Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིག་གླིང་གི་གཏེར་བྱོན་དམག་ཟློག་ཉེར་ལྔ་ལས་རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཉམས་སུ་བླང་བའི་ལག་ལེན་བཀླག་ཆོག་མཐོང་བས་དོན་རྟོགས།
   
   
   
   
   
   
   
   


 
previousཞིག་གླིང་གི་གཏེར་བྱོན་དམག་ཟློག་ཉེར་ལྔ་ལས་རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཉམས་སུ་བླང་བའི་ལག་ལེན་བཀླག་ཆོག་མཐོང་བས་དོན་རྟོགས།next

ཞིག་གླིང་གི་གཏེར་བྱོན་དམག་ཟློག་ཉེར་ལྔ་ལས་རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཉམས་སུ་བླང་བའི་ལག་ལེན་བཀླག་ཆོག་མཐོང་བས་དོན་རྟོགས།


RTZ044_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གླིང་གི་གཏེར་བྱོན་དམག་ཟློག་ཉེར་ལྔ་ལས་རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཉམས་སུ་བླང་བའི་ལག་ལེན་བཀླག་ཆོག་མཐོང་བས་དོན་རྟོགས་བཞུགས་སོ། །


RTZ044_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུྴྨ་བྷ་ག་བཱན་ནུ་བྷ་བ་བ་ལ་དུཥྚཔ་ཏི་ན་མཿཤ་ར་ཎ་གཙྪ་མི། ཀུན་བཟང་སྟོན་པ་འོད་དཔག་མེད་མགོན་གྱི། །སྒྱུ་འཕྲུལ་རྡོ་རྗེའི་གར་མཁན་ཐོད་ཕྲེང་རྩལ། །གང་དང་དབྱེར་མེད་འ༵གྱུར་མེ༵ད་རྡོ༵་རྗེ༵འི་སྡེ། །དྲིན་ཆེན་བླ་མ་མཆོག་དེས་ཤིས་པ་སྩོལ། །པདྨའི་རྒྱལ་ཚབ་འཁྲུལ་མེད་ཟབ་གཏེར་བདག །གར་གྱི་དབང་ཕྱུག་རིག་འཛིན་ཞིག་པོ་གླིང་། །བློ་གྲོས་རྒྱལ་མཚན་གཞན་ཕན་རྡོ་རྗེ་སོགས། །རིམ་བྱོན་བརྒྱུད་པའི་བླ་མ་ཕྱག་གི་ཡུལ། །རྡོ་རྗེ་ཁྲོ་བོ་སྟོབས་ཆེན་རྒྱལ་ཆེན་བཞི། །དཔལ་མགོན་བདུན་ཅུ་རྩ་ལྔ་མཆོད་བསྙེན་ནས། །སྲུང་ཟློག་གསད་གསུམ་ལ་བརྟེན་མཐའ་དམག་དཔུང་། །མཐར་བྱེད་ལག་ལེན་སྙིང་པོ་འདིར་བྲི་བྱ། །དེ་ཡང་འདིར་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་བ་ནོད་ཅིང་འདི་ཉིད་ཀྱི་སྲོག་དབང་ལེགས་པར་ཐོབ་ནས་ཁས་བླངས་པའི་དམ་ཚིག་ལ་གནས་པ་བསྙེན་སྒྲུབ་མཐར་སོན་པ། ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་སུ་རྟོགས་པའི་ལྟ་བ་དང་། སྒོམ་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་སྒྱུ་མ་ལྟ་བུར་མངོན་དུ་གྱུར་པས་སྤྱོད་ལམ་ཀུན་ཏུ་རྒྱས་ཐེབས་པའམ། མིན་ན་ཡང་ལྟ་བའི་དོན་སྤྱི་ལ་གོ་བ་ཆགས་པ་ཙམ་གྱིས། འདིའི་ལག་ལེན་མན་ངག་ལ་གོམས་འདྲིས་དང་ལྡན་པར་བྱ་སྟེ།


RTZ044_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

༡༽༢༽༣༽དེ་ལ་རྩ་བ་གསུམ་ལ་གསོལ་བ་བཏབ་སྟེ་ཟློག་པ། ༤༽ཡུངས་དཀར་གྱིས་ཟློག་པ། ༥༽ངན་སྔགས་ཀྱིས་ཟློག་པ། ༦༽བཅས་ཀྱིས་ཟློག་པ། ༧༽གཤིན་རྗེ་དང་ཕུར་པའི་སྒྲུབ་པ་ལ་བརྟེན་ནས་ཟློག་པ། ༨༽ཆུ་ལ་རྫས་ཀྱིས་ངར་བླུད་ནས་ཟློག་པ། ༩༽རྫས་ཀྱིས་ཟློག་པ། ༡༠༽ཟང་ཟིང་ཡས་དང་། ༡༡༽མདོས། ༡༢༽སྦྱིན་སྲེག ༡༣༽།གཏོར་ཟློག་རྣམས་ཀྱིས་ཟློག་པ། ༡༤༽འབྱུང་བ་ཁ་བསྒྱུར་གྱིས་ཟློག་པ། ༡༥༽སྔགས་པ་དམ་ཚིག་ཉམས་པ་གསུམ་གྱིས་ཟློག་པ། ༡༦༽མ་ཉམས་པ་གསུམ་གྱིས་ཟློག་པ། ༡༧༽བཙུན་པ་འདུལ་ཁྲིམས་ཉམས་པ་གསུམ་གྱིས་ཟློག་པ། ༡༨༽མ་ཉམས་པ་གསུམ་གྱིས་ཟློག་པ། ༡༩༽ལུས་སྒྲིབ་ཤིང་གིས་ཟློག་པ། ༢༠༽ཡུལ་འཁོར་སྲུང་གི་མན་ངག ༢༡༽།རྟ་མགྲིན་གྱི་སྒྲུབ་པ་བྱས་ལ་ཡུལ་འཁོར་སྲུང་བ། ༢༢༽ལྷ་འདྲེ་དབང་དུ་བསྡུས་ལ་དམག་དཔུང་ཇག་ཆིངས་བྱ་སྟེ་ལམ་གཅད་པ། ༢༣༽དམག་དཔོན་ཡི་ག་གཅུ་བ། ༢༤༽གསུང་རབ་སྒྲོག་སྟེ་ཟློག་པ། ༢༥༽རི་རྒྱ་ཀླུང་རྒྱ་བྱ་ཞིང་ཆོས་སྤྱོད་ལ་འབད་དེ་ཟློག་པ་དང་ཉི་ཤུ་རྩ་ལྔ་ཡོད་པ་ལས། འདིར་བསྙེན་སྒྲུབ་སྔོན་དུ་འགྲོ་བས། ཡུལ་འཁོར་རྒྱལ་ཆེན་བཞི་ལ་གཏོད་པ་དང་གཏོར་ཟློག །མདོས། སྦྱིན་སྲེག་གི་སྒོ་ནས་ཟློག་པ་རྣམས་ཉམས་སུ་ལེན་པ་ལ། གོང་དུ་བཤད་པའི་སྒྲུབ་པ་པོས་འདི་སྒྲུབ་པའི་བསམ་པ་ནི། དགྲ་བགེགས་སོགས་དམིགས་ཡུལ་རྣམས་ཡང་དག་པའི་ལམ་


RTZ044_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྲི་བར་བྱའོ་སྙམ་པའི་གཞི་དུས་ཀྱི་བསམ་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལས་དེ་དུས་ཀྱི་ཀུན་སློང་ཞེ་སྡང་གི་དཔའ་གདིང་དང་ལྡན་པས་བསྒྲུབ་པར་བྱ་བ་ལ་བཤམ་བཀོད་དང་། ཆོ་གའི་ཆིངས་གཉིས་ལས། དང་པོ་གཤོམ་ནི། སྒྲུབ་ཁང་གི་ཕྱོགས་གང་བདེར་སྟེགས་བུ་བཀོད་ལེགས་པ་རིམ་པ་གསུམ་ལྡན་གྱི་དང་པོར། ཡི་དམ་ལྷའི་འདས་གཏོར། ཆོས་སྲུང་དང་། གཏེར་སྲུང་སྤྱི། གཞི་བདག་རྣམས་ཀྱི་མཆོད་གཏོར་དང་། རིམ་པ་གཉིས་པའི་དབུས་སུ་དཔལ་གཏོར་དམར་པོ་པད་འདབ་བཞི་པ། དེའི་གཡས་གཡོན་དུ་སྣོད་བཞིར་རྒྱལ་པོ་སྡེ་བཞིར་རི་རབ་བང་རིམ་བཞི་རེའི་སྟེང་ཡུལ་འཁོར་སྲུང་ལ་དཀར་ཟླུམ་ལྷ་བཤོས་ཀྱི་དབྱིབས་ཨུཏྤལ་གྱིས་མཚན་པ། འཕགས་སྐྱེས་པོར་གྲུ་བཞི་སྔོན་པོ་མཁར་ཐབས་རལ་གྲིས་མཚན་པ། སྤྱན་མི་བཟང་ལ་དམར་ཟླུམ་པད་འདབ་བཞི་པ་སྦྲུལ་རིགས་ལྔས་དཀྲིས་པ། རྣམ་ཐོས་སྲས་ལ་སེར་པོ་ཁང་པ་སུམ་བརྩེགས་ཅན་བྱ། དེའི་གཡས་མཐར་སྣོད་དུ་གྲུ་གསུམ་དམར་པོ། དེའི་ཕྱོགས་བཞིར་རྒྱལ་ཆེན་བཞི་ལ། ཤར་དུ་དཀར་ཟླུམ། ལྷོར་གྲུ་གསུམ་ནག །ནུབ་ཏུ་ཟླ་གམ་དམར། བྱང་དུ་གྲུ་བཞི་སེར། དེ་དག་གི་བར་མཚམས་སུ་ཕྱོགས་སྐྱོང་བཅུ་གཅིག་ལ་ཤར་སྟོད་དུ་གཏོར་ཟླུམ་སེར་པོ་དང་ཤར་སྨད་དུ་གཏོར་ཟླུམ་དཀར་པོ།


RTZ044_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོར་གཏོར་ཟླུམ་དམར་པོ། ལྷོ་དང་ལྷོ་ནུབ་ཏུ་གྲུ་གསུམ་ནག་པོ་རེ། ནུབ་ཀྱི་གཡས་གཡོན་དུ་དཀར་ཟླུམ་རེ། ནུབ་བྱང་དང་བྱང་དང་བྱང་ཤར་གསུམ་དུ་གཏོར་ཟླུམ་ནག་པོ་རེ། དེའི་ཕྱི་རོལ་མདུན་ཕྱོགས་སུ་ལྷ་བརྒྱད་ལ་དཀར་ཟླུམ་བརྒྱད། གཡས་སུ་ཀླུ་བརྒྱད་ལ་ཀླུ་བཤོས་རྒྱབ་ཡོལ་མ་ཀླུ་སྨན་གྱིས་བྲན་པ་བརྒྱད། རྒྱབ་ཏུ་གཟའ་བརྒྱད་ལ་ཉི་མིག་སྤེན་པ་སྒྲ་གཅན་བཞི་ལ་གྲུ་གསུམ་དམར་པོ་རེ་དང་། ཟླ་ལྷག་ཕུར་སངས་བཞི་ལ་དཀར་ཟླུམ་རེ་སྟེ་བརྒྱད། གཡོན་དུ་གནོད་སྦྱིན་བརྒྱད་ལ་དཀར་ཟླུམ་ལྟོ་ལྡིར་བ་བརྒྱད། དེའི་ཕྱིར་རྒྱུ་སྐར་ཉེར་བརྒྱད་ལ་དཀར་ཟླུམ་བཅུ་བཞི་དང་དམར་ཟླུམ་བཅུ་བཞི་སྟེ་ཉེར་བརྒྱད། དེའི་མཐར་གནོད་སྦྱིན་ལྔ་ལ་དཀར་ཟླུམ་ལྟོ་ལྡིར་ལྔ། དེ་དག་གི་ཕྱིར་མཐེབ་ཀྱུས་བསྐོར་བའོ། །གཡོན་མཐར་སྣོད་དུ་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གཏོར་མ་དབུས་སུ་ཐང་ལྷ་ལ་གཉན་གཏོར་གྲུ་བཞི་དཀར་པོ། མདུན་དུ་དམུ་བཤོས་དམར་པོ་ལུག་ནག་སྙིང་དང་འབྲས་ལུག་གིས་བརྒྱན་པ། གཡས་སུ་དཀར་གསུམ་མངར་གསུམ་ཀླུ་སྨན་རྣམས་ཀྱིས་བྲན་པའི་ཀླུ་བཤོས་དཀར་པོ་རྒྱབ་ཡོལ་མ། རྒྱབ་ཏུ་བདུད་བཤོས་ནག་པོ་རྩེ་གུག་ནམ་མཁའ་དཀར་པོ་ཕུག་རོན་སྒྲོ་སྤུས་བརྒྱན་ཅིང་རྒྱང་བུ་ཡུངས་དཀར་བཙུགས་པ། གཡོན་དུ་


