སེར་སྲུང་གནམ་ལྕགས་གུར་ཁང་ལ་ཉེ་བར་མཁོ་བའི་ཟིན་བྲིས། དགེ་སློང་པད་ཕྲིན།


RTZ044_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྲུང་གནམ་ལྕགས་གུར་ཁང་ལ་ཉེ་བར་མཁོ་བའི་ཟིན་བྲིས་བཞུགས་སོ། །


RTZ044_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་ཕྲིན་ལས་ཧེ་རུ་ཀ །རྡོ་རྗེ་ཐོད་ཕྲེང་རྩལ་དུ་ལེགས་ཤར་བ། །སྣང་སྲིད་དྲེགས་པ་ཀུན་གྱི་སྲོག་རྒྱུད་ལ། །དབང་སྒྱུར་འཁོར་ལོའི་མགོན་དེར་ཕྱག་བགྱི་འོ། །དེ་ལ་འདིར་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་ཚོགས་རིན་ཆེན་ཁང་བུ་ལས། སེར་སྲུང་གནམ་ལྕགས་གུར་ཁང་ཞེས། བཀའ་གཏེར་གསར་རྙིང་ཀུན་གྱིས་ཟབ་པར་རློམ་པའི་གདམས་ངག་ཀུན་ལས་ཁྱད་པར་དུ་འཕགས་ངེས་པ་བྱིན་རླབས་ཀྱི་ཚན་ཁ་ཅན་འདི་ལ། ཕྱི་ནང་གསང་བ་ཡང་གསང་བཞིའི་སྒོ་ནས་སྲུང་ཚུལ། དེ་ཡང་དང་པོ་ཕྱི་སྲུང་ལ་ཡང་སྤྱི་ཆིངས་སྒོས་ཆིངས་གཉིས་ཀྱི། སྤྱི་ཆིངས་ལའང་དོན་བདུན་གྱི་ཐོག་མ། རི་བོ་ར་བར་གཞུག་པ་ཞེས་སེར་གཏའ་བསྡམ་པ་ལ། བསྙེན་སྒྲུབ་ལས་གསུམ་ལས། གོང་བསྙེན་ཐུགས་སྒྲུབ་གསང་བ་རིན་ཆེན་འདུས་པ་ལྟར་བརྒྱུད་ལྡན་བླ་མའི་གསུང་རྒྱུན་བཞིན་དུས་གྲངས་རྟགས་གསུམ་མཐར་ཕྱིན་པར་བྱ། སྒྲུབ་པ་ལ། བཅའ་གཞི་བཤམ་པ་དང་སྒྲུབ་ཚུལ་གཉིས་ཀྱི། དང་པོ་ནི། ཕུར་པ་དང་རྩིབ་ཐུན་བཅས་གཞུང་གསལ་ལྟར་སྟ་གོན་ལེགས་པར་བྱ། རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་ཚོམ་བུ་གང་ཡང་རུང་བ་ལ་བརྟེན་པའི་མདུན་ནམ། ཡང་ན་སྨན་རཀ་གཏོར་གསུམ་དང་། རྟེན་བྲིས་འབུར་བྱིན་རླབས་ཅན་གྱི་མདུན་དུ། སྟེགས་བུའི་ཁར་ནས་བྲེ་གང་ལ་དབུས་དང་ཕྱོགས་མཚམས་ཀྱི་ཕུར་པ་རྣམས་སོ་སོར་བཀོད། ཕུར་བུའི་བར་བར་དུ་མིའི་རྩིབ་མ་སྔགས་ཅན་གཟུག །ཕུར་རྩིབ་རྣམས་ཚོན་སྐུད་སྣ་ལྔས་དྲྭ་བར་སྦྲེལ་བའི་སྣེ་གཟུངས་ཐག་ལྟར་རང་གིས་འཐེན་ཆོག་པར་བྱ། སེར་ཐུན་གཞུང་ལྟར་


