Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་སྒྲུབ་པ། མི་འགྱུར་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་སྒྲུབ་པ། མི་འགྱུར་རྡོ་རྗེ།next

གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་སྒྲུབ་པ། མི་འགྱུར་རྡོ་རྗེ།


RTZ044_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་སྒྲུབ་པ་བཞུགས་སོ༔


RTZ044_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་དྷཱ་ཀི་ཡེ་ན་མ༔ ལས་ཧུར་དྲག་མོ་བསྒྲུབ་པ་ནི༔ དཀྱིལ་འཁོར་གཏོར་མ་དཔེའུ་རིས་ལྟར༔ གཞལ་ཡས་ཁང་གི་དབུས་སུ་ནི༔ དམིགས་པ་རང་ཉིད་ལས་ཧུར་མ༔ དབུ་དྲུག་ཕྱག་ནི་བཅུ་གཉིས་ཏེ༔ གཡས་ཞལ་དཀར་པོ་གཡོན་ཞལ་དམར༔ དབུས་ཞལ་ནག་པོ་སྟེང་ཞལ་ལྗང༔ གཡས་ཞལ་སེར་པོ་གཡོན་ཞལ་དམར༔ ཕྱག་ནི་བཅུ་གཉིས་དང་པོ་གཉིས༔ གྲི་གུག་ཐོད་ཁྲག་དེ་འོག་གཉིས༔ ཁ་ཊྭཱཾ་པད་ཕོར་དེ་འོག་གཉིས༔ ཕུར་པ་ནད་རྐྱལ་དེ་འོག་གཉིས༔ ཁྲམ་ཤིང་དབྱུག་ཏོ་དེ་འོག་གཉིས༔ དགྲ་སཏྭ་ཐོ་བ་དེ་འོག་གཉིས༔ གཏུན་ཤིང་སྦྲུལ་གྱི་ཞགས་པ་འཛིན༔ ཤིན་ཏུ་འཇིགས་པ་ཕྱེད་སྐྱིལ་བཞུགས༔ དབུ་ཡིས་ལྷ་གནས་བསྔང་བར་བྱེད༔ ཞིང་བཅུ་ཚང་བའི་དགྲ་བོ་ལ༔ ལྷ་དམག་འདྲེན་ནས་རྡུལ་དུ་བརླག༔ ཕྱག་གིས་གཉན་རྣམས་བསྔང་བར་བྱེད༔ ཞིང་བཅུ་ཚང་བའི་དགྲ་བོ་ལ༔ གཉན་དམག་བསྡུས་ནས་རྡུལ་དུ་བརླག༔ ཞབས་ཀྱིས་ཀླུ་རྣམས་བསྔང་བར་བྱེད༔ ཞིང་བཅུ་ཚང་བའི་དགྲ་བོ་ལ༔ ཀླུ་དམག་བསྡུས་ནས་རྡུལ་དུ་བརླག༔ སྐུ་སྟོད་དགྲ་བོའི་པགས་པ་གསོལ༔ དུག་སྦྲུལ་ཆུན་པོས་སྐེ་རགས་བྱས༔ ཕྱག་གདུབ་ཞབས་གདུབ་རྣ་རྒྱན་དང༔ དོ་ཤལ་དུག་སྦྲུལ་ནག་པོས་བྱས༔ སྐུ་སྨད་གཟིག་གི་ཤམ་ཐབས་གསོལ༔ གླང་ཆེན་ཀོ་རློན་སྐུ་ལ་གསོལ༔ ཞལ་ཁུག་གཉིས་སུ་


