནས། །དེར་འཛིན་བྲལ་བའི་གཤིས་ལུགས་ལ། །ལྷུག་པར་ཞོག་དང་སྙིང་གི་བུ། །ཞེས་གསུངས་པའི་མོད་ལ་གདམས་ངག་འདི་བཀའ་རྒྱས་བཏབ་ནས་གནང་བྱུང་ངོ་། ༈ །ཆུ་བོ་འཁོར་བའི་རྒྱ་མཚོ་ཡིན། །གྲུ་གཟིངས་ཐར་པའི་ལམ་ཆེན་ཡིན། །སེམས་ཅན་སྲོག་ལ་སྐྱོབ་པའི་ཕྱིར། །བརྟན་བྱེད་ལྷུན་པོའི་འཁོར་ལོ་དང་། །འཇིགས་སྐྱོབ་ཐུགས་རྗེའི་འཁོར་ལོ་ཡིས། །འགྲོ་བའི་སྡུག་བསྔལ་


RTZ044_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ཅིག་བུ། །དེ་ལ་ལྷུན་པོའི་འཁོར་ལོ་ནི། །ཙཀྲ་མུ་ཁྱུད་བཞི་བསྐོར་བའི། །ལྟེ་བར་རི་རབ་བང་རིམ་བཞིར། །འོག་ནས་རིམ་བཞིན་འབྱུང་བཞིའི་སྔགས། །དེའི་ཕྱི་བསྟན་མའི་སྙིང་པོ་ནི། །ཙི་རི་ཙི་རི་ལ་སོགས་མཐར། །ས་འཛིན་ལག་པ་ཆེན་པོའི་སྔགས། །ལཾ་ལཾ་ཧསྟ་མ་ཧཱ་རཏྣ་སྥོ་ཊ་བཾ་སྭཱ་ཧཱ། ཞེས་དང་དེའི་ཕྱི་མུ་ཁྱུད་ལ། །སངས་རྒྱས་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཆོས་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དགེ་འདུན་གྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ལྷ་དང་དྲང་སྲོང་གི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །ཐང་སྟོང་རྒྱལ་པོའི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །སྟོང་ཉིད་ཀྱི་བདེན་པས་གྲུ་གཟིངས་བརྟན་པར་གྱུར་ཅིག །དེའི་ཕྱིར་ཡེ་དྷར་ཅི་མང་བཀོད། །གཙུག་ལག་གསུམ་གྱི་ཐེམ་ཤིང་དང་། །བཀྲ་ཤིས་རི་ཆེན་དགུའི་རྨིང་ས། །གསེར་གཡུ་ཕ་ཝང་ལོང་བུ་རྣམས། །ཞྭ་ཉེའི་སྤར་བུའི་ནང་དུ་བཅུག །བདེན་ཚིག་གྲུབ་པས་རབ་ཏུ་གནས། །རྟ་མགོའི་ཚུགས་ཤིང་འོག་ཏུ་བཏགས། །བརླན་དང་མ་བྲལ་དམ་ཚིག་ཡིན། །ཨེ་ཝཾ་འཇིགས་སྐྱོབ་ཐུགས་རྗེའི་འཁོར་ལོ་ནི། །ཐང་སྟོང་རྒྱལ་པོ་ང་ཡི་


RTZ044_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །གཡོན་པ་བདེ་སྦྱིན་བྷནྡྷ་་་མཆོག་སྦྱིན་དང་གཅིག།དང་། །གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། །རླུང་ལྷའི་སྟེང་ན་བརྗིད་པ་ཡི། །ཐུགས་ཀར་འཁོར་ལོ་མུ་ཁྱུད་བཞིའི། །དབུས་ན་གསེར་གྱི་རྣམ་བཅུ་དབང་། །དེ་ཡི་མུ་ཁྱུད་ཕྱི་མ་ལ། །མཚལ་དང་ཅུ་གང་བསྲེས་པ་ཡིས། །ཀླུ་དབང་རྒྱལ་པོའི་སྔགས་ཤམ་དུ། །ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་དང་རིགས་གསུམ་མགོན་པོའི་གཟུངས། །དེ་ཡི་མུ་ཁྱུད་ཐ་མ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཨཱརྻ་ཏཱ་རེ་དུཿཁ་ཤཱནྟིཾ་ཀུ་རུ་ཧོཿ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཆིངས་ནན། ཞེས་དང་ཕྱི་ལ་དབྱངས་གསལ་བཀོད། །དྲི་བཟང་བདུད་རྩིའི་སྨན་གྱིས་བྱུགས། །རབ་གནས་བདེ་གཤེགས་རིང་བསྲེལ་དང་། ཁྲིམས་ལྡན་དགེ་སློང་གཙུག་གི་སྐྲ །གྲུབ་ཐོབ་དབུ་ལོ་ཕྱག་སེན་བཅས། །སེལ་མེད་གཙོར་བཏོན་རིན་ཆེན་གྱི། །ཟ་མ་ཏོག་གི་ནང་དུ་བཅུག །གྲུ་ཤན་རྟ་མགོའི་གཙུག་ཏུ་བསྐྱོན། །མི་ལག་མི་རེག་འགོམ་ཡུགས་སྤང་། །གྲུ་གཟིངས་མགོ་མཇུག་ལྡོག་མི་སྲིད། །ཤིན་ཏུ་


RTZ044_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཞིང་གདམས་ངག་ཏུ། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པས། །འབུ་སྲིན་སྦྲང་མ་ཡན་ཆད་ཀྱི། །ཆུ་ནང་བྱིངས་པའི་སྲོག་ཆགས་སྟོང་། །ལོ་ལོ་བཞིན་དུ་ཚེ་ཐར་དང་། ཁ་འབར་གཏོར་གླུད་བརྒྱ་རྩ་བརྒྱད། །ཆུ་ལ་གཤེགས་ཤིང་ཐེ་ཚོམ་སྤོངས། །ཆོས་ཉིད་བདེན་པ་མཐུ་ཆེ་བའི། །རྟེན་འབྲེལ་ནུས་པ་མངོན་ཕྱུང་ནས། །མ་སྦས་མ་གབ་བུ་ལ་གདམས། །གཞན་དོན་སྒྲུབ་པར་སྙིང་སྟོབས་སྐྱེད། །ཅེས་གསུངས་ནས་རང་སྣང་འོད་གསལ་ཆེན་པོའི་ཀློང་དུ་ཐིམ་པར་གྱུར་ཏོ།། །།


previousརྗེ་གྲུབ་ཐོབ་ཆེན་པོས་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་དག་སྣང་དུ་བསྩལ་པ་ཐུགས་རྗེ་བྱམས་པའི་མན་ངག་འགྲོ་བའི་སྲོག་འཛིན།next