RTZ044_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྣམས་ཀྱང་རིན་པོ་ཆེའི་སྣོད་དུ་བཤམས་པ་དཀྱིལ་འཁོར་གྱི་ཕྱོགས་གང་བདེར་བཀོད། རྡོ་འཁོར་ཡང་ཉེ་ལོགས་སུ་བཤམ། སྟེགས་བུའི་མཐར་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པས་བསྐོར་བ་དེ་བཅའ་གཞི་བཤམ་པའོ། །སྒྲུབ་པ་དངོས་ནི་ཐུན་བཞིར་གཅད་དེ། རབ་ཞག་བདུན། འབྲིང་ཞག་ལྔ། ཐ་མ་གསུམ་ངེས་པར་བསྒྲུབ་དགོས་ཏེ། རྩ་བར། ཞག་རེ་ཐུན་བཞིར་བཅད་བྱས་ལ༔ ཞག་གསུམ་ལྔ་དང་བདུན་དུ་བསྒྲུབ༔ ཅེས་གསུངས་པའི་ཕྱིར། དེ་ཡང་ཐུན་རེ་ལ་ལས་བྱང་འབྲིང་པོ་ཚར་རེ་ཐུབ་ན་རབ། དེ་མིན་ཐུན་གཅིག་ལ་ལས་བྱང་འབྲིང་པོ་དང་། གཞན་གསུམ་ལ་སྔགས་ཀྱི་ལས་བྱང་ཚར་རེ་བགྱིས་ན། བསྙེན་སྒྲུབ་ཀྱི་སྔགས་གཞན་ལ་མི་གནོད་ཅིང་འགྲོ་ཆེ་བའི་ཁྱད་པར་ཡོད། དེ་ཡང་ཐུན་གཅིག་ལ་དཔེར་མཚོན་ན། སྔོན་འགྲོ་གཟེར་ལྔ་ནས་བརྩམ་སྤྱན་འདྲེན་ལ་ཐུག་གི་བར་དུ་བཏང་ནས། རང་གི་ལུས་དཀྱིལ་དང་བཅས་ལེགས་པར་གསལ་བཏབ་ནས། སྐབས་དེར་ཕུར་ཐུན་རྣམས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་དབུས་ཀྱི་ཕུར་པ་རྡོ་རྗེ་དྲག་པོ་རྩལ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། ཤར་གྱི་ཕུར་པ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ལྷོའི་ཕུར་པ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་ཐོད་ཁྲག་འཛིན་པ། ནུབ་ཀྱི་ཕུར་པ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་ཐོད་ཁྲག་འཛིན་པ། བྱང་གི་ཕུར་པ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་ཐོད་ཁྲག་འཛིན་པ། མཚམས་ཀྱི་ཕུར་པ་རྣམས་ཧཱུྃ་ལས། ལས་ཀྱི་ཁྲོ་བོ་སྐུ་


RTZ044_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོ་རླུང་གི་འཁོར་ལོས་སེར་སྤྲིན་གཏོར་བ། གཡོན་གྱི་དང་པོས་མེའི་འཁོར་ལོས་སེར་བ་སྲེག་པ། ཐ་མ་གཉིས་ཕུར་པ་འདྲིལ་བས་སེར་གདོན་ཚར་གཅོད་པ། ཕུར་པ་གཙོ་འཁོར་ཐམས་ཅད་སྟོད་ཁྲོ་བོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་ཁྲོ་རྔམ་དང་ལྡན་པ། སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ་ཚ་རྔམ་དང་ལྡན་པའོ། །རྩིབ་མ་རྣམས་བྷྱོ་ལས་ཀེང་རུས་ཀྱི་ཁྲོ་བོ་ཤིན་ཏུ་འཇིགས་པ་མཚོན་ཆ་སྣ་ཚོགས་འཛིན་པ། ཀུན་ཀྱང་