Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་གཏེར་ལས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ། མི་འགྱུར་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་གཏེར་ལས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ། མི་འགྱུར་རྡོ་རྗེ།next

གནམ་ཆོས་ཐུགས་གཏེར་ལས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ། མི་འགྱུར་རྡོ་རྗེ།


RTZ044_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་ལས༔ རིགས་གསུམ་མགོན་པོའི་དྲིལ་སྒྲུབ་བཞུགས་སོ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ རིགས་གསུམ་མགོན་པོའི་དྲིལ་སྒྲུབ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསྡུས་པ༔ རང་ཉིད་རིགས་གསུམ་མགོན་པོ་གཅིག་དྲིལ་བ༔ དབུས་ཞལ་སྐུ་ལུས་རྩ་ཕྱག་རྩ་ཞབས་རྣམས༔ སྙིང་རྗེ་མཐར་ཕྱིན་སྤྱན་རས་གཟིགས་མགོན་ནི༔ སྐུ་མདོག་དཀར་པོ་ཕྲེང་བ་པདྨ་འཛིན༔ གཡས་ཞལ་ཕྱག་དང་ཞབས་ནི་བར་པ་རྣམས༔ ཤེས་རབ་མཐར་ཕྱིན་འཇམ་དཔལ་གཞོན་ནུ་ནི༔ གུར་གུམ་མདོག་ཅན་རལ་གྲི་པོ་ཏི་འཛིན༔ གཡོན་ཞལ་ཕྱག་དང་ཞབས་ནི་ཐ་མ་གཉིས༔ མཐུ་སྟོབས་མཐར་ཕྱིན་གསང་བའི་བདག་པོ་སྟེ༔ ཆར་སྤྲིན་མདོག་ཅན་རྡོ་རྗེ་སྡིགས་མཛུབ་ཞགས༔ ཞབས་དྲུག་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན༔ སྤྱན་དྲངས་བསྟིམ་ཞིང་དབང་བསྐུར་རིགས་བདག་མཚན༔ ཨཱཿཧྲཱིཿཧཱུྃ༔ དེ་ཡིས་རིགས་གསུམ་མགོན་པོ་འགྲུབ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་སྙིང་རྗེ་སྐྱེ་བའི་ཐབས༔ དང་པོ་རང་ཉིད་གཅིག་དྲིལ་བསྐྱེད༔ དེ་ནས་རང་ཉིད་ཐ་མལ་པའི༔ མདུན་དུ་རང་གི་མ་རྒན་


RTZ044_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ ལ་ལ་མེ་ཡི་འོབས་ན་གནས༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ ལ་ལ་ཆུ་དང་གངས་ལ་གནས༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ ལ་ལ་རྡོ་ཡི་གསེབ་རྣམས་ནས༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ ལ་ལ་ཟ་རྒྱུ་མ་རྙེད་པར༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ ལ་ལ་གཅིག་གིས་གཅིག་ཟ་ཞིང༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ ལ་ལ་རང་གིས་རང་ཟ་ཞིང༔ ཐར་མི་ནུས་ཤིང་ངུ་འབོད་བྱེད༔ དེ་ལྟར་བསྐྱེད་ནས་སྙིང་རྗེ་བྱ༔ ཡང་ཡང་བསྒོམས་པས་ངེས་པར་སྐྱེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤེས་རབ་ཆེ་བའི་མན་ངག་ནི༔ ཨ་ག་རུ་དང་ཨ་རུ་ར༔ རང་གི་གདོང་བཀྲུས་ཆུ་ཡི་ནང༔ བླ་མའི་ཞལ་ཆབ་བླུགས་ནས་སྦྲུས༔ དེ་ཉིད་སྔགས་འདིས་རབ་བསྔགས་ནས༔ ལྟོར་སོང་ཙམ་གྱིས་ཤེས་རབ་ཆེ༔ ཨོཾ་ཨ་དྷཱི་ནི་པ་དྷཱི་ནི་པྲ་ཛྙཱ་ཧཱུྃ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཐུ་སྟོབས་ཆེ་བའི་མན་ངག་ནི༔ རྫས་འདི་བསྔགས་ནས་མིད་པས་ཆོག༔ ཆུ་སྲིན་སྡེར་མོ་ཆུ་དག་དང༔ གུ་གུལ་ནག་པོ་ཡུང་བ་འོ༔ ཨོཾ་ཧཱུྃ་ཧཱུྃ་མ་ནི་དྷཱ་ཧ་ནི་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་སྣྲོན་ཟླ་བའི་ཉེར་དགུ་ལ་རིགས་གསུམ་གཅིག་དྲིལ་ཞལ་དངོས་སུ་གཟིགས་ནས་གསུངས་པའོ། །འདིའི་དབང་གཟུངས་དབང་ལྟར་རོ།། །།


previousགནམ་ཆོས་ཐུགས་གཏེར་ལས་རིགས་གསུམ་མགོན་པོའི་དྲིལ་སྒྲུབ། མི་འགྱུར་རྡོ་རྗེ།next