RTZ044_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་རྒྱས་མར་གྱིས་བྱུགས་པ། ཟུར་བཞིར་འཕྲང་སྲུང་བཞི་ལ་བཤོས་བུ་གྲུ་གསུམ་དམར་པོ་བཞི་རྣམས་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་པ་དཀར་མོ་ལག་གཡས་དང་བཅས་པ། གཏོར་གདུགས་གཙོ་བོ་དང་དཔལ་མགོན་བདུན་ཅུ་མཐིང་ག །རྒྱལ་ཆེན་བཞིར་རང་མདོག །སྒོ་འཕྲང་སྲུང་མར་མདའ་དར་མེ་ལོང་དང་བཅས་པ། རིམ་པ་གསུམ་པར་སྐོང་གཏོར་དང་། གཡས་གཡོན་དུ་སྨན་རཀ །མདུན་དུ་ཐུན་མཐར་འབུལ་བའི་གཏོར་མ་དང་ཆད་ཐོ་བརྟན་མ། ཕྱི་ནང་གི་མཆོད་པ་དང་བཅས་པ་བཤམ་མོ། ༈ །དེའི་མདུན་གྱི་ཕྱོགས་གང་བདེར་ཐིག་ཚོན་གྱི་ཆོ་ག་སྤྱི་ལྟར་བྱས་ཏེ་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པ་བྲིས་པའི་དབུས་སུ་མཉྫི་ལ་ལྕགས་སྣོད་དུ་འབྲུ་སྣའི་ངར་ཕྱེ་བདུད་རྩི་ལྔ་ཆང་གིས་བྲན་པ་དང་ཁྲག་གིས་སྦགས་པའི་ཟན་ལས། རི་རབ་བང་རིམ་བཞི་གླིང་བཞི་གླིང་ཕྲན་དང་བཅས་པའི་སྟེང་དུ་གཙོ་བོར་གྲུ་གསུམ་གཅིག་ལ་ཕྱོགས་བཞིར་གྲུ་གསུམ་བཞིས་བསྐོར་བ་རྡོ་རྗེ་རྩེ་ལྔའི་རྭ་གདེངས་པ་ལྟ་བུ་བྱ། བང་རིམ་བཞི་ལ་གྲུ་གསུམ་ཆུང་བ་བརྒྱད་བརྒྱད་དེ་བརྒྱད་ཚན་བཞི་དང་གླིང་བཞི་གླིང་ཕྲན་བཅུ་གཉིས་ལ་རེ་རེ་བཀོད་པ་ལོགས་རྣམས་སུ་མཚེ་ཡུངས་རྩང་ཤ་དུམ་བཀལ་བ། མཐའ་སྐོར་དུ་རྩང་སྲིན་མོ་འགྲོས་སུ་བཙུགས་པ་ལ་རྒྱུ་མའི་ལྡ་ལྡི་བཀལ་བ་གཏོར་གདུགས་ནག་པོ་རྩེ་


RTZ044_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མེ་ལོང་དང་བཅས་པས་བརྒྱན་པ་རྔམ་བརྗིད་དང་ལྡན་པ་བཤམས། མཉྫིའི་འོག་ཏུ་འབྲུབ་ཁུང་དུག་ཁྲག་གིས་བྱུགས་པའི་ནང་དུ་མི་རྟའི་ལིངྒ་མན་ངག་ལྟར་བྲིས་ལ་མིང་རུས་བཀོད། དགུག་གཞུག་ལྷ་དབྱེ་རྣམས་བྱས་ལ་ཚོན་སྐུད་ཀྱིས་བཅིངས་ཏེ་བག་ཟན་གྱི་ལིངྒའི་ནང་དུ་བཅུག་པ་རེ་ནག་དུག་ཁྲག་གིས་བྱུགས་པས་ཁ་བཅད། ཐུན་ཐག་སྙིང་ག་ནས་དྲངས་ཏེ་སྟེང་གི་གཏོར་མར་གཏོད། ཕྱོགས་མཚམས་བརྒྱད་དུ་དར་གྱི་རྒྱལ་མཚན་བརྒྱད་གཟུག །ཕྱོགས་བཞིར་རྒྱལ་ཆེན་བཞིའི་གཏོར་མར་སོ་སོའི་སྐུ་ཙཀ་རང་མདོག་དང་མཐུན་པའི་གཏོར་གདུགས་བཙུགས་པ་བཀོད། སྟེང་ནས་བླ་རེ་ལྗང་གུ་ཕུབ། མཐའ་སྐོར་དུ་མཆོད་པ་རྣམས་ཀྱང་བཤམས་ཏེ་གཏོར་ཟློག་གི་བཤམས་སོ། ༈ །དེ་དག་གི་གཡོན་ལྟ་བུར་མདོས་གདན་ཕྱིང་དཀར་བཏིང་བའི་ཁར་འབྲུ་སྣ་གཅལ་དུ་བཀྲམ། དེའི་སྟེང་ཨན་སྟར་སྨན་སྤོས་བྱུགས་པ་ལ་འབྲུ་སྣའི་ཟན་དང་ས་འཇིམ་རྣམས་ལ་རིན་པོ་ཆེ་སྣ་ཚོགས་བརྡར་ཕྱེ་བསྲེ། བྱིན་རླབས་སྤྱི་ལྟར་བྱས་པ་ལ་གདན་རིམ་པ་ཉིས་བརྩེགས་ཀྱི་སྟེང་མའི་སྟེང་རི་རབ་བང་རིམ་བཞི་པ་ཁ་བད་ཅན་བུམ་པ་ཟླུམ་པོ་བྲེ་དང་བཅས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། བྲེ་དཀར། བུམ་པ་སེར་པོ། དེའི་མཐའ་སྐོར་དུ་གླིང་བཞི་


RTZ044_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཕྲན་ལྕགས་རི་དང་བཅས་པ་བྱ། བུམ་པའི་རྩེར་ཚངས་པའི་སྐུ་དང་ནམ་མཁའ་དམར་སེར། མདའ་སེར་ལྟོང་སྔོན། རྒྱང་བུ་སྣ་ལྔ་དང་གདུགས་ཁང་བཟང་རྩེ་རྒྱན་དང་བཅས་པས་མཛེས་པར་བྱས་པ་བཙུག །བང་རིམ་དང་པོའི་ཤར་དུ། ནམ་རྒྱང་དང་མདའ་འཕང་དཀར་པོ་སྟེ། མདའ་དང་རྒྱང་བུ་ཐམས་ཅད་ནམ་མཁའ་ལ་འགྲེ་ཤེས་པར་བྱ། ཤར་ལྷོ་དམར་སྐྱ། ལྷོར་སྨུག་ནག །ལྷོ་ནུབ་ཏུ་སྔོ་སྐྱ། ནུབ་ཏུ་དཀར་པོ། ནུབ་བྱང་དུ་དུད་ཁ། བྱང་དུ་སེར་པོ། བྱང་ཤར་དུ་དཀར་སྐྱ་ཐལ་མདོག །དེའི་ཤར་སྟོད་དུ་སྟེང་གི་ཉི་མ་སེར་ནག །ཤར་སྨད་དུ་ཟླ་བ་ལ་དཀར་པོ། ནུབ་སྨད་དུ་ས་བདག་ལ་སེར་པོ་རྣམས། རིམ་པ་དེ་བཞིན་དུ་ཕྱོགས་སྐྱོང་གི་སྐུ་ཡང་བྲིས་པའི་ཙཀ་ལི་བྱས་ལ་བཀོད་དེ། བུམ་པ་ལ་ཚངས་པ་དམར་སེར་གདོང་བཞི་པ་འཁོར་ལོ་འཛིན་པ་ངང་པ་ལ་ཞོན་པ་ཁྲོས་པའི་བཞིན་ཅན། ཤར་ནས་རིམ་བཞིན་བརྒྱ་བྱིན་དཀར་པོ་རྡོ་རྗེ་འཛིན་པ་གླང་པོ་ཆེ་ལ་ཞོན་པ། མེ་ལྷ་དམར་སྐྱ་དྲང་སྲོང་གི་ཆ་བྱད་ཅན་མེ་ཧོམ་འཛིན་པ་ར་སྐྱེས་ལ་ཞོན་པ། གཤིན་རྗེ་སྨུག་ནག་བེ་ཅོན་འཛིན་པ་མ་ཧེ་ལ་ཞོན་པ། སྲིན་པོ་སྔོ་སྐྱ་རོ་ལངས་ཞོན་པ་རལ་གྲི་ཅན། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་ཅན། རླུང་ལྷ་དུད་ཁ་ཤ་བ་ལ་ཞོན་པ་བ་དན་


RTZ044_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་དབྱུག་ཐོ་ཅན། དབང་ལྡན་ཐལ་སྐྱ་གླང་པོའི་གདོང་ཅན་གླང་ཆེན་ལ་ཞོན་པ་རྩེ་གསུམ་ཅན། ཉི་མ་སེར་ནག་ཤིང་རྟ་ལ་གནས་པ་ཉི་མ་འཛིན་པ། ཟླ་བ་དཀར་པོ་ཤིང་རྟ་ལ་གནས་པ་ཟླ་བ་འཛིན་པ། ས་ལྷ་སེར་པོ་བུམ་པ་ཐོགས་པ་ཕག་ལ་ཞོན་པ་སྟེ་ཐམས་ཅད་ཁྲོ་གཏུམ་ཅན་ནོ། ༈ །བང་རིམ་གཉིས་པའི་ཤར་དབུས་སུ་དཀར་པོ། ལྷོ་དབུས་སུ་སྔོན་པོ། ནུབ་དབུས་སུ་དམར་པོ། བྱང་དབུས་སུ་ལྗང་གུ་སྟེ་རྒྱལ་ཆེན་བཞི་འོ། །སྐུ་ཡང་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། འཕགས་སྐྱེས་པོ་སྔོན་པོ་རལ་གྲི །སྤྱན་མི་བཟང་དམར་པོ་སྦྲུལ་ཞགས། རྣམ་སྲས་ལྗང་གུ་བེ་ཅོན་དང་ནེའུ་ལེ་འཛིན་པའོ། །ལྷ་ཆེན་བརྒྱད་ལ་ཤར་སྟོད་དུ་དམར་པོ། ཤར་སྨད་དུ་མཐིང་ག །ལྷོ་སྟོད་དུ་ལྗང་གུ །ལྷོ་སྨད་དུ་དམར་པོ། ནུབ་སྟོད་དུ་དཀར་པོ། ནུབ་སྨད་དུ་དམར་པོ། བྱང་སྟོད་དུ་སྨུག་ནག །བྱང་སྨད་དུ་སེར་ནག་གོ །སྐུ་ཡང་། དབང་ཕྱུག་དམར་པོ་རྩེ་གསུམ་དང་དུག་སྡོང་འཛིན་པ་སེང་གེ་ལ་ཞོན་པ། ཁྱབ་འཇུག་སྔོན་པོ་འཁོར་ལོ་འཛིན་པ་གསེར་སྦྲུལ་ལ་ཞོན་པ། བྷྲིཾ་གི་རི་ཏི་ལྗང་གུ་པི་ཝཾ་འཛིན་པ་རྟ་ལ་ཞོན་པ། དགའ་བྱེད་དབང་ཕྱུག་དམར་པོ་མདའ་གཞུ་ཅན་གླང་པོ་ལ་ཞོན་པ།


RTZ044_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་ཀརྟི་ཀ་དཀར་པོ་བུམ་པ་འཛིན་པ་ཁྱིམ་བྱ་དཀར་པོ་ལ་ཞོན་པ། ཚོགས་བདག་དམར་པོ་དབྱུག་ཐོ་འཛིན་པ་བྱི་བ་སྔོན་པོ་ལ་ཞོན་པ། ལེགས་ལྡན་སྨུག་ནག་བེང་འཛིན་པ་རོ་ལངས་ལ་ཞོན་པ། སྟོབས་བཟང་སེར་ནག་རིན་པོ་ཆེ་འཛིན་པ་གླང་ཆེན་ལ་ཞོན་པའོ། ༈ །བང་རིམ་གསུམ་པར་ཀླུ་ཆེན་བརྒྱད་ལ། ཤར་དུ་སེར། ཤར་ལྷོར་དམར། ལྷོར་སྔོ། ལྷོ་ནུབ་ཏུ་དམར། ནུབ་ཏུ་སེར། ནུབ་བྱང་དུ་ལྗང་། བྱང་དང་བྱང་ཤར་དུ་དཀར་པོ་རེའོ། །སྐུ་ནི། མཐའ་ཡས་སེར་པོ་ནོར་བུ་འཛིན་པ། འཇོག་པོ་དམར་པོ་ཨུཏྤལ་དམར་པོ། སྟོབས་རྒྱུ་སྔོན་པོ་སྤྲིན་ནག །རིགས་ལྡན་དམར་པོ་རིན་པོ་ཆེའི་སྡོང་པོ། ནོར་རྒྱས་ཀྱི་བུ་སེར་པོ་རིན་པོ་ཆེའི་ཕྲེང་བ། དུང་སྐྱོང་ལྗང་གུ་དུང་དཀར། པདྨ་དཀར་པོ་པད་དཀར། པདྨ་ཆེན་པོ་སྦྲུལ་དཀར་འཛིན་པ། ཀུན་ཀྱང་སྟོད་མི་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀའི་སྦྲུལ་རྣམས་ཁ་གདངས་ཤིང་ལྕེ་བརྐྱང་བ་སྨད་སྦྲུལ་དུ་འཁྱིལ་བའོ། ༈ །བང་རིམ་བཞི་པར་གཟའ་ཆེན་བརྒྱད་ལ། ཤར་དཀར། ལྷོ་སྔོ། ནུབ་དཀར། བྱང་སེར། ཤར་ལྷོ་དམར། ལྷོ་ནུབ་ཏུ་དུད་ཁ། ནུབ་བྱང་དུ་ནག་པོ། བྱང་ཤར་དུ་དམར་པོ་འོ། །སྐུ་ནི། པ་སངས་དཀར་པོ་པད་དཀར་འཛིན་པ། ཕུར་བུ་སྔོན་པོ་པོ་ཏི་