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །རྡོ་འཁོར་རྣམས་ཀྱང་ཡིག་འབྲུ་ལངས་པའི་ཚུལ་ཅན་འོད་ཟེར་འཕྲོ་བ། སེར་ཐུན་རྣམས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ་མེའི་ཚྭ་ཚྭ་འཕྲོ་བར་གྱུར། བདག་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ནས། མ་ཧཱ་གུ་རུ་པདྨ་འབྱུང་གནས་བདེ་གཤེགས་ཀུན་འདུས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ལ་ཁྲོ་བཅུ་འབར་བའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་སྤྱན་དྲངས་ནས་ཕྱི་ནང་སྦྱོར་སྒྲོལ་སྨན་རཀ་གཏོར་གསུམ་གྱི་མཆོད་པ། བསྟོད་པ། སུམ་བརྒྱ་ཉེར་གཅིག་གི་བཟླས་པའི་བར་བྱ། དེ་རྗེས་ཕུར་པའི་དབལ་སྔགས་སྟོང་ཕྲག་གཅིག་བཟླ་དགོས་པ་ནི། ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་མ་ལ་རཱ་ཙ་ནི༔ མ་


RTZ044_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀྲོ་ཏ་ནི༔ བི་ཛ་ཀྲོ་ཏ་ནི་བྷན་དྷ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ དེ་རྗེས་རྩིབ་མའི་སྔགས་སུམ་བརྒྱ། ཨཱོྃ་ཏིང་ཏིང་བྷྱོ་རཱ་ཧུ་ལ་རྦད་བྷྱོ༔ ཏིང་པ་ཏ་དགྲ་བོ་མཱ་ར་ཡ་ཡཀྵ་མ་རྦད་བྷྱོ༔ དེ་རྗེས་ཐུན་ལ་དམིགས་ནས། ཨཱོྃ་ན་མོ་བྷ་ག་བཱན་ཙ་ན་ཡ༔ ཙནྡྷ་ཀུ་རུ་ཧ་ཏ་ཡ༔ ས་ར་ས་ར༔ སུ་རུ་སུ་རུ༔ སཱུར་ཡ་ནཱ་ག་སརྦ་ཏྲ་ཤ༔ ས་མ་ཧ་ར་པཉྩ་ནི་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་བཟླ། དེ་རྗེས་རྡོ་འཁོར་གྱི་སྔགས་རྣམས་གཞུང་ལྟར་ཅི་རིགས་བཟླ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་ཙམ་མཇུག་ཏུ་བཟླའོ། །དེ་དག་གི་དུས་གཟུངས་ཐག་ནས་བཟུང་སྟེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། ཕུར་ཐུན་རྩིབ་རུས་རྡོ་འཁོར་རྣམས་ལ་ཕོག །དེ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཕགས་པ་མཆོད་ཅིང་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་ཁྲོ་བོ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རྟེན་རྣམས་ལ་ཐིམ་པས། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བྱིན