RTZ044_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སྙིང་བཅུག༔ ཁྲག་ཞག་ཐལ་ཚོམ་སྐུ་ལ་བརྒྱན༔ དེ་རྒྱབ་ཞིང་ཆེན་ར་བ་དང༔ དེ་རྒྱབ་ཤར་གྱི་པད་འདབ་ལ༔ རྡོ་རྗེ་གཡུ་དྲག་མ་ལ་ནི༔ རྡོ་རྗེ་ཕྲེང་བ་རྡོ་རྗེ་ཞགས༔ རྡོ་རྗེ་སྒྲོག་དང་རྡོ་རྗེ་སྒྲོན༔ དེ་ཡི་ལྷོ་ཡི་པད་འདབ་ལ༔ རཏྣ་ཁྲམ་དྲག་མ་ལ་ནི༔ རཏྣ་ཏི་དང་རཏྣ་ཀམ༔ རཏྣ་རྒྱུག་དང་རཏྣ་མགྱོགས༔ དེ་ནས་ནུབ་ཀྱི་པད་འདབ་ལ༔ པདྨ་ནག་དྲག་ཕྱོགས་བཞིའི་འཁོར༔ པདྨ་སྨུག་འཛིན་པདྨ་ཕྲེང༔ པདྨ་སོལ་བ་པདྨ་མོ༔ དེ་བཞིན་བྱང་གི་པད་འདབ་ལ༔ ཀརྨ་འགྲོགས་ཆེན་དྲག་མོ་ལ༔ ཀརྨ་ལས་བྱེད་ཀརྨ་མགོན༔ ཀརྨ་མཚོ་དང་ཀརྨ་སྐྱོང༔ དེ་རྒྱབ་པདྨ་དགུ་ལ་ནི༔ ཤར་དུ་ཤིང་གི་ཀག་ཟློག་མ༔ ཤར་ལྷོར་རླུང་གི་ཀག་ཟློག་མ༔ ལྷོ་སྟོད་མེ་ཡི་ཀག་ཟློག་མ༔ ལྷོ་སྨད་དགྲ་ཡི་ཀག་ཟློག་མ༔ ལྷོ་ནུབ་ས་ཡི་ཀག་ཟློག་མ༔ ནུབ་ཏུ་ལྕགས་ཀྱི་ཀག་ཟློག་མ༔ ནུབ་བྱང་ནམ་མཁའི་ཀག་ཟློག་མ༔ བྱང་དུ་ཆུ་ཡི་ཀག་ཟློག་མ༔ བྱང་ཤར་ཕྱོགས་ཀྱི་ཀག་ཟློག་མ༔ དེ་རྒྱབ་སྒོ་བཞི་སྒོ་སྲུང་ནི༔ ཤར་དུ་ནག་མོ་ཟོར་བའི་མགོ༔ ལྷོ་རུ་ནག་མོ་དྲེད་ཀྱི་མགོ༔ ནུབ་ཏུ་ནག་མོ་བ་གླང་གདོང༔ བྱང་དུ་ནག་མོ་ཆུ་སྲིན་གདོང༔ དེ་རྒྱབ་དུར་ཁྲོད་ར་བ་ན༔ དེ་ཡི་བར་ཁྱམས་བརྒྱད་ལ་ནི༔ དཀར་མོ་ཀེང་རུས་ལུས་ཅན་དང༔ སྨུག་མོ་སྲིན་མོའི་ལུས་ཅན་དང༔ དམར་མོ་བྲག་སྲིན་ལུས་ཅན་དང༔ ལྗང་མོ་ཡུག་སའི་ལུས་ཅན་དང༔ ཁྲ་མོ་ཕག་གི་ལུས་ཅན་


RTZ044_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

དང༔ སེར་མོ་སྦྲུལ་གྱི་ལུས་ཅན་དང༔ སྔོན་མོ་འབྲུག་གི་ལུས་ཅན་དང༔ ལྗང་སེར་མི་སྡུག་ལུས་ཅན་དང༔ དེ་རྒྱབ་དུར་ཁྲོད་དེ་རྒྱབ་མེ༔ དེ་རྒྱབ་པདྨ་རྡོ་ར་དང༔ དེ་རྒྱབ་མེ་རི་ནག་པོ་འབར༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་ནི༔ ཡེ་ཤེས་པ་ནི་སྤྱན་དྲངས་ཏེ༔ དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར༔ བྷྱོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ༔ ༈ མ་མ་བྷྱོ་བྷྱོ་བྷྱོ༔ མ་བྷྱོ་མ་བྷྱོ༔ དུ་བཾ་བྷྱོ་བྷྱོ་བྷྱོ༔ མ་བྷྱོ་མ་བྷྱོ༔ ཧུ་བཾ་ཀྲོ་ཏེ་བྷྱོ༔ མ་བྷྱོ་བྷྱོ༔ སྔ་དགྲ་ཕྱི་དགྲ་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ༔ དེ་ཡིས་ལས་ཧུར་དྲག་མོ་འགྲུབ༔ ས་མ་ཡ༔ ཁ་ཐཾ་གུ་ཧྱ༔ འདིའི་ཞལ་གདམས་ལ༔ སྔགས་བསྡུ་ན་སྦྲུལ་ཤད་ཡན་གྱིས་ཆོག༔ སྒྲུབ་པའི་སྔགས་གྲངས་དང་ཞག་གྲངས་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་བྱ་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནུབ་ལས་ཧུར་དྲག་མོ་སྐུ་གནམ་ས་ཙམ་གཅིག་གིས་དངོས་སུ་གསུངས་སོ།། ༈ །།ལས་ཧུར་དྲག་མོ་ལས་ཤིང་གི་ཀག་ཟློག་ཡོད༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཤིང་གི་ཀག་ཟློག་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ཤིང་གི་ཀག་ཟློག་མ༔ ལྗང་གུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་ཤིང་ལོ་གཡོན་དྲྭ་བ༔ ལྷ་