RTZ044_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ཟླ་བ་དཀར་པོ་ཀུ་མུད། ལག་པ་སེར་པོ་ཨུཏྤལ། མིག་དམར་དམར་པོ་མེ་ཏོག་དམར་པོ། སྒྲ་གཅན་དུད་ཁ་བུམ་པ། སྤེན་པ་ནག་པོ་བེ་ཅོན་འཛིན་པ། ཉི་མ་དམར་པོ་ཚོན་འཁོར་བསྣམས་པའོ། །གདན་འོག་མར། རྒྱུ་སྐར་ཉེར་བརྒྱད་ལ། ཤར་དུ་དཀར་པོ་བདུན། ལྷོར་སྔོན་པོ་བདུན། ནུབ་ཏུ་དམར་པོ་བདུན། བྱང་དུ་ལྗང་གུ་བདུན། གནོད་སྦྱིན་གང་བ་བཟང་པོ་ལ་ཤར་དུ་སེར་པོ། ལྷོར་ནོར་བུ་བཟང་པོ་དཀར་པོ། ནུབ་ཏུ་འབྲོག་གནས་ལ་ནག་པོ། བྱང་སྟོད་དུ་ཧ་རི་ཀ་ལ་དམར་པོ། བྱང་སྨད་དུ་པཉྩི་ཀ་ལ་ཁོང་ལྗང་འཇའ་རིས་ཅན། སྐུ་ནི། སྨིན་དྲུག་མདོག་དཀར་རྣ་ཆ་འཛིན་པ་བུམ་པ་བསྣོལ་བའི་གདན་ཅན། སྣར་མ་དཀར་པོ་རྣ་ཆ་འཛིན་པ་གླང་པོ་ཆེ་ལ་ཞོན་པ། མགོ་མདོག་དཀར་གདུ་བུ་འཛིན་པ་ཤ་བ་ལ་ཞོན་པ། ལག་དཀར་པོ་དཔུང་རྒྱན་འཛིན་པ་སྦྲུལ་མགོ་བདུན་པ་ལ་གནས་པ། ནབས་སོ་མདོག་དཀར་རྒྱལ་མཚན་འཛིན་པ་པདྨ་ལ་གནས་པ། རྒྱལ་དཀར་པོ་ནོར་བུ་འཛིན་པ་བུམ་པ་ལ་གནས་པ། སྐག་དཀར་པོ་བ་དན་འཛིན་པ་བྱ་རོག་ལ་ཞོན་པ་སྟེ། ཤར་སྐར་བདུན་དཀར་པོ་ལྷ་མོ་ཁྲོས་པའི་ཆ་ལུགས་ཅན། མཆུ་སྔོན་པོ་ཉི་མ་འཛིན་པ་གསེར་གྱི་ཁྲི་ཅན། གྲེ་སྔོ་དམར་པདྨ་འཛིན་པ་པདྨ་དམར་པོ་ལ་གནས་པ། དབོ་ལྗང་གུ་རྔ་ཡབ་འཛིན་པ་ལྷ་རྫས་དར་གདན་ལ་གནས་པ། མེ་བཞི་སྔོན་པོ་མུ་ཁྱུད་འཛིན་པ་གླང་པོ་ཆེ་ལ་ཞོན་པ། ནག་པ་སྔོན་པོ་ནོར་བུ་འཛིན་པ་རྨ་


RTZ044_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་གདན་ཅན། ས་རི་སྔོན་པོ་ནོར་བུ་འཛིན་པ་ཤིང་རྟ་ལ་གནས་པ། ས་ག་སྔོན་པོ་ནོར་བུ་འཛིན་པ་རྟ་དཀར་པོའི་ཁྲི་ལ་གནས་པ་སྟེ་ལྷོ་སྐར་བདུན་སྔོན་པོ་འོ། །ལྷ་མཚམས་དམར་པོ་པདྨ་འཛིན་པ་བྱ་ནག་ལ་གནས་པ། སྣྲོན་མདོག་དམར་པདྨ་འཛིན་པ་འབོལ་གདན་ལ་གནས་པ། སྣུབས་དམར་པོ་པདྨ་འཛིན་པ་རུས་སྦལ་ལ་གནས་པ། ཆུ་སྟོད་མདོག་དམར་པདྨ་འཛིན་པ་ཕུབ་ཀྱི་གདན་ལ་གནས་པ། ཆུ་སྨད་མདོག་དམར་པདྨ་འཛིན་པ་བུད་མེད་ཀྱི་བལ་བསྐུར་ལ་གནས་པ། གྲོ་བཞིན་དམར་སེར་པདྨ་འཛིན་པ་གསེར་ཁྲི་ཅན། བྱི་བཞིན་དམར་ལྗང་པདྨ་འཛིན་པ་གླང་ཆེན་སེར་པོའི་ཁྲི་ཅན་ཏེ། ནུབ་སྐར་བདུན་དམར་པོ་འོ། །མོན་གྲེ་ལྗང་ཁུ་ཨུཏྤལ་བསྣམས་པ་འབོལ་གདན་ཅན། མོན་གྲུ་ལྗང་ཁུ་ཨུཏྤལ་བསྣམས་པ་གླང་པོ་ཆེའི་གདན། ཁྲུམས་སྟོད་ལྗང་ཁུ་ཨུཏྤལ་བསྣམས་པ་གསེར་གྱི་ཁྲི་ཅན། ཁྲུམས་སྨད་ལྗང་ཁུ་ཨུཏྤལ་བསྣམས་པ་རིན་པོ་ཆེའི་ཁྲི་ཅན། ནམ་གྲུ་ལྗང་ཁུ་ཨུཏྤལ་བསྣམས་པ་ཁྱུང་ལ་གནས་པ། ཐ་སྐར་ལྗང་ཁུ་ཨུཏྤལ་བསྣམས་པ་མིའི་གདན་ཅན། བྲ་ཉེ་ལྗང་ཁུ་ཨུཏྤལ་བསྣམས་པ་འཁོར་ལོའི་གདན་ཅན་ཏེ། བྱང་སྐར་བདུན་ལྗང་གུ་ཐམས་ཅད་ཨུཏྤལ་འཛིན་པའོ། །གང་བ་བཟང་པོ་སེར་པོ་བེ་ཅོན་དང་བུམ་པ་འཛིན་པ། ནོར་བུ་བཟང་པོ་དཀར་པོ་རྩེ་གསུམ་བ་དན་ཅན་འཕྱར་ཞིང་གཡོན་ནེའུ་ལེ། འབྲོག་གནས་ནག་པོ་མདུང་དར་དང་ནེའུ་ལེ། ཧ་རི་ཀ་དམར་ནག་མདུང་ཐུང་དང་གྲི་སོ་གཅིག་པ། པཉྩི་ཀ་ལྗང་ནག་ཁང་བརྩེགས་དང་རལ་གྲི་འཕྱར་བ་ལྔ་ཀའང་གོ་ཁྲབ་ཅན་རང་མདོག་དང་མཚུངས་པའི་རྟ་


RTZ044_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་པ་ཁྲོ་ཞིང་རྔམ་པ་སྟེ། དེ་ལྟར་དེ་རྣམས་ལས་ཉི་ཟླ་གཉིས་གཟུགས་དང་གནས་ཐ་དད་ཡིན་ཡང་སྟེང་ཕྱོགས་སྐྱོང་བ་ཡིན་པས་གཅིག་ཏུ་བྱས་ཏེ་མགོན་པོ་བདུན་ཅུ་རྩ་གཉིས་ཞེས་གྲགས་སོ། །ལྷ་འདི་ཐམས་ཅད་ཁྲོ་བོ་ཁོ་ན་ཡིན་ནོ། །ཕྱིའི་ལྕགས་རི་ལ་འཁོར་ལྷ་སྲིན་སྡེ་བརྒྱད་ལ་ནམ་མཁའ་རྒྱང་བུ་སྣ་ཚོགས་དང་ཤིང་རིས་ཡུལ་མཁར་རིས་ཕོ་ཏང་མོ་ཏང་མདའ་འཕང་གྲི་མདུང་སོགས་གང་འབྱོར། ཟུར་བཞིར་རྒྱལ་མཚན་དང་འཕན། གླིང་བཅུ་གཉིས་ལའང་ཕྱོགས་མདོག་གི་ནམ་མཁའ་རྒྱང་བུ་མདའ་འཕང་ཤིང་རིས་སོགས་བཀོད། རི་རབ་ནང་གྲུ་གསུམ་ལོགས་མདུན་བསྟན་དུ་བྱས་པའི་ནང་མི་དང་རྟའི་ལིངྒའི་མཐར། མི་ནོར་དམག་དཔུང་ཐམས་ཅད་མགོན་པོ་ཁྱེད་རྣམས་ཀྱི་ཟས་སྐལ་དུ་གཏད་དོ། །སྲོག་ཆོད་དབུགས་ལོངས། རང་གཤེད་རང་ལ་ཕོབ། སྟོབས་དང་ནུས་པ་ཆོམས། མདུན་ཇུས་རླུང་ལ་སྐུར། དགྲ་དཔུང་ཆོམས། གྲོས་ར་ཐོར། ནང་འཐབ་ཏུ་ཆུགས། མི་རུང་བ་སྣ་དགུ་ཐོངས་ལ་ཕྱིར་ཟློགས། ཞེས་དམོད་མོ་གང་དགོས་དང་མིང་རུས་བླ་དྭགས་དང་བཅས་པ་གནད་དང་ལྡན་པ་བརྒྱ་ལས་མི་ཉུང་བ་བྲིས་ལ་གདུག་པའི་རྫས་ཀྱིས་བྱུགས། རང་གི་དྲི་མ་རྣམས་སྦྱང་བཀྲུས་ཀྱིས་དག་པར་བྱས་ནས་དམིགས་བྱ་


RTZ044_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་ཅིང་གཞུག་ལ་ལྷ་དང་དབྲལ་བ་བྱད་ཐག་གིས་བཅིངས་ཏེ་བཅུག །ཐུན་ལམ་དང་ལས་སྦྱོར་སྐབས་འདོན་བདེ་བའི་བཅའ་ག་བྱའོ། །རི་རབ་ཀྱི་སྟེང་བུམ་པའི་ཁར་ཕྱག་རྡོར་གྱི་དཔལ་གཏོར་དམར་པོ་པད་འདབ་བཞི་པ། བུམ་པའི་མདུན་དང་གཡས་གཡོན་དུ་ཚངས་པ་དང་ཉི་ཟླ་ལ་གཏོར་ཟླུམ་རྩེ་མོ་ཟུར་གསུམ་པ་རེ། བང་རིམ་གོང་མར་གཏོར་ཟླུམ་གོང་འདྲ་བརྒྱད་དང་། ནུབ་སྨད་དུ་ས་བདག་ལ་གཅིག་སྟེ་ཐམས་ཅད་དམར་པོ། བང་རིམ་གཉིས་པའི་ཕྱོགས་བཞིར་རྒྱལ་ཆེན་བཞི་ལ་མཁར་ཐབས་ཀྱི་ཁར་རྩེ་མོ་ཟུར་གསུམ་བཞོགས་པ་ཕྱོགས་ཀྱི་མདོག་མཚུངས་དང་། ཕྱོགས་མཚམས་སུ་ལྷ་བརྒྱད་ལ་དཀར་ཟླུམ་རེ། བང་རིམ་གསུམ་པར་ཀླུ་བརྒྱད་ལ་ཀླུ་བཤོས་སྦྲུལ་དཀྲིས་བརྒྱད། བང་རིམ་བཞི་པ་ལ་གཟའ་བཤོས་བརྒྱད། གདན་ཁྲིའི་རྒྱུ་སྐར་ལ་གྲུ་གསུམ་དམར་པོ་ཉེར་བརྒྱད། གནོད་སྦྱིན་ལྔ་ལ་གྲུ་གསུམ་དམར་པོ་ལྔ། ཆངས་བུ་གྱེན་སླངས་ཏིང་ལོ་མཐེབ་སྐྱུས་བསྐོར་བ། ཀླུ་ལ་དཀར་གསུམ་མངར་གསུམ། གཞན་རྣམས་ལ་ཤ་ཁྲག་གིས་བརྒྱན་ནོ། །དེ་དག་གི་མཐའ་སྐོར་དུ། གོས་དར། སྣམ་རས། ཟས་སྣ། འབྲུ་སྣ། རིན་པོ་ཆེའི་སྣ། སྨན་སྤོས། བཙོད་ཞུན། རྒྱ་སྐྱེགས་སོགས་ལ་ཆས་ལུང་ཆས་གང་འཛོམ་བཀོད། མདུན་དུ་རྒྱ་ཕོར། བསེ་