་རླབས་ནུས་ལྡན་དུ་གྱུར་པར་དམིགས་ལ་བཟླ། སྔགས་རྣམས་གཟུངས་ཐག་ནས་བརྒྱུད་དེ་སྒྲུབ་རྫས་རྣམས་ཕུས་འདེབས། མེ་ཏོག་ལ་ཡང་སྔགས་པ་འཐོར་ཞིང་། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཞེས་སོགས་ཛཔ྄་བསྐུལ་དང་། བཀྲ་ཤིས་ཀྱི་ཚིགས་གཅད་ཅི་རིགས་བརྗོད། རིག་འཛིན་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ ཞེས་སོགས་མཆོད་པ་དང་། དོན་བསྟོད་བྱའོ། །དགོང་ཐུན་གྱི་མཇུག་ཏུ་བཀའ་སྲུང་རྣམས་ལ་སྐོང་གསོལ་རྒྱས་


RTZ044_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྲོད་ཐུན་གྱི་རྗེས་སུ་ཚོགས་མཆོད་སོགས་རྒྱས་པར་བྱ་དགོས་ཏེ། གཞུང་ལས། མཇུག་ཏུ་རྩ་བ་གསུམ་དང་ནི༔ ཆོས་སྐྱོང་རྣམས་ལ་གཏོར་ཚོགས་འབུལ༔ འདོད་དོན་ཕྲིན་ལས་དྲག་ཏུ་བཅོལ༔ ཅེས་གསུངས་པའི་ཕྱིར། དེ་ལྟར་བསྒྲུབས་ནས་རབ་འབྲིང་ཐ་གསུམ་གང་ཡང་རུང་བའི་ཞག་གྲངས་ཐེམས་རྗེས། ལྷག་མ་ཆད་ཐོ། དངོས་གྲུབ་བསྐུལ་བ་དང་བདག་བསྐྱེད་བསྡུ་ཞིང་དགེ་བསྔོ་ཤིས་བརྗོད་རྣམས་དཀྱུས་བཞིན་བྱ། སྒྲུབ་རྫས་རྣམས་ལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་སྒོ་ནས་བརྟན་བཞུགས་དང་ལྷག་གནས་ཤིས་བརྗོད་རྒྱས་པར་བྱ་བ་སྟེ་སྒྲུབ་པའོ། །ལས་སྦྱོར་བཅའ་སྒྲིག་ནི། སེར་གཏའ་བསྡམ་པ་དངོས་ཡིན་ཏེ། དེ་ལ་ཡང་། བཅས་དང་དངོས་གཉིས་ལས། གོང་གི་རྡོ་འཁོར་ཕུར་རྩིབ་དང་། སཱཙྪ་སོགས་ལེགས་པར་གསག །སེར་ཐུན་གང་བུ་རྣམས་རས་སྒྱེར་བླུགས། གཟུངས་ཐག་དེས་ཐུན་འཕེན་པའི་འུར་རྡོ་མི་ལྤགས་ཀྱི་མཐིལ་ཡུགས་སྐྲའི་འཇག་བཅས་བཟོས་པས་འུར་རྡོའི་རྒྱུ་བྱ། ཉུངས་དཀར་སོགས་ཐུན་སིལ་བུ་རྣམས་ཐུན་རུར་བླུགས། གང་བསྲུང་ཡུལ་གྱི་ཕྱེ་ཕུད་སོགས་བསྡུས་ཏེ་ཡོ་བྱད་རྣམས་འཛོམ་པར་བྱེད། ལས་སྦྱོར་དངོས་གཞི་ནི། རྒྱབ་ཆོས་སུ་དཀོན་མཆོག་མཆོད་པ་དང་། དཀར་ཆོས་གསུང་རབ་སྒྲོག་པ་སོགས་བྱེད། ས་མཐོ་སར་ཕྱིན་ལ། བྱང་གཏེར་གྱི་བསང་མཆོད་རྒྱས་པ་དང་ལོ་ཆོག་སོགས་བྱ། ཡུལ་ལྷ་གཞི་བདག་ལ་བསང་གསོལ་རྒྱས་པར་འབུལ་ཞིང་ཕྲིན་ལས་བཅོལ། ཤར་ནས་གཟུང་སྟེ་ཐོ་རྣམས་བསྐོར། ལྟོ་འཕྱེ་བརྟགས་ལ་ས་བྲུ། ཐོ་བརྩེགས་པའི་ནང་དུ། རྡོ་འཁོར། སཱཙྪ། སེར་ཐུན། རྩིབ་ཕུར། གཏོར་མ་ཀྱུ་གུ་རེ་རྣམས་གཞུག །ཐོ་བསང་སྦྱང་། སྟོང་པའི་ངང་ལས་ཐོ་གནམ་ལྕགས་ལས་གྲུབ་པའི་རི་རབ་མེ་ལྕེ་འབར་བར་


RTZ044_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། དེའི་སྟེང་དུ་རྩིབ་ཕུར་རྣམས་ལྷ་སོ་སོ་དང་། རྡོ་འཁོར་དང་ཐོ་སོགས་རྡོ་རྗེ་དྲག་པོ་རྩལ་ཁྲོ་བཅུ་འབར་བར་འཁོར་དང་བཅས་པ་བསྐྱེད། དེ་ཡང་ཤར་གྱི་ཐོའི་འཁོར་དུ་རྣམ་པར་རྒྱལ་བ་སོགས་ཁྲོ་ཚོགས། ཤར་ལྷོར་དབྱུག་སྔོན། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་ཏུ་རྟ་མགྲིན། ནུབ་བྱང་དུ་གཞན་གྱིས་མི་ཐུབ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སོགས་ཕྱོགས་མཚམས་སོ་སོའི་ཁྲོ་བོ་ཡབ་ཡུམ་འཁོར་བཅས་སུ་གསལ་བཏབ། སྤྱན་འདྲེན་མཆོད་བསྟོད་བསྡུས་པ་རེ་དང་། སྔགས་རྣམས་ཅི་རིགས་བཟླས་པའི་མེ་ཏོག་གཏོར། བརྟན་བཞུགས་ཤིས་བརྗོད་བྱ། དེའི་ཕྱིར་རྡོ་རྗེའི་གུར་ཁང་མེ་རི་སོགས་སྲུང་འཁོར་སྤྱི་ལྟར་གསལ་བཏབ། གཞན་ཡང་འོང་ས་དེའི་ཕྱོགས་བཞིར་ཐོ་ཡན་པ་བཞི་བརྩིགས་པ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་མཆོད་བསྟོད་གཏོར་འབུལ་བཞུགས་གསོལ་བྱའོ། །དེས་རི་བོ་ར་བར་གཞུག་པའི་མན་ངག་བསྟན་ཟིན་ཏོ། །རྒྱུན་གཏན་དུ་ནངས་རེ་བཞིན་ཕྱི་སྲུང་གིས་གཅད། གཉིས་པ་ནམ་མཁའ་རྒྱས་འདེབས་ཆག་མེད་བྱ། གསུམ་པ་སྟོད་སེར་གངས་ལྟར་བཞུ་བ། བཞི་པ་རི་རྩིབས་སེར་བ་ར་ལྟར་འདེད་པ། ལྔ་པ་སེར་རྐང་ཀརྟ་རིས་ཕྱེད་མར་གཤགས་པ། དྲུག་པ་སེར་སྤྲིན་དགྲ་ཡུལ་དུ་སྒྱོགས་ལྟར་འཕང་བ། བདུན་པ་ཀླུང་དུ་སེར་བ་མེ་ཡིས་བཞུ་བ་སོགས་སྐབས་སྦྱར་བྱ། གཞན་ཡང་ནང་དང་གསང་བ་ཡང་གསང་གི་སྲུང་ཐབས་རྣམས་ཀྱང་རིག་པས་དཔག་སྟེ་གང་འོས་འཕྲུལ། ཁྱད་པར་མན་ངག་ཁ་འཐོར་གྱི་སྐབས་སུ་བཤད་པའི་རང་སྲུང་འཁོར་