RTZ044_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་ནི༔ རས་ལྗང་འདུང་མ་སྐུ་ལ་གསོལ༔ དེ་ཡི་ཐུགས་ཀའི་ཤཾ་ལྗང་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ ཤིང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ ཤཾ་མ་ན་ཤིང་ཟློག༔ དེ་ཡིས་ཤིང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་དྲུག་ནུབ་ལྷ་མོ་ཤིང་གི་ཀག་ཟློག་མ་ཉིད་ཀྱིས་ཕུལ།། ༈ །།ལས་ཧུར་དྲག་མོ་ལས་རླུང་གི་ཀག་ཟློག་བཞུགས་སོ༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ རླུང་གི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་རླུང་གི་ཀག་ཟློག་ལྗང༔ གཡས་ན་རླུང་ཞགས་གཡོན་སྦྲུལ་ཞགས༔ དར་ལྗང་འདུང་མ་སྐུ་ལ་གསོལ༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཐུགས་ཀའི་ཡཾ་ལས་འོད་འཕྲོས་པས༔ རླུང་གི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ ཡཾ་མ་ར་ན་ཁཾ་ཁཾ་ནི༔ མྲྀ་ཏ་ནི༔ རླུང་ཟློག༔ དེ་ཡིས་རླུང་གི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་རྟ་ཆེན་ཟླ་བའི་ཉེར་བདུན་ནུབ་ལྷ་མོ་རླུང་གི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་བའོ།། ༈ །།ལས་


RTZ044_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཧུར་དྲག་མོ་ལས་མེའི་ཀག་ཟློག་ཡོད༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ མེ་ཡི་ཀག་ཟློག་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་མེ་ཡི་ལྷ་མོ་དམར༔ ཞལ་གཅིག་ཕྱག་གཉིས་གཟར་བུ་མེ༔ སྐུ་ལ་རས་དམར་འདུང་མ་གསོལ༔ ལྷ་མོའི་ཆས་རྣམས་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དེ་ཡི་ཐུགས་ཀར་རཾ་ལས་ནི༔ འོད་ཟེར་དཔག་ཏུ་མེད་འཕྲོས་པས༔ མེ་ཡི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ རཾ་ཁ་ལ་མེ་ཟློག༔ དེ་ཡིས་མེ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་ཉེར་བརྒྱད་ལ་ལྷ་མོ་མེ་ཡི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ།། ༈ །།ལས་ཧུར་དྲག་མོ་ལས་དགྲའི་ཀག་ཟློག་ཡོད༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ དགྲ་ཡི་ཀག་ཟློག་མའི་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་དགྲ་ཡི་ཀག་ཟློག་མ༔ དབུ་ནི་དམར་ལ་ལུས་གཡས་ལྗང༔ ཞབས་གཉིས་སྔོ་ལ་ལུས་གཡོན་དཀར༔ ཕྱག་གཉིས་དགྲ་སཏྭ་ཐོ་བ་འཛིན༔ ལུས་ལ་རས་ཁྲའི་འདུང་མ་གྱོན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་


RTZ044_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས༔ ཐུགས་ཀའི་ཁཾ་ལས་འོད་འཕྲོས་པས༔ སྤྱན་དྲངས་བསྐྱེད་པ་དེ་ལ་ཐིམ༔ ཁཾ་མ་བྷྱོ་དགྲ་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ༈ ཞལ་གདམས་ནི༔ སྐུ་ཞི་བའི་ཆ་ལུགས་སོ༔ འདུང་མ་ནི་ནང་གྱོན་འདྲ་བའོ༔ སྔགས་གྲངས་སྒྲུབ་གྲངས་མེད༔ བདག་བསྐྱེད་ལས་ཧུར་དྲག་མོ་བསྐྱེད་ན་ལེགས༔ ཡི་དམ་གཞན་ཡང་རུང༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་མར་ངོའི་ཚེས་བཅུ་ནུབ་དགྲ་ཡི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་ལོ།། ༈ །།ལས་ཧུར་དྲག་མོ་ལས་སའི་ཀག་ཟློག་གི་དབུའོ༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ས་ཡི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ས་ཡི་ཀག་ཟློག་སེར༔ ཞལ་གཅིག་ཕྱག་གཉིས་ཐོ་བ་སྒྱེད༔ ལྷ་མོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དར་སེར་འདུང་མ་སྐུ་ལ་གསོལ༔ ཐུགས་ཀའི་ལཾ་ལས་འོད་འཕྲོས་པས༔ ས་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ ལཾ་མ་ན་ས་ཟློག༔ དེ་ཡིས་ས་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་རྟ་ཆེན་ཟླ་བའི་གནམ་གང་ཉིན་ལྷ་མོ་སའི་ཀག་ཟློག་མས་དངོས་སུ་གསུངས་སོ།། ༈ །།ལས་ཧུར་དྲག་མོ་ལས་ལྕགས་ཀྱི་