RTZ044_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར། གསེར་སྐྱོགས་དངུལ་སྐྱོགས་རྣམས་མར་གྱི་ཟེ་པྲོག་གིས་བརྒྱན་པར། མ་ད་ན་གསེར་དང་སྦྱར་བའི་གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས་ཇ་དང་། ཕྱེ་མར། མཐའ་སྐོར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་བཞི་ཉེར་སྤྱོད་དང་བཅས་པའི་ཕྱི་ནང་གི་མཆོད་པ་དང་། ཁྱད་པར་སྐོང་གཏོར་ནི། མི་ལྤགས་ཀྱི་གཡང་གཞི་དངོས་སམ་བྲིས་པའི་ཁར་གཏོར་མ་དམར་ནག་གྲུ་གསུམ་མཐེབ་སྐྱུས་བསྐོར་བ་བ་གླང་གི་དབང་པོ་དོན་སྙིང་དང་ཟས་སྣ་ཚོགས་ཀྱིས་བརྒྱན་པ། བ་དམར་ཟལ་གྱི་འོ་མའི་ཡོན་ཆབ། གླང་ཚིལ་སྤར་ལ་བཏོན་པའི་མེ་ཏོག །གླང་ཚིལ་གྱི་གསུར་དུད་རྒྱུན་མི་ཆད་པའི་སྤོས། གླང་ཚིལ་བཞུས་པའི་མར་མེ། གླང་མཁྲིས་ཁྲག་ཞག་གྷི་ཧང་སྦྱར་པའི་བྱུག་པ། བག་ཕྱེ་ལས་བགྱིས་པའི་ཞལ་ཟས་རྣམས་ཀྱང་བཤམ། གཞན་ཡང་ལྷ་དབྱེའི་བྱ་འུག་གི་སྒྲོ། བདུག་རྫས། དུག་སྣ་ཕྱེ་གསུམ། ཡུངས་དཀར་ནག །སྐེ་ཚེ་ཤང་ཚེ་ཏིལ་ནག་རྣམས་འདྲེས་པའི་ཐུན། ཕུར་བུ། སྒྲོལ་གྲི་རྣམས་དང་། སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོར་དྲིལ་ཌཱ་མ་རུ་གཡབ་དར་ནས་ཟེ་དང་བཅས་པ། རྔ་སིལ་རྐང་དུང་སོགས་རོལ་མོའི་ཆ་བྱད། ཚོགས་འཁོར་གསེར་སྐྱེམས་རུ་མཚོན་སོགས་ཉེར་མཁོའི་


RTZ044_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་མཐའ་དག་མ་ཚང་བ་མེད་པ་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་འདུ་བྱའོ། ༈ །གཉིས་པ་ཆོ་གའི་ཆིངས་ལ། ཐོག་མར་བདག་གི་རྣལ་འབྱོར་ནི། རང་གི་བསྙེན་སྒྲུབ་ཐེམས་པའི་ཡི་དམ་གྱི་ལྷ་ཉིད་མཆོག་ཏུ་ཤིས་མོད། འོན་ཀྱང་འདིར་བླ་མ་དྲག་པོའི་དབང་དུ་བྱས་ཏེ། དེ་ཉིད་ཀྱི་བརྒྱུད་འདེབས་ནས་བརྩམ་སྟེ་བཟླས་པའི་བར་རྫོགས་པར་བྱ་བ་གཞིར་བཞག་གིས། སྒྲུབ་པ་བདུན་གསུམ་ལྟ་བུར་དཔེར་མཚོན་ན། བདུན་དང་པོའི་རིང་བདག་བསྐྱེད་སྔོན་འགྲོས། མཆོད་པ་བྱིན་རླབས་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་ཧོཿ ཞེས་དང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བརླབས་ཏེ། སྟོང་པའི་ངང་ལས་རིན་པོ་ཆེ་ཟུར་བརྒྱད་པ་པདྨའི་ལྟེ་བ་ལ་གནས་པའི་དབུས་སུ། བདག་ཉིད་ཡི་དམ་གྱི་ལྷ་ཁྲོ་བོ་སྐུ་ཆེ་ལ་ཡན་ལག་རགས་པ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་སྐུའི་ཆ་ཐམས་ཅད་ཁྲོ་ཚོགས་འབར་བའི་སྤྲིན་གྱིས་ཡོངས་སུ་གཏམས་པ། བསྐལ་པའི་མེ་དཔུང་ཆེན་པོ་


RTZ044_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཆེ་བཙན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་དབང་ཕྱུག་ཆེན་པོར་གྱུར་པའི། ཤར་དུ་དྷྲྀཾ་ལས་ཡུལ་འཁོར་སྲུང་དཀར་པོ་ཞེས་པ་ནས། འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དང་། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དེ་དག་གི་རྩེ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས་ནས་རྒྱལ་ཆེན་བཞིའི་སྙིང་ག་ནས་དྲངས་ཏེ་རང་དབང་མེད་པར་བྱོན་པར་བསམ་ལ། འབུད་དཀྲོལ་བརྡུང་བྱའི་རོལ་མོའི་ཁྱད་པར་དང་། སྤོས་དཀར་གྱི་དུད་སྤྲིན། དར་ནག་གི་གཡབ་མོ། ཡི་དམ་གྱི་སྙེམས་པ་བརྟན་པོའི་ངང་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་གདུང་དབྱངས་ཀྱི་འགྱུར་བ་དང་བཅས་ཏེ། ཧཱུྃ༔ རི་རབ་བྱང་ཕྱོགས་རོ་ལྡན་ཡུལ༔ ཞེས་སོགས་སྤྱན་འདྲེན་དང་། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པ། བཤགས་པ་རྣམས་དཀྱུས་ལྟར་དང་། དེ་ནས་བཟླས་དམིགས་གསལ་བཏབ་དང་། སྔགས་ཚན་བཞི་སོ་སོ་ནས་མཐར་ཛཿཧཱུྃ་ཨཱ༔ ཞེས་བཏགས་པ་འབུམ་ཕྲག་


RTZ044_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཟླ་བར་གསུངས་ཤིང་། མོས་སྒྲུབ་ཀྱི་ཚེ་ཅི་ནུས་སུ་བཟླས་པས་དངོས་ཉམས་རྨི་ལམ་གང་རུང་དུ་རྟགས་རྣམས་འབྱུང་ཞིང་། ཐུན་མཚམས་སུ་གཏོར་མ་འབུལ་ན། ཡི་དམ་ལྷ་ལ་རང་སྔགས་ཀྱི་མཇུག་ཏུ་ས་པ་རི་བཱ་ར་ཨི་དམ་བ་ལིཾ་ཏ་གྲྀ་ཧྞནྟུ་སོགས་དང་། རྒྱལ་ཆེན་བཞི་ལ་རང་རང་གི་སྔགས་མཇུག་ཏུ། མ་ཧཱ་རཱ་ཛ་སོགས་བཏགས་པ་ལན་གསུམ་དང་། རིན་ཆེན་ལས་གྲུབ་སོགས་ཀྱིས་འབུལ་ཞིང་། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཤར་ཕྱོགས་ན་ནི་གནས་སྲུང་པོ༔ ཞེས་སོགས་ཀྱི་ཕྲིན་ལས་བཅོལ། དེ་ནས་ལས་གཞུང་བཞིན་ཚོགས་མཆོད་དང་། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་ཆོག་དང་། ཁྱད་པར་གཏེར་བདག་སྤྱི་གཏོར་གྱི་གོང་དུ་བོད་ཀྱི་སྒོ་སྲུང་བཞི་དང་འཕྲང་སྲུང་བཞིའི་གསོལ་ཀ་གཏོང་ཞིང་། ཆོ་གའི་མཇུག་ཆོག་རྣམས་ཀྱང་མཐའ་རྒྱས་སུ་བྱའོ། །དེ་ལྟར་ཞག་བདུན་གྱི་བར་དུ་བསྙེན་ཅིང་བསྒྲུབས་ནས། སྒྲུབ་གྲོགས་པ་གཞན་གྱིས་ཚ་ཚ་གདབ་པ། ཆུ་གཏོར་གཏོང་བ། གསེར་འོད་དམ་པ་དང་གྲྭ་ལྔ་སོགས་གསུང་རབ་སྒྲོག་པ་རྣམས་སྔོན་དུ་འགྲོ་བས། ཉིན་ཐ་མར་ཡུལ་ཁམས་རྒྱལ་ཆེན་བཞིའི་མངའ་འབངས་སུ་གཏད་དེ་མཐའ་དམག་བསྲུང་བ་ནི། ཐུན་མཚམས་ཀྱི་གཏོར་མཆོད་འབུལ་ཞིང་ཕྲིན་ལས་བཅོལ་བའི་བར་གྲུབ་ནས། གང་དུ་བསྒྲུབ་པའི་གནས་ཀྱི་ཁང་པ་དང་ཉེ་བའི་བྱང་ངོས་ཀྱི་མཚམས་ལྟ་བུར་ཐོ་བཞིའམ་གཅིག་བརྩིགས་ལ་རྒྱལ་ཆེན་བཞིར་


RTZ044_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ། མདུན་དུ་སོ་སོའི་མཆོད་གཏོར་རྒྱས་པར་བཤམས་ལ་བྱིན་གྱིས་བརླབ། བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་སྒྲེང་བ། འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་གདན་ལ་བརྟེན་པ། མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་པུ་རི་འཛིན་པ། ལུས་ངན་པོ་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་ཐོ་དང་གཡོན་ནེའུ་ལེ་འཛིན་པ། བཞི་ཀའང་སོ་སོའི་འཁོར་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྐད་ཅིག་གིས་གསལ་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་གཏོར་མ་ཕུལ་ཞིང་། ཟབ་ཅིང་རྒྱ་ཆེ་གཟིགས་པ་སོགས་ཀྱིས་བསྟོད། ཕྲིན་ལས་བཅོལ་བ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་གུ་རུ་པདྨ་འབྱུང་གནས་བསྒོམས་ནས། ཧཱུྃ༔ ལྷ་ཡི་རྒྱལ་པོ་ཆེན་པོ་འཇིག་རྟེན་མགོན༔ ཞེས་སོགས་ཚིགས་བཅད་ལྷུག་གི་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་


RTZ044_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སྭཱ་ཧཱ༔ ཞེས་མེ་ཏོག་གི་ཆར་དབབ་ཅིང་བཀྲ་ཤིས་བརྗོད་དོ། ༈ །དེ་ནས་བདུན་གཉིས་པར་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བྱིན་བརླབ་ནས། བཟླས་པའི་བར་རྒྱལ་ཆེན་བཞིའི་སྒྲུབ་ཐབས་མཆོད་ཕྲིན་ལྟར་བྱ། གསེར་སྐྱེམས་ནི། རིག་འཛིན་རྩ་བརྒྱུད་ཀྱི་རྐང་པ་གསུམ་པར། ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་རྣམས། །ཞེས་པའི་ཤཱ་ལོ་ཀ་གཉིས་པར། མཐུ་ཆེན་རྒྱལ་ཆེན་བཞི་སོགས་དམ་ཅན་ཚོགས། །སྣང་སྲིད་དྲེགས་པའི་སྡེ་དཔོན་ཡབ་ཡུམ་སྲས། །སོགས་ཀྱིས་ཕུལ། དེ་ནས་བྲུབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་སོགས་ཀྱིས་དམིགས་བྱ་བསྐྱེད་ལ། བདག་དང་རྒྱལ་པོ་ཆེན་པོ་གཙོ་འཁོར་གྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་མང་པོ་སྤྲོས་ནས་དམིགས་བྱ་རང་དབང་མེད་པར་བཀུག་ནས་ལིངྒ་ལ་ཐིམ་པར་བསམ་ཞིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཁྱད་པར་མཐུ་ཆེན་རྒྱལ་པོ་ཆེན་པོ་སྡེ་བཞི་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། ཞེས་སོགས་ཀྱི་མཐར་སྔགས་ཀྱི་ཤམ་བུ་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་


RTZ044_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ཧོཿ ཞེས་འགུག་བསྟིམ་ནན་དུ་བྱ། ཧཱུྃ༔ དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ ཅེས་དང་། མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་བ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་པའི་བར་གྱེར་ཞིང་ལིངྒ་ལ་གུ་གུལ་སྦྱར་བས་བདུག་ཅིང་བྱ་འུག་གི་སྒྲོ་འཐབ་པས་ལྷ་དང་དབྱེ་འོ། །དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་ཚ་ཞིང་རྩུབ་པ་འཕྲོས་པས་མདུན་གྱི་རྒྱལ་ཆེན་གཙོ་འཁོར་གྱི་ཐུགས་ཀར་ཕོག་པས། དེ་དག་རབ་ཏུ་ཁྲོས་ནས་དམིགས་བྱའི་ལིངྒ་དེ་དགྲ་བོ་སྡེ་དཔུང་དང་བཅས་པར་དངོས་སུ་གསལ་བའི་ཤ་ཟོས་ཁྲག་འཐུངས་ནས་མགོ་ལུས་བྲལ་བར་བསམ་ལ། ཞེ་སྡང་དྲག་པོའི་ངར་དང་ལྡན་པས། ཨོཾ་དྷྲྀཥྚ་རཱཥྚཱ་ཡ། བི་རཱུ་ཌྷ་ཀཱ་ཡ། བི་རཱུ་པཱཀྵཱ་ཡ། བཻ་ཤྲ་མ་ཎཱ་ཡ་ས་པ་རི་བཱ་ར་ཛཿཛཿ དགྲ་བགེགས་ཀྱི་ཤ་ཁྲག་སྲོག་དབུགས་ལ་རྦད་རྦད། དགྲ་བོ་ཆེ་གེ་མོ་ནྲྀ་ཏྲི་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་སོད། ཅེས་ཉེར་གཅིག་གམ་བདུན་གང་རིགས་བཟླས་པས་ཐུན་ནུས་ལྡན་དུ་བསྒྲུབས་ལ་ལིངྒ་ལ་བྲབས་པས་རྡུལ་དུ་བརླགས་པར་བསམ་མོ། །ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཐོག་མའི་རྒྱལ་བ་ཀུན་ཏུ་བཟང་པོ་དང་། །ཞི་ཁྲོ་རབ་འབྱམས་དྲུག་པ་རྡོ་རྗེ་འཆང་། །


RTZ044_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའ་ཐུབ་དབང་བཅོམ་ལྡན་འདས། །གསང་བའི་བདག་པོ་དགྱེས་པ་རྡོ་རྗེ་དང་། །ཡོངས་ཀྱི་གཙོ་མཆོག་ཨོ་རྒྱན་ཐོད་ཕྲེང་རྩལ། །འཇམ་དཔལ་དཔའ་བོ་ཆོས་རྒྱལ་བོད་ཀྱི་རྗེ། །གསང་བདག་ལོ་ཙཱ་ཛྙཱ་ན་ཀུ་མཱ་ར། །རིག་འཛིན་སྤྲུལ་སྐུ་གར་གྱི་དབང་ཕྱུག་རྩལ། །བློ་གྲོས་བཟང་པོ་གཞན་ཕན་རྡོ་རྗེ་དང་། །ཕྲིན་ལས་ལྷུན་གྲུབ་གཏེར་བདག་གླིང་པ་སོགས། །རིག་འཛིན་རྩལ་འཆང་བརྒྱུད་པའི་ཚོགས་རྣམས་ཀྱིས། །དྲག་རྩལ་སྟོབས་ཀྱིས་ནག་པོའི་ཕྱོགས་རྣམས་འཇོམས། །མཐུ་སྟོབས་དཔལ་ལྡན་བླ་མ་ཁྱེད་རྣམས་ཀྱིས། །བསྟེན་ཅིང་བསྒྲུབས་པའི་སྲུང་མ་མཐུ་བོ་ཆེ། །བདེ་གཤེགས་སྒྲུབ་པའི་བསྟན་སྲུང་ཡོངས་ཀྱི་མཆོག །དཔལ་ལྡན་རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས། །བདེ་བར་གཤེགས་པ་ཤཱཀྱ་སེང་གེ་དང་། ཁྱབ་བདག་པདྨ་རྒྱལ་པོའི་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང་། །བསྟན་ལ་ཞུགས་པ་རྣམས་ཀྱང་ཆོས་འཕེལ་ཞིང་། །མི་ཡི་འཇིག་རྟེན་བདེ་སྐྱིད་ལྡན་པ་དང་། །ཧོར་སོག་དམག་སྡེའི་དཔུང་བཅས་ཟློག་ཏུ་གསོལ། །ལྷག་པར་གདུང་བས་མཆོད་ཅིང་བསྟེན་བྱེད་པ། །བདག་ཅག་སྒྲུབ་པོ་འཁོར་དང་བཅས་པ་ཡི། །


RTZ044_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་དང་། །དགྲ་དང་གནོད་པ་ཟློག་པའི་ཕྲིན་ལས་མཛོད། །ཅེས་རིག་འཛིན་བརྒྱུད་པའི་བསྐུལ་དང་། དེ་ནས་རྒྱལ་ཆེན་བཞི་འཁོར་བཅས་དྲག་ཏུ་བསྐུལ་བ་མཚོན་ཆའི་འཁོར་ལོ་འདི་བྱ་སྟེ། ཧཱུྃ༔ དྲི་ཟ་ཡོངས་ལ་དབང་སྒྱུར་པ༔ ཞེས་སོགས་ནས། ཡོངས་སུ་བསྲུང་བ་ཆེན་པོ་མཛོད༔ ཅེས་པའི་བར་གྱིས་བསྐུལ་ཞིང་ལས་བཅོལ་ལོ། །ཐུན་གཏོར་ལ་དགུག་གཞུག་བྱ། རཾ་ཡཾ་ཁཾ། གཏོར་སྣོད་དམར་གྱི་སོགས་ཀྱི་རྒྱལ་ཆེན་བཞིའི་སྔགས་ལ་གཏོར་སྔགས་བཏགས་པས་བསྔོ། ཧཱུྃ༔ རི་རབ་ལྷུན་པོའི་ཕྱོགས་བཞི་ན༔ ཞེས་སོགས་ཀྱིས་དགྲ་ཕྱོགས་སུ་འཕང་། དེ་ནས་ཆོས་སྐྱོང་སྤྱི་སྒོས་དང་སྲུང་མའི་གཏོར་ཆོག །ཚོགས་མཆོད་སོགས་སྔར་ལྟར་རོ།། དེ་ལྟར་བསྒྲུབས་ནས་ཞག་བདུན་པ་གྲོལ་རྒྱུའི་ཉིན། རྒྱལ་ཆེན་བཞིའི་བཟླས་པ་གཏོར་འབུལ་མཆོད་གསོལ་ཡན་སོང་བ་དང་། གཏོར་མའི་འོག་གི་བྲུབ་ཁུང་སློབ་དཔོན་གྱི་མདུན་དུ་བཀོད། གདབ་ལས་ཀྱི་ཆས་དང་། མེ་ཧོམ་རྣམས་ཀྱང་བཤམས་ཏེ། ཐོག་མར་གསེར་སྐྱེམས་དང་། དེ་ནས། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་


RTZ044_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་། །ཞེས་སོགས་ཀྱི་གཞན་འདྲ་བ་ལས། ཁྱད་པར་བསྟན་སྲུང་དམ་ཅན་རྒྱ་མཚོ་རྣམས། །འཁོར་བཅས་བདག་ལ༴ སོགས་དང་། དཔལ་ལྡན་མགོན་པོ་བཀའ་ཉན་འཁོར་བཅས་ཀྱིས། །སྐད་ཅིག་འདིར་ཁུག་ཅེས་སྦྱར་བས་གཟུ་དཔང་གསོལ། དེ་ནས་བྲུབ་ཁུང་བསྐྱེད་པ། སྤྲུལ་པ་སྤྲོ་བ་དགུག་བསྟིམ། ལྷ་དབྱེ་རྣམས་སྔར་ལྟར་བྱས་ནས། ཐུན་རྫས་ཀྱིས་བྲབ་ཅིང་། ཧཱུྃ༔ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས༔ ཕོ་ཉར་མངགས་པ་ཐུན་གྱི་བདག༔ ཅེས་པ་ནས། དགྲ་བགེགས་ལུས་སེམས་འབེན་ལ་ཡ༔ ཞེས་པའི་མཐར། ཨོཾ་དྷྲྀཥྚ་རཱཥྚཱ་ཡ། བི་རཱུ་ཌྷ་ཀཱ་ཡ། བི་རཱུ་པཱཀྵཱ་ཡ། བཻ་ཤྲ་མ་ཎཱ་ཡ་ས་པ་རི་བཱ་ར་ཛཿཛཿ དགྲ་བགེགས་ཀྱི་ཤ་ཁྲག་སྲོག་དབུགས་ལ་རྦད་རྦདཿ དགྲ་བོ་རྣྲྀ་ཏྲི་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་སོད། ཅེས་ཐུན་སྣ་ཚོགས་ཀྱིས་བྲབས་པས་དམ་ཅན་གྱི་དམག་ཚོགས་ནད་མཚོན་དུག་གི་ཆར་ཆེན་པོ་དགྲ་བོའི་སྟེང་དུ་ཕབ་པས་ཐལ་བ་བཞིན་དུ་བརླགས་པར་བསམ་ཞིང་། དེ་ནས། ཧཱུྃ། དཔལ་ཆེན་སྟོབས་པོ་ཆེ་ཡི་བཀས། །ང་ནི་སྒྲོལ་གིང་ཆེན་པོ་སྟེ། ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག །རྒྱལ་ཆེན་སྡེ་བཞི་བྲན་དུ་ཁོལ། །སྤྲུལ་པའི་ཁྲོ་བོ་མི་བསྲུན་པས། །


RTZ044_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཞིང་ཁམས་ཐམས་ཅད་ཁྱབ། །ལས་ངན་གདུག་པའི་དགྲ་དང་བགེགས། །གར་ཡང་བྲོས་པའི་ས་མེད་ཀྱིས། །ད་ལྟ་ཉིད་དུ་བསྒྲལ་བར་བྱ། །ཡེ་ཤེས་འབར་བའི་མཚོན་ཆ་འདིས། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །ཐལ་བ་བཞིན་དུ་བརླག་པར་བྱ། །སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་རང་ཉིད་ཡི་དམ་གྱི་སྙེམས་པ་བརྟན་པོས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། ཕུར་བུ་གདབ་ཅིང་སྒྲོལ་གྲིས་གཏུབས་ཏེ་ཤ་ཁྲག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ། མཐུ་ཆེན་བསྟན་སྲུང་རྒྱལ་པོ་སྡེ་བཞི་དང་། །སྤྲུལ་པ་ཡང་སྤྲུལ་བཀའ་ཉན་ཕོ་ཉའི་ཚོགས། །དགྲ་བོའི་སྲོག་དབུགས་བླ་ཚེ་ཤ་ཁྲག་མདངས། །དོན་སྙིང་རུས་པ་རྐང་མར་ཞག་དང་བཅས། །ལྷག་མ་མེད་པར་ཞལ་གདངས་ནང་དུ་བཏབ། །གདུག་པའི་སྦྱོར་བ་ཐམས་ཅད་རྒྱུན་ཆོད་ཅིག །མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀིཾ་ནི་རི་ཏི་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྒྲུབ་གཏོར་སོགས་གཏོར་མ་ཐམས་ཅད་ལ་བྲན། འདི་སྐབས་ཟན་ལིང་གི་སྙིང་གར་བཅུག་པའི་ཤོག་ལིང་ཡང་ཧོམ་ནང་དུ་མེར་བསྲེགས་པ་རྣམས་ཀྱི་ཁྱད་པར་ལས་གཞན་ཚོགས་གཏོར་སོགས་ལས་རྗེས་ཀྱི་བྱ་བ་རྣམས་ནི་གོང་བཞིན་ནོ། ༈ །དེ་ནས་བདུན་གསུམ་


RTZ044_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡི་དམ་གྱི་བདག་བསྐྱེད་བཟླས་པ་གྲུབ་ཀྱི་བར་སྔར་ལྟར་བཏང་ནས། མཆོད་གཏོར་དང་མདོས་ཡས་རྣམས་བྱིན་གྱིས་བརླབ་པ་ནི། བདག་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་སྤྲོས་ཏེ། ཧཱུྃ་ལས་རཾ་འཕྲོས་འོད་དུ་ཞུ། མེར་འབར་བས་མདོས་ཀྱི་དངོས་འཛིན་བག་ཆགས་མཚན་མ་རྣམས་བསྲེགས། རཾ་ཛྭ་ལ་མཎྜ་ལ་རཾ། ཧཱུྃ་ལས་ཡཾ་འཕྲོས་འོད་དུ་ཞུ། རླུང་དུ་གྱུར་པས་མདོས་ཀྱི་དངོས་པོ་བག་ཆགས་ངན་པ་ཐམས་ཅད་གཏོར། ཡཾ་བ་ཡུ་མཎྜ་ལ་ཡཾ། ཧཱུྃ་ལས་ཁཾ་འཕྲོས་འོད་དུ་ཞུ། ཆུར་གྱུར་པས་མདོས་ཀྱི་དངོས་པོ་དང་རྣམ་པར་རྟོག་པ་མ་ལུས་བཀྲུས། ཁཾ་ཛ་ལ་མཎྜ་ལ་ཁཾ། ཞེས་འབྲུ་གསུམ་གྱིས་སྦྱངས་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པ་ཚིག་ཟུར་བཅགས་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཐལ་མོ་སྦྱར་བ་ཁ་ཕྱིར་སྐྱེད་མཐེ་བོང་གཉིས་བསྣོལ་


RTZ044_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁའི་ཐད་ཀར་འཇོག་པ་ཐབ་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། གཡས་རྡོ་རྗེ་ཁུ་ཚུར་བརྐྱངས་པའི་མཛུབ་མོ་སྒྲེང་། གཡོན་ས་གནོན་བྱ་བ་རྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེག་ཚུལ་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་སྤྱོད་པར་གྱུར། ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་མཁྲིག་མ་སྦྱར་བ་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བ་སྤྱི་བོར་འཇོག་པ་དབང་བསྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫྱོ་ཏི་མ་ཧཱ་ས་མ་ཡེ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གིས་དབང་དུ་གྱུར་པར་བསམ་ཞིང་སྔགས་དང་ཕྱག་རྒྱ་གསུམ་གསུམ་བྱས་ལ་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱ། འབྲུ་ལྔས་སྤེལ་བ་ནི། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་ལན་གསུམ་བརྗོད་ལ། ཨོཾ་ལས་ཡེ་ཤེས་ལྔ་དང་ལྡན་པར་གྱུར།


RTZ044_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་དང་ལྡན་པར་གྱུར། ཏྲཱཾ་ལས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཧྲཱིཿལས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་གྱུར། ཨཱཿལས་བཟའ་བཏུང་བདུད་རྩིའི་རྒྱ་མཚོ་དང་ལྡན་པར་གྱུར། གཟུགས་བརྙན་རྣམས་སྲོག་ཆགས་དངོས་སུ་གྱུར་ཏེ། ལུས་མཛེས་ཤིང་ལྟ་ན་སྡུག་པ། ངག་སྙན་པ། ཡིད་དྭངས་པ། ལག་ན་འདོད་ཡོན་ལྔའི་རྫས་ཐོགས་ནས། རེ་རེ་ལ་ཡང་མང་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། རྒྱལ་བ་རྒྱ་མཚོ། སྣང་སྲིད་མ་མོ། རིགས་དྲུག་སེམས་ཅན་དང་། བུ་ལོན་ལན་ཆགས་ཀྱི་བདག་པོ་སྣང་སྲིད་ལྷ་འདྲེ་ཐམས་ཅད་རེ་རེ་ལ་ཡང་མདོས་གླིང་བཞི་རི་རབ་སྐྱེ་འགྲོ་སེམས་ཅན་འདོད་ཡོན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སོ་སོའི་སྤྱོད་ཡུལ་དང་མཐུན་པར་འཆར་ཞིང་ཐོབ་པར་བསམ་ལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་ཀྱང་བརྗོད་དོ། །དེ་ནས་སྐོང་གསོ་བདུད་དཔུང་ཀུན་འཇོམས་བཞིན་བྱ་སྟེ། མདུན་གྱི་ནམ་མཁར་བྷྲཱུྃ་ལས་གཞལ་ཡས་ཁང་། །ཕྱི་ནི་རིན་ཆེན་ལྔ་དང་ནང་ཐོད་པ། །ཚར་གསུམ་གྱིས་བརྩིགས་གྲུ་བཞི་སྒོ་བཞི་རྒྱན། །རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་


RTZ044_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི། །དབུས་སུ་པདྨ་ཉི་མ་ཟླ་བའི་གདན། །ཉོན་མོངས་བདུད་དང་དུ་རུ་ཀ་ཡི་ལྷ། །བདུད་པོ་དབང་ཕྱུག་ཕྱ་སངས་ཁྲ་མགོ་ཅན། །སྦྲུལ་གྱི་མཇུག་མ་མགོ་གཡས་གན་རྐྱལ་སྟེང་། །ཡི་གེ་ཧཱུྃ་ཡིག་མཐིང་ནག་ཁྲ་ཐབས་བབས། །དེ་ལས་སྐད་ཅིག་ཁྲོ་རྒྱལ་སྟོབས་པོ་ཆེ། །མཐིང་ནག་འབར་བ་ཁྲོ་ཚུལ་དཀར་དམར་ཞལ། །ཞེས་སོགས། ལྷ་བསྐྱེད། སྤྱན་འདྲེན། ཕྱག་འཚལ། བཞུགས་གསོལ། མཆོད་པ། བསྟོད་པ། གདོད་གསོལ། བཟླས་པའི་མཐར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཐུགས་དམ་སྐོང་གསོ་ནི། ཧཱུྃ། རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཞེས་པ་ནས། མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀུན། །གཏན་ནས་ཟློག་པའི་ཕྲིན་ལས་མཛོད། །ཅེས་སྐོང་བའི་རྫས་སུ་གྱུར་པ་མཐའ་དག་འབུལ། དེ་ནས་གསེར་སྐྱེམས་ནི། ཤྭ་ལོ་ཀ་དང་པོ་སྔར་ལྟར་དང་། གཉིས་པ། མཐུ་ཆེན་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། སྣང་སྲིད་དྲེགས་པའི་སྡེ་དཔོན་ཡབ་ཡུམ་སྲས། ཞེས་བསྒྱུར་ལ། གླུད་ཡས་ཀྱི་འཕྱོང་གཏང་བར་འདོད་ན། ཧཱུྃ། རྣལ་འབྱོར་དབང་ཕྱུག་


RTZ044_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས། །དཀའ་དགུ་བསགས་ནས་མཐུན་དགུ་བསྡེབས། །དཀའ་བ་མི་ལས་བཙལ་བའི་མདོས། །སྲ་བ་བྲག་ལས་བརྐོས་པའི་མདོས། །རྫས་དང་ཡས་ཀྱིས་གཞི་བཟུང་ནས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཏིང་འཛིན་དག་པས་འདོད་དགུར་བསྒྱུར། །བཅས་བཅས་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བཏགས་བཏགས་དེ་ནི་བརྒྱན་བརྒྱན་ནས། །ན་ཆུང་བག་མར་ཆས་པ་འདྲ། །བྲིས་བྲིས་དེ་ནི་བཀོད་བཀོད་ནས། །སྟག་གཟིག་ཚང་ནས་ཐོན་པ་འདྲ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །སྲིད་པའི་མདོས་ཆེན་འདི་ལ་གཟིགས། །འཕན་གདུགས་ནམ་རྒྱང་གུར་ལ་ལྟོས། །ཟ་འོག་གུར་ཁྱིམ་ཕུབ་པ་འདྲ། །ཤིས་རིས་མང་པོ་བྲིས་ལ་ལྟོས། །འཇིག་རྟེན་སྣང་སྲིད་མཁའ་ལ་ཤར། །མདའ་འཕང་མང་པོ་འཁྲིགས་ལ་ལྟོས། །མཁའ་ལ་འཇའ་ཚོན་འཁྱིལ་པ་འདྲ། །རི་རབ་གླིང་བཞི་གླིང་ཕྲན་བཅས། །མཐུན་པའི་རྫས་དང་ཡས་ཀྱིས་བསྐོར། །ལྷ་སྲིན་དམ་རྫས་གཉན་པོ་བསགས། །དེ་ལྟ་བུ་ཡི་མདོས་ཆེན་འདི། །བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །ཚེ་དང་སྲོག་གི་


RTZ044_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་དུ་འབུལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ནོར་དང་རྫས་ཀྱི་གླུད་དུ་འབུལ། །ཆག་ཆེན་ཉམ་ང་ཟློག་ཏུ་གསོལ། །བཅོལ་པའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་བརྗོད། །དེ་ནས་ཚོགས་བྱིན་རླབས་ནས་ལྷག་མའི་བར་ལས་གཞུང་བཞིན་སོང་ནས། ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ན༔ ཞེས་སོགས་མདོས་བསྔོ་གཞུང་བཞིན་མཇུག་བར་གྱེར། དེའི་ནང་སྡེ་ཚན་རེ་རེའི་མཚལ་རྟགས་ཀྱི་མཚམས་སུ། བཀའ་ཡི་མདོས་ཆེན་འདི་བཞེས་ལ༔ ཞེས་པ་ཀུན་ལ་འཇུག་གོ །དེའི་མཐར་ཉིན་རེ་བཞིན་མདོས་བསྔོའི་རྗེས་སུ་མདོས་ཀྱི་རི་རབ་ནང་གི་ལིངྒ་ལ་དམིགས་བྱ་ཕཊ། སྟོང་པའི་ངང་ལས་མདུན་གྱི་མདོས་གཞིའི་འོག་ཏུ་ཨེ་ལས་ལྕགས་བསྲེགས་ཀྱི་སོགས་གོང་བཞིན། ངོ་བོར་གྱུར། ཅེས་བསྐྱེད་ལ། ཕོ་ཉ་སྤྲོ་བ་ནི། རང་གི་ཐུགས་ཀ་ནས་ཡི་གེ་ཛཿཧཱུྃ་བཾ་ཧོཿགྲངས་མེད་པ་འཕྲོས་པས་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་མེད་དུ་གྱུར་ཏེ། དེ་དག་གིས་དགྲ་བགེགས་གང་ཡིན་དེའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། མགྲིན་པ་ནས་ཞགས་པས་བཅིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། དྲིལ་བུས་རྒྱབ་ནས་ཕུལ་ནས་ལིངྒ་ལ་ཐིམ་པར་བསམ་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་


RTZ044_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཇིགས་བྱེད་འབར་བ་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་མཐུ་སྟོབས་ཀྱི་དབང་ཕྱུག་ཡུལ་འཁོར་སྲུང་། བཙུན་མོ་ལས་ཀྱི་མཁའ་འགྲོ་ཆེན་མོ་བཞི། སྲས་མཆོག་རྒྱལ་པོ་ཆེན་པོ་རྣམ་གསུམ། གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་གཉིས། དྲི་ཟ་བྱེ་བ་འབུམ་སྡེ། སྲིན་པོ་དྲུག་ཁྲི་བཞི་སྟོང་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་དམོད་པ། དགེ་འདུན་གྱི་སྡེ་དཀྲུག་པ། སྐྱེ་བོ་ཡོངས་ལ་དམོད་པ། བན་བོན་ཡོངས་ལ་འཚེ་བ། སྲུང་མ་གཉན་པོ་ཁྱད་དུ་གསོད་པ། མཐུ་བུ་ལོན་བཞིན་དུ་སྙོག་པ། དགྲ་བགེགས་ཉམས་པ་བདུན་ལྡན་བསྒྲལ་བའི་ཞིང་བཅུར་


RTZ044_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཐམས་ཅད་དང་། ཁྱད་པར་དུ་མཐའ་མི་དུ་རུ་ཀ་ཡི་སྡེར་གཏོགས་པའི་རྒྱལ་པོ། བློན་པོ། དམག་དཔོན། དམག་མི་འོག་རྟ་སྣ་འདྲེན་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་རྟེན་འདི་ལ་མཆིས་པར་གྱུར་ཅིག །རྣྲི་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཞེས་འགུག་བསྟིམ་བྱས་ལ། ཧཱུྃ༔ དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ ཅེས་དང་། མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་བ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ལྷ་དང་དབྱེ། དེ་ནས་ཐུན་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དུ་རུ་ཀའི་དབང་པོ་རྩ་ལག་སྡོམས། ཨུ་ཁྲང་གྲ་ཧ་མ་ནི། ཨུ་བྷ་ན་ལ་ཚ་ཚ། གུ་གུ་རཱ་ཛ་ནི། ལ་བྷ་བྷི་ཀུན་ཚེ་འདུ། ཧཱུྃ་རཱ་ཛ་ཡ། བྷ་གྷ་བྷ་གི་ནི་པ་ཚེ། ཀོ་སེ་ཕཊཿ ཀུ་ཏ་ཙ་ལི་ཡེ་ཕཊཿ ཏྲི་རཱ་ཛ་གུ་པ་གུ་པ། ཐིས་ཏིས་ཕཊ་ཕཊཿ དུ་རུ་ཀའི་དབང་པོ་རྩ་ལག་ནན་རྦད་རྦད། ཅེས་དང་། ཨིནྡྲ་ཡ༔ ཨགྣ་ཡ༔ ཡ་མཱ་ཡ༔ ནཻ་རི་ཏ་ཡ༔ བ་རུ་ཎཱ་ཡ༔ བཱ་ཡ་བེ༔ ཀུ་བེ་རཱ་ཡ༔ ཨཱི་ཤ་ནཱ་ཡ༔ སཱུརྻ་ཙནྡྲ་ཡ༔ པ་ཏི་བྷཱུ་མི༔ ཨོཾ་དྷྲྀཥྚ་རཱཥྚཱ་ཡ༔ བི་རཱུ་ཌྷ་ཀཱ་ཡ༔ བི་རཱུ་པཱཀྵཱ་ཡ༔ བཻ་ཤྲ་མ་ཎཱ་ཡ༔ ཨོཾ་རུ་ཨི་ཨ་བྷྲིཀ་ཧཱུྃ། ཨོཾ་ཨ་ནནྟ༔ ཏཀྵ་ཀ༔ ཀརྐོ་ཊ༔ བྷ་ལ་ས་ཏ༔ བ་སུ་ཀཱི༔


RTZ044_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཤངྑ་པཱ་ལ༔ པདྨ༔ མ་ཧཱ་པདྨ༔ ཨོཾ་ཤུ་ཀྲ་ཡེ༔ ཤྲེ་ཀ༔ སོམ༔ ནུ་ཏྲ་ཡ༔ ཏ་ར་ཎི༔ ཨ་བྷི་ཏ་ཡེ༔ ད་རི་ན་སུ་ཏ༔ གྲ་ཧ་པ་ར་ཡེ་སྭཱ་ཧཱ༔ ཨ་ཏི་ཏ་ཡེ༔ ཨོཾ་ནཀྵ་ཏྲ་ཡ་ཧཱུྃ༔ ཛ་ལ་ཛ་ལ༔ དེ་ལ་དེ་ལ༔ ཨོཾ་པུརྞ་བྷ་དྲ་ཡ༔ མ་ཎི་བྷ་དྲ་ཡ༔ གུ་ཧྱ་སྡྱ་ན༔ པཉྩི་ཀ༔ ཧ་རི་ཀ༔ སརྦ་དུཥྚཱན་སརྦ་བིགྷྣཱཾ་ཧྲཱི་ཛ༔ མཱ་ར་ཡ་ཕཊ༔ ཞེས་པ་སྟེ་སྔགས་ཚན་གཉིས་ཀའི་ཤམ་བུར། རུ་ཆོམས་ཙིཏྟ་ལ་ཧུར་ཐུམས་དབང་པོ་རྩ་ལག་སྡོམས། དམག་དཔུང་མཱ་ར་ཡ་རྦད་སྲོག་ལ་མྱོག་སཏྭཾ་བྷ་ཡ་ནན། ཞེས་སྦྲེལ་བ་ཅི་ནུས་བཟླས་ཏེ་ཐུན་རྫས་ལ་སྔགས་ཤིང་ལིངྒ་ལ་ཡང་བྲབ་བོ། །དེ་ནས་ཐུན་གཏོར་ལ་དམིགས་བྱ་དགུག་བསྟིམ་བྱས་ལ་སྔར་བཞིན་བྱིན་གྱིས་བརླབས་ཏེ། ཧཱུྃ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཞེས་སོགས་ཀྱིས་བསྐུལ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་སྤྱི་སྒོས་ཆོས་སྲུང་གི་གཏོར་ཆོག་དང་ཆོ་གའི་རྗེས་རིམ་རྣམས་སོགས་སྔར་ལྟར་རོ། །དེ་ལྟར་སྒྲུབ་ཞག་རྫོགས་


RTZ044_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུབ་ཐ་མའི་ཉིན། སྤྱི་སྒོས་ཀྱི་གཏོར་ཆོག་སྐོང་གསོ་རྣམས་གསེར་སྐྱེམས་ཀྱི་སྔོན་དུ་བྱས་ལ། དེ་ནས་གསེར་སྐྱེམས་སྐབས་འདིར་མི་བྱེད་པར་བཞག་ལ་མདོས་འཕྱོང་ནས་རིམ་བཞིན་མདོས་བསྔོ་བའི་རྗེས་བར་ཉིན་བཞིན་ལྟར་སོང་བ་དང་། མདོས་ནང་གི་ལིངྒ་རྣམས་བྲུབ་ཁུང་དུ་གཅེར་བ་རང་གི་མདུན་དུ་བཀོད། ལྕགས་སྣོད་ལྟ་བུར་ཚོན་གྱིས་ཆོས་འབྱུང་མཐིང་ནག་གྲུ་གསུམ་བྲིས་པའི་ཁར་དུག་ཤིང་ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་པ་བརྩིགས། གཞན་ཡང་གདབ་ཁའི་ཆས་བྱ་འུག་གི་སྒྲོ །ཐུན་རྫས། ཕུར་བུ། སྒྲོལ་གྲི །སྦྱིན་སྲེག་གི་ཡམ་ཤིང་དང་མར་ནག་བསྲེག་རྫས་སོགས་ཚོགས་པར་བྱས་ལ། ཐོག་མར་གསེར་སྐྱེམས་ཉིན་སྔ་མ་ལྟར་འཕུལ་ལ། ཧཱུྃ། དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་། །ཞེས་སོགས་སྔར་ལྟར་གཟུ་དཔང་གསོལ། དེ་ནས་དམིགས་བྱ་བསྐྱེད་པ། ཕོ་ཉ་སྤྲོ་བ། དགུག་བསྟིམ། ལྷ་དབྱེ་རྣམས་གོང་བཞིན་གྱི་རྗེས་སུ། ཧཱུྃ༔ དཔལ་ལྡན་


RTZ044_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་བཅས་ཀྱིས༔ ཕོ་ཉར་མངགས་པ་ཐུན་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ༔ སྣ་ཚོགས་དྲག་པོ་ཐུན་གྱི་རྫས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ༔ དགྲ་བགེགས་ལུས་སེམས་འབེན་ལ་ཡ༔ ཞེས་གྱེར་ནས། ཨོཾ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དུ་རུ་ཀའི་དབང་པོ་རྩ་ལག་སྡོམས། ཨུ་ཁྲང་གྲ་ཧ་མ་ནི། ཨུ་བྷ་ན་ལ་ཚ་ཚ། གུ་གུ་རཱ་ཛ་ནི། ལ་བྷ་བྷི་ཀུན་ཚེ་འདུ། ཧཱུྃ་རཱ་ཛ་ཡ། བྷ་ག་བྷ་གི་ནི་པ་ཚེ། ཀོ་སེ་ཕཊཿ ཀུ་ཏ་ཙ་ལི་ཡེ་ཕཊཿ ཏྲི་རཱ་ཛ་གུ་པ་གུ་པ། ཐིས་ཏིས་ཕཊ་ཕཊཿ དུ་རུ་ཀའི་དབང་པོ་རྩ་ལག་ནན་རྦད་རྦད། རུ་ཆོམས་ཙིཏྟ་ལ་ཧུར་ཐུམས་དབང་པོ་རྩ་ལག་སྡོམས། དམག་དཔུང་མཱ་ར་ཡ་རྦད་སྲོག་ལ་མྱོག་སཏྭཾ་བྷ་ཡ་ནན། ཞེས་ཐུན་རྫས་སྣ་ཚོགས་ཀྱིས་བྲབས་ལ། ཧཱུྃ། དཔལ་ཆེན་སྟོབས་པོ་ཆེ་ཡི་བཀས། །ང་ནི་སྒྲོལ་གིང་ཆེན་པོ་སྟེ། ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག །རྒྱལ་ཆེན་སྡེ་བཞི་བྲན་དུ་ཁོལ། །སྤྲུལ་པའི་ཁྲོ་བོ་མི་བསྲུན་པས། །རབ་འབྱམས་ཞིང་ཁམས་ཐམས་ཅད་ཁྱབ། །ལས་ངན་གདུག་པའི་དགྲ་དང་བགེགས། །གར་ཡང་བྲོས་པའི་ས་མེད་ཀྱིས། །ད་ལྟ་ཉིད་དུ་བསྒྲལ་བར་བྱ། །ཡེ་ཤེས་འབར་བའི་མཚོན་ཆ་འདིས། །བཏབ་ན་ལྷ་ཡང་བརླག་


RTZ044_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན། །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །ཐལ་བ་བཞིན་དུ་བརླག་པར་བྱ། །བཛྲ་རྦད་ཙིཏྟ་ཁྲམ་ཏྲིག་ནན་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད། ཧཾ་ཤཾ་ཏྲི་ཏྲིག་ནན་ཧུར་ཐུམས་མཱ་ར་ཡ་རྦད། ཏཱིརྻ་ཀ་ཁ་ཐུམ་སཱུརྻ་པྲ་ཏི་མུན་ཙ་ཐིབས་དུ་རུ་ཀ་མཱ་ར་ཡ་རྦད། ཅེས་བཟླ་ཞིང་ཕུར་བུས་གདབ་རྗེས་སྒྲོལ་གྲིས་གཏུབས་ཏེ་བཞག་གོ །དེ་ནས་སྦྱིན་སྲེག་གི་སྒོ་ནས་ཞལ་བསྟབ་བྱ་སྟེ། ཨོཾ་ཨཱཿཧཱུྃ་གིས་རྫས་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་བལྟས་ལ། ཨོཾ་ཨགྣེ་ཛྭ་ལ་རཾ་ཞེས་གདོལ་བཤན་སོགས་ཀྱི་མེས་ཧོམ་སྦར། དེ་ནས་ཐབ་སྭ་བྷཱ་བས་སྦྱང་། ཆོས་ཀུན་སྟོང་པའི་ངང་ཉིད་ལས། །ཧཱུྃ་ལས་དྲག་པོའི་ཐབ་ཁུང་ནི། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པདྨ་ཉི་མ་དགྲ་བགེགས་སྟེང་། །བཅོམ་ལྡན་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ །རྡོ་རྗེ་ཞགས་པ་ལྕགས་སྒྲོག་གཡས། །སཏྭ་རེ་ཕུར་བུ་རལ་གྲི་གཡོན། །ཞབས་བཞི་དགྲ་བགེགས་སྟེང་དུ་བགྲད། །འཁོར་དུ་རྒྱལ་ཆེན་སྡེ་བཞི་སོགས། །བཙུན་མོ་ལས་ཀྱི་མཁའ་འགྲོ་བཞི། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་དང་། །གནོད་སྦྱིན་རྣམ་པ་ལྔ་ལ་སོགས། །


RTZ044_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྒྱ་མཚོ་འཁོར་བཅས་གསལ། །ཨོཾ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ། འབར་བའི་ཞལ་དུ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས་པ་བདུད་རྩིའི་དྭངས་མར་གྱུར་ཏེ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་པས་གསོལ་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དུ་རུ་ཀའི་དབང་པོ་རྩ་ལག་སྡོམས། ཨུ་ཁྲང་གྲ་ཧ་མ་ནི། ཨུ་བྷ་ན་ལ་ཚ་ཚ། གུ་གུ་རཱ་ཛ་ནི། ལ་བྷ་བྷི་ཀུན་ཚེ་འདུ། ཧཱུྃ་རཱ་ཛ་ཡ། བྷ་གྷ་བྷ་གི་ནི་པ་ཚེ། ཀོ་སེ་ཕཊཿ ཀུ་ཏ་ཙ་ལི་ཡེ་ཕཊཿ ཏྲི་རཱ་ཛ་གུ་པ་གུ་པ། ཐིས་ཏིས་ཕཊ་ཕཊཿ དུ་རུ་ཀའི་དབང་པོ་རྩ་ལག་ནན་རྦད་རྦད། ས་པ་རི་བཱ་ར་གནོད་བྱེད་ཨགྣི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ནྲྀ་ཏྲི་མཱ་ར་ཡ་རྦད། ཅེས་པའི་སྔགས་ཁོ་ནས། ཡམ་ཤིང་ཚེར་མ་ཅན་གྱི་ཤིང་ལས་རྩང་གཟུགས་དུག་ཁྲག་དང་ཚིལ་ཞུན་བྱུགས་པ་དང་། ཚིལ་ཞུན་བསྲེས་པའི་མར་ནག །ཡུངས་དཀར། ཏིལ། སྐེ་ཚེ་ཤང་ཚེ་ལན་ཚྭ་རྣམས་ཀྱི་བསྲེག་རྫས་ཇི་ལྟར་རིགས་པ་ཕུལ་རྗེས། ཧཱུྃ༔ གདུག་རྩུབ་དྲག་པོའི་ཧོམ་ཁུང་དུ༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ སྡང་དགྲ་གནོད་པའི་བགེགས་ཚོགས་ཀྱི༔ ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་འབུལ༔ ནང་གི་བླ་ཚེ་སྲོག་དབུགས་འབུལ༔ ཁ་རྗེ་དབང་ཐང་ཀླུང་གཏའ་འབུལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་


RTZ044_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

ཧི༔ ཞེས་པའི་མཐར་སྔགས་དང་སྦྱར་ཏེ་ལིངྒ་རྣམས་མེ་ཡི་ཧོམ་ཁུང་ནང་དུ་བསྲེག་ཅིང་མགོན་པོ་འཁོར་བཅས་ཞལ་རྔམས་པར་གདངས་བར་དམིགས་བྱ་རྣམས་ཕུལ་པས་ལྷག་མ་མེད་པར་གསོལ་བར་བསམ་ལ། མཐར་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿས་རྟེན་རྣམས་ལ་བསྟིམ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །དེ་ནས་མདོས་གཏོར་གྱི་མཐའི་མཆོད་པ་རྣམས་ཁ་གསོས་ལ། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་བིདྱཱ། ཤབྡ། མ་ཧཱ་བ་ལིཾ་ཏ་རཀྟ་ཨ་མྲྀཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་དབུལ། ཧེ་རུ་ཀ་དཔལ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་དང་ཡིག་བརྒྱས་བཟོད་པར་གསོལ། དམ་ཡེ་དབྱེར་མེད་ཀྱི་མགོན་པོ་འཁོར་བཅས་སྤྲུལ་གཞིའི་ཚུལ་དུ་སྟེང་གི་ནམ་མཁར་བཞུགས། མདོས་གཏོར་རྣམས་སྤྲུལ་པའི་རྣམ་རོལ་བསྟན་སྲུང་དྲེགས་པའི་དམག་དཔུང་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་ཤིང་འབར་བར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་སོགས་ཀྱི་མཐར། དགྲ་བོ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་བྷྱོཿ ཞེས་ཅི་རིགས་བཟླས་ཤིང་། དམིགས་བྱ་དགུག་བསྟིམ་བྱས་པའི་ཐུན་གྱི་གཏོར་མ་བདུད་རྩིར་སྤེལ་ལ་དམག་ལྟོའི་ཚུལ་དུ་ཨོཾ་བཛྲ་ཀྲོ་


RTZ044_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་མ་ཧཱ་བ་ལ་ཤྲཱི་ན་ཐ་ཐོ་ར་ས་མ་ས་པ་རི་བཱ་ར་ས་མ་ཡ་སྥ་ར་ཎ་ཧཱུྃ་ཕཊཿ ཅེས་པའི་མཐར་གཏོར་སྔགས་བཏགས་པས་ཕུལ་ལ། ཧཱུྃ། དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་རོལ་བཅས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་དོན་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཕྲིན་ལས་གསོལ་ལོ། །དེ་ནས་ཟོར་ལམ་འཐེན། སྲིད་པ་ཧུའི་དཀར་གཏོར་ཡང་བཤམ་ཞིང་། སྒྲུབ་པ་པོ་རྣམས་བཞེངས་ཏེ། སྒོ་དབྱེ་དང་ཡི་དམ་གྱི་ཕྲིན་ལས་ལྟར་བསྐུལ་ཞིང་ཆད་ཐོ་བསྒྲག །དཀར་གཏོར་དང་རུ་མཚོན་སོགས་ཀྱིས་སྣ་དྲངས་ཏེ། ཐེབས་ཀྱི་རྒྱུ་ཕྱོགས་ཀྱི་དུས་ཚོད་དང་བསྟུན་


RTZ044_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགྲ་ཕྱོགས་སུ་བཏེགས་ལ། གསེར་སྐྱེམས་ཕུལ་དཀར་གཏོར་བསྔོ་ཞིང་འདོད་དོན་གསོལ། དེ་ནས་ཟོར་བསྐུལ་ཞིང་འཕང་བ་ནི། ཧཱུྃ། བདག་ནི་མ་ཉེས་མ་ལན་ནོ། །དུས་གསུམ་སངས་རྒྱས་གཟུ་དང་དཔང་། །དམ་ཅན་སྲུང་མ་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །བདག་གི་སྟོངས་དང་གྲོགས་མཛོད་ཅིག །དམ་ཉམས་དགྲ་བགེགས་གནོད་བྱེད་འདིས། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྣལ་འབྱོར་བདག་ལ་སྒོས་དགྲ་བྱས། །དགྲ་བགེགས་སྟེང་དུ་ཟོར་འཕེན་ནོ། །རྣལ་འབྱོར་བདག་གི་ཟོར་ཁ་འདི། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །བར་གྱི་བཙན་ལ་མི་འཕེན་ནོ། །གསེར་སྐྱེམས་དམ་པ་འདི་གསོལ་ལ། །མཐོ་བ་རྣམས་ཀྱི་ཞབས་སྐུམས་ཤིག །དམའ་བ་རྣམས་ཀྱི་དབུ་ཆུམས་ཤིག །གདོང་ན་འདུག་པ་སྐུ་ཟུར་ཅིག །སོ་སོ་རང་རང་གནས་སུ་གཤེགས། །ཀོ་ལོང་གདུག་རྩུབ་མ་མཛད་ཅིག །ཁྱོད་ལ་གནོད་དང་འཚེ་མི་བྱེད། །བདག་གི་སྡོངས་གྲོགས་གཉན་པོ་མཛོད། །


RTZ044_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ད་ནི་ཟོར་འཕེན་གང་དུ་འཕེན། །ཟོར་འདི་སྡང་བའི་དགྲ་ལ་འཕེན། །ཟོར་འདི་གནོད་པའི་བགེགས་ལ་འཕེན། །ཟོར་འདི་ཟ་བའི་འདྲེ་ལ་འཕེན། །ཟོར་འདི་ཕུང་བའི་སྲི་ལ་འཕེན། །ཟོར་འདི་དགྲ་བགེགས་སྟེང་དུ་འཕེན། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ་ལ་འཕང་བ་ནི། ཧཱུྃ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །སྐུ་ལ་ཐོས་པའི་དུག་ཡོད་དེ། །སྙན་གྱི་ཨུཏྤལ་ད་ཕྱུངས་ལ། །བསྟན་པ་སྡང་བའི་དགྲ་བོ་དང་། །མཐའ་མི་དམག་མི་དག་གི་མིང་། །རྒྱལ་པོ་ཆེན་པོ་གསན་དུ་གསོལ། །ད་ནི་ཐོས་པའི་དུག་ཁྲོས་ལ། །དགྲ་བོ་ཁ་ཕུང་བརླག་ཏུ་ཆུག །དྲི་ཟ་འབུམ་གྱི་དམག་ཚོགས་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་པ་བརྗེས་ལ་ཕྲག་པ་ཕུད། །འཕྱོ་འཕྱོ་རྒྱལ་ཆེན་དམག་ལ་འཕྱོར། །འཕྱོར་འཕྱོ་ལྷ་ཆེན་དགྲ་ལ་འཕྱོར། །འཕྱོར་འཕྱོ་མཐའ་མིའི་སྟེང་དུ་འཕྱོ། །བསད་རྟགས་མཚན་མཁྱེར་ལ་ཤོག ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་ཆོས་ཀྱི་འཕགས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་ལ་རེག་པའི་དུག་ཡོད་དེ། །བསྟན་ལ་སྡང་བའི་དགྲ་བོ་


RTZ044_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཐའ་མིའི་དམག་དཔུང་འདི་དག་ལ། །རེག་པའི་དུག་གིས་བརླག་པར་མཛོད། །རེག་པ་ཙམ་གྱིས་ལུས་སེམས་ཕྲོལ། །གྲུལ་བུམ་འབུམ་གྱི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྗེས་ལ་འཕྲག་པ་ཕུད། །འཕྱོ་འཕྱོ་རྒྱལ་ཆེན་དམག་ལ་འཕྱོ། །འཕྱོ་འཕྱོ་ལྷ་ཆེན་དགྲ་ལ་འཕྱོ། འཕྱོ་འཕྱོ་མཐའ་མའི་སྟེང་དུ་འཕྱོ། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་དཔལ། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་ལ་མཐོང་བའི་དུག་ཡོད་དེ། །བསྟན་ལ་སྡང་བའི་དགྲ་བོ་དང་། །མཐའ་མིའི་དམག་དཔུང་འདི་དག་ལ། །ལྟོས་ཤིག་རྒྱལ་ཆེན་ད་ལྟོས་ཤིག །ཤེལ་དཀར་མཆོད་རྟེན་ད་སྡུས་ལ། སྤྱན་ལས་མཐོང་བའི་དུག་ཆེན་ཐོང་། །བསྟན་ལ་སྡང་བའི་དགྲ་བོ་དང་། །མཐའ་མའི་དམག་དཔུང་འདི་དག་ཀུན། །མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །དབང་པོ་ཡན་ལག་ཉམས་སུ་ཆུག །ལུས་པོ་རུལ་མྱགས་དམ་བུ་ཐོང་། །མཛེ་རིགས་བཅོ་བརྒྱད་མེ་ལྟར་སྦོར། །ཆུ་ལྷ་འབུམ་གྱི་དམག་དང་བཅས། །།དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །


RTZ044_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

ཐུ་བ་བརྗེས་ལ་འཕྲག་པ་ཕུད། །འཕྱོ་འཕྱོ་རྒྱལ་ཆེན་དམག་ལ་འཕྱོ། །འཕྱོ་འཕྱོ་ལྷ་ཆེན་དགྲ་ལ་འཕྱོ། འཕྱོ་འཕྱོ་མཐའ་མའི་སྟེང་དུ་འཕྱོ། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །ཧཱུྃ། རི་རབ་ལྷུན་མོའི་བྱང་ཕྱོགས་ན། །ཕྲོ་བྲང་ཆེན་པོ་ལྕང་ལོ་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་ལ་ཁ་རླངས་དུག་ཡོད་དེ། །དུག་སྦྲུལ་ནག་པོར་ཁྱོད་སྤྲུལ་ལ། །བསྟན་ལ་སྡང་བའི་དགྲ་བོ་དང་། །མཐའ་མིའི་དམག་དཔུང་འདི་དག་ལ། །ཁ་རླུངས་ནད་ཀྱི་བུ་ཡུག་ཐོབ། །འདུ་བ་རྣམ་བཞི་འཁྲུག་ཏུ་ཆུབ། །བཞི་བརྒྱ་རྩ་བཞིའི་ནད་ཆར་ཕོབ། །ལུས་དང་སེམས་སུ་ཕྲོལ་ལ་ཤོག །གནོད་སྦྱིན་འབུམ་གྱི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྗེས་ལ་འཕྲག་པ་ཕུད། །འཕྱོ་འཕྱོ་རྒྱལ་ཆེན་དམག་ལ་འཕྱོ། །འཕྱོ་འཕྱོ་ལྷ་ཆེན་དགྲ་ལ་འཕྱོ། འཕྱོ་འཕྱོ་མཐའ་མའི་སྟེང་དུ་འཕྱོ། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །བྷྱོ། །བཙུན་མོ་རུ་འདྲེན་བློན་པོ་དང་། །སྟག་སེང་འཕར་སྤྱང་དོམ་དྲེད་སོགས། སྨལ་བ་ཡང་སྤྲུལ་འཁོར་རྣམས་ཀྱང་། །རྒྱལ་པོ་ཆེན་པོའི་བཀའ་བྱུང་གིས། །མ་རུངས་མཐའ་དམག་འདི་དག་ལ། །བཞི་བརྒྱ་རྩ་བཞིའི་ནད་ཆར་ཕོབ། །སྟོང་ཕྲག་བརྒྱད་བཅུའི་འདྲེ་དམག་དྲོངས། །སྡེ་བརྒྱད་འབྱུང་པོ་ཟ་ཁ་གཏོད། །འཆི་བདག་གཤིན་རྗེའི་ཆད་པ་ཆོད། །


RTZ044_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་སྟབས་ཉེས་ཡེ་འདྲོགས་ཐོང་། །མ་མོའི་དལ་ཡམས་ཆར་དུ་ཕོབ། །སྙིང་ཁྲག་འཐུང་ལ་སྲོག་དབུགས་ལོངས། །ཞོན་པའི་རྟ་རྣམས་དམྱལ་ཐག་ཆོད། །འབྱུང་བ་རྣམ་ཤེས་བཀྲ་ག་མདངས་སྡུས། །རྩ་རྒྱུས་ཁག་དང་བླ་མཚོ་སྐོམས། །མཐའ་དམག་དཔུང་དང་བཅས་པ་ཡི། །གཟུགས་ཕུང་ཤ་ཁྲག་སྲོག་དབུགས་རྣམས། །ཟས་སུ་གཏང་ངོ་གཉེར་ཟས་གྱིས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཞེས་པའི་བར་བརྗོད་ལ་དགྲ་མནན་གང་ལ་བྱ་བའི་ཕྱོགས་སུ་འཕང་ཞིང་། རོལ་མོ་དྲག་ཏུ་བརྡུང་། མཚོན་ཆས་འདེད། བྷྱོས་གདབ་ཅིང་ཐལ་མོ་བརྡེབ། ཞིང་ལྤགས་དང་དུལ་མོ་བརྡུལ། དེ་ཡང་དམ་ཅན་དྲེགས་པའི་དམག་དཔུང་གནམ་ས་ཁེངས་པའི་ཆོ་འཕྲུལ་གྱིས་དགྲ་ཡུལ་དུ་ཆས་ནས་དགྲའི་རྣམ་ཤེས་མར་མེ་བསད་པ་ལྟར་བཏང་། གནས་ལུས་ལོངས་སྤྱོད་ཐལ་བའི་རྡུལ་དུ་བརླགས་པར་བསམ་མོ། །མི་ལྡོག་པའི་ཕྱིར་སྲུང་འཁོར་བསྒོམ་ཞིང་། སློབ་དཔོན་གྱིས་རྟིང་མནན་ཏེ་ཕྱི་མིག་མི་བལྟ་བར་ལོག་གོ །དེ་ནས་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། སྔར་གྱི་ལིང་རོ་དུམ་བུ་དང་སྦྱིན་སྲེག་གི་ཐལ་བ་རྣམས་དོང་ནང་དུ་མནན་ལ། དེར་དམིགས་


RTZ044_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བཀུག་པའི་ཁར་གཏོར་གཞོང་སྦུབ་པ་རི་རབ་ཏུ་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དུ་རུ་ཀའི་དབང་པོ་རྩ་ལག་སྡོམས། ཨུ་ཁྲང་གྲ་ཧ་མ་ནི། ཨུ་བྷ་ན་ལ་ཚ་ཚ། གུ་གུ་རཱ་ཛ་ནི། ལ་བྷ་བྷི་ཀུན་ཚེ་འདུ། ཧཱུྃ་རཱ་ཛ་ཡ། བྷ་གྷ་བྷ་གི་ནི་པ་ཚེ། ཀོ་སེ་ཕཊཿ ཀུ་ཏ་ཙ་ལི་ཡེ་ཕཊཿ ཏྲི་རཱ་ཛ་གུ་པ་གུ་པ། ཐིས་ཏིས་ཕཊ་ཕཊཿ དུ་རུ་ཀའི་དབང་པོ་རྩ་ལག་ནན་རྦད་རྦད། གནོད་བྱེད་དགྲ་བགེགས་སཏྭཾ་བྷ་ཡ་ནན། ཞེས་བཟླས་པས་བསྐལ་པའི་མཐའ་ལ་ཐུག་གི་བར་དུ་ལྡང་མི་ནུས་པར་བསམ་ལ་བྲོ་བརྡུང་བྱ། དེ་ནས་ནང་དུ་ལོག་ནས་ཚེ་འགུགས་དང་། དངོས་གྲུབ་བླང་། ཆོས་སྐྱོང་གི་གཏོར་སྐྱོང་རྗེས་ཆོག་རྣམས་དང་། རྩ་བའི་དཀྱིལ་འཁོར་ལ་གཏར་རག་གི་མཆོད་བསྟོད་དང་བཟོད་གསོལ་བྱ། ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། །བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་རྣམས་བྱའོ། །དེ་ལྟར་ཨོ་རྒྱན་ལུང་ཟིན་ཟབ་གཏེར་བདག །ཞིག་པོ་གླིང་ཞེས་གྲགས་དེས་སྤྱན་དྲངས་པའི། །དམག་ཟློག་ཉེར་ལྔའི་ནང་ནས་རྒྱལ་ཆེན་བཞི། །མཆོད་ཐབས་


RTZ044_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁམས་འབངས་སུ་གཏད་ཐབས་དང་། །གཏོར་ཟློག་དཔལ་མགོན་དོན་ལྔའི་མདོས་ལ་སོགས། །གཏོང་ཐབས་ལག་ལེན་བཀླག་པས་དོན་རྟོགས་འདི། །ལྷ་རིགས་སྨྱོས་བཙུན་རིན་ཆེན་རྣམ་རྒྱལ་་་སྨིན་གླིང་རྒྱལ་སྲས།དེས། །ཟིན་མེད་རྣམ་གཡེངས་ངང་ནས་འབད་དེ་བྲིས། །དགེ་དེས་གནོད་བྱེད་དགྲ་བགེགས་ཚོགས་སྤྱི་དང་། །གདུག་ཅན་མཐའ་དམག་དུ་རུ་ཀ་ཡི་དཔུང་། །མིང་གི་ལྷག་མར་བྱས་ཏེ་རྒྱལ་བའི་བསྟན། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །ཅེས་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུ་ལོ་མགོ་ཟླའི་ཤེར་ཕྱོགས་ལ་སུག་བྲིས་སུ་སྤེལ་བ་དགེ་ལེགས་འཕེལ།། །།


previousཞིག་གླིང་གི་གཏེར་བྱོན་དམག་ཟློག་ཉེར་ལྔ་ལས་རྒྱལ་ཆེན་མཆོད་ཐབས་དང་གཏོར་ཟློག་མདོས་རྣམས་ཉམས་སུ་བླང་བའི་ལག་ལེན་བཀླག་ཆོག་མཐོང་བས་དོན་རྟོགས།next