RTZ044_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཏགས་པར་གཅེས། གཟའི་འགྱུ་དུས་རྣམས་ལ་ཟོར་བ་འཁྱུག་པའི་རྒྱུད་ལས་བཤད་པའི་ཀིང་ཀང་རྡོ་འཁོར་འབྲོས་སྟབས་ཀྱི་མན་ངག་ཟབ་མོའི་གནད་དང་ལྡན་པ་དང་། གཞན་ཡང་ཤར་ནས་སེར་བ་བྱུང་ན། ཐུན་གྱི་གར་བུ་འུར་རྡོས་འཕང་། ལྷོ་ནས་བྱུང་ན་ཆུ་འཐོར། ནུབ་ནས་བྱུང་ན་མེ་ཐོ་བཏང་། བྱང་ནས་བྱུང་ན་དུལ་གཡབ་བརྟུལ། སྟེང་ནས་དྲག་པོར་བྱུང་ན་སྔགས་ཀྱི་འཁོར་ལོ་བསྐོར་ཞིང་ཐུན་འཕང་བ་སོགས་བླ་མའི་མན་ངག་ལས་ཤེས་ཤིང་། དམ་ཚིག་སྡོམ་པ་རྣམས་ཡོན་མཆོད་ཀུན་གྱིས་ལེགས་པར་བསྲུང་། སླར་གནམ་ཐག་ཆོད་ནས། ཐོ་ཕུར་སོགས་བཅས་རྣམས་མ་བསྡུས་ན་ལྷ་འདྲེའི་འགྱུ་སྲང་བཅད་པའི་ཉེས་པ་འབྱུང་བས། ཕུར་ཐུན་སོགས་རྫས་རྣམས་བསྡུས་པའི་ཤུལ་དུ་སྨན་དང་འབྲུ་སྤོས་ཀྱིས་བཀང་། རྩིབ་རུས་རྡོ་འཁོར་སཱཙྪ་རྣམས་ན་བཟས་དྲིལ་ལ་རྟེན་མཆོད་གྲལ་དུ་བཞག་ལ་རྟག་པར་མཆོད། ཆོས་སྲུང་སྡེ་བརྒྱད་གཞི་བདག་གཏང་རག་གིས་མཆོད། ཡོན་སློང་ཞིང་དགེ་བ་བསྔོ་བར་བྱའོ། །འདི་ནི་ཀུན་ལས་ཁྱད་པར་འཕགས་ངེས་ཏེ། རྩ་བར། ལྷ་བཞི་འདུས་པའི་དྲག་སྔགས་དང༔ རྒྱ་ནག་ཆུ་གཅོད་ལ་སོགས་པའི༔ སེར་བ་སྲུང་བའི་ལས་རིམ་ནི༔ རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས༔ མན་ངག་ཕྲན་བུ་ལ་སོགས་པ༔ གཏེར་ཁ་དུ་མར་སྦས་ནས་བཞག༔ སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ དེས་ཀྱང་ཐུབ་པར་དཀའ་བས་ན༔ ཀུན་གྱི་ཡང་སྙིང་བཅུད་དུ་དྲིལ༔ གདམས་སྐོར་ཚང་ལ་དོན་ཉུང་བ༔ དཀའ་ལས་ཆུང་ཞིང་ཟབ་པའི་གནད༔ སེར་སྲུང་གནམ་ལྕགས་གུར་ཁང་འདི༔


RTZ044_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སྦྲུལ་སྤུངས་འདྲའི་རྐེད་ལ་སྦས༔ ཞེས་གསུང་པས་ཀུན་ལས་ཁྱད་པར་དུ་གྱུར་པའོ། །དེ་ལྟར་འགྲོ་ལ་ཕན་བྱེད་སེར་སྲུང་གི །བསྙེན་སྒྲུབ་ལས་གསུམ་ཁྲིགས་སུ་བྱས་པའི་དགེས། །འགྲོ་བའི་ལོ་ཏོག་འཇིགས་པ་ཀུན་བསལ་ནས། །ཕན་བདེའི་ལོ་ཏོག་ཀུན་ནས་རྒྱས་པར་ཤོག །ཚུལ་འདི་རང་སློབ་སྔགས་འཆང་གནས་ཆུང་བ། །ཀུན་དགའ་བློ་བཟང་བསྐུལ་པའི་བཞེད་པ་ལྟར། །རིག་སྔགས་འཆང་བའི་དགེ་སློང་པད་ཕྲིན་པས། །ཨོ་རྒྱན་ཚེ་ཆུ་ཕུག་གི་གནས་སུ་བྲིས། །ཐུབ་བསྟན་སྤྱི་དང་བྱེ་བྲག་བཀའ་གཏེར་བསྟན། ཁྱད་པར་ལྷ་བྲག་ཐུགས་གཏེར་ཤིང་རྟའི་སྲོལ། །རྒྱས་དང་ལྷན་ཅིག་འགྲོ་ཀུན་བདེར་འཁོད་ནས། །དགེ་ལེགས་ཕྱོགས་བརྒྱར་འཕེལ་བའི་བཀྲ་ཤིས་ཤོག། །།