RTZ044_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀག་ཟློག་བཞུགས༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ལྕགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ལྕགས་ཀྱི་ཀག་ཟློག་དཀར༔ ཞལ་གཅིག་ཕྱག་གཉིས་ལྕགས་ཆ་བྲམ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་དཀར་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀའི་ཙཾ་ལས་འོད་འཕྲོས་པས༔ ལྕགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་ཐིམ༔ ཙཾ་དམར་ལྕགས་ཟློག༔ དེ་ཡིས་ལྕགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་དབོ་ཟླ་བའི་ཚེས་གཅིག་ལ་ལྷ་མོ་ལྕགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་ཕུལ་བའོ།། ༈ །།གནམ་ཆོས་ལས་ཧུར་དྲག་མོ་ལས་ནམ་མཁའི་ཀག་ཟློག་ཡོད༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ གནམ་གྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ནམ་མཁའི་ཀག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་འཇའ་ཚོན་གྲི༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀའི་ཨེ་ལས་འོད་འཕྲོས་པས༔


RTZ044_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཀག་ཟློག་སྤྱན་དྲངས་བསྟིམ༔ ཨེ་མོ་ཐེ་གནམ་ཟློག༔ དེ་ཡིས་གནམ་གྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་ཚེས་གསུམ་ཉིན་ལྷ་མོ་ནམ་མཁའི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་ཕུལ་བའོ།། ༈ །།ལས་ཧུར་དྲག་མོའི་སྐོར་ལས་ཆུའི་ཀག་ཟློག་བཞུགས་སོ༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཆུའི་ཀག་ཟློག་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ཆུ་ཡི་ཀག་ཟློག་སྔོ༔ ཞལ་གཅིག་ཕྱག་གཉིས་ཆུ་རྐྱལ་ཐོ༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དར་སྔོན་འདུང་མ་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀའི་ཁཾ་ལས་འོད་འཕྲོས་པས༔ ཆུ་ཡི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ ཁཾ་མ་ཏ་ཆུ་ཟློག༔ དེ་ཡིས་ཆུ་ཡི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླའི་ཚེས་བཞིའི་ནུབ་དཔལ་ལྡན་ལྷ་མོ་ཆུའི་ཀག་ཟློག་མ་ཉིད་ཀྱིས་ཕུལ་ལོ།། ༈ །།ལས་ཧུར་དྲག་མོ་ལས་ཕྱོགས་ཀྱི་ཀག་ཟློག་བཞུགས༔ ༁ྃ༔ ལས་ཧུར་དྲག་མོ་ལ་ཕྱག་འཚལ་ལོ༔ ཕྱོགས་ཀྱི་ཀག་ཟློག་མ་སྒྲུབ་ཐབས༔ དཀྱིལ་འཁོར་


RTZ044_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་གཏོར་མ་མེད༔ སྤྲོ་ན་དམར་གཏོར་གཅིག་བཅས་སོ༔ མདུན་དུ་ཕྱོགས་ཀྱི་ཀག་ཟློག་མ༔ སྐུ་མདོག་དམར་སེར་ཞལ་གཅིག་པ༔ ཕྱག་གཉིས་རི་རབ་ཕུར་པ་འཛིན༔ ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས༔ དམར་སེར་དར་འདུང་སྐུ་ལ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ དེ་ཡི་ཐུགས་ཀའི་ཕྱཾ་ཡིག་ལས༔ འོད་ཟེར་དཔག་ཏུ་མེད་འཕྲོས་པས༔ ཕྱོགས་ཀྱི་ཀག་ཟློག་སྤྱན་དྲངས་ནས༔ བསྒོམས་པ་དེ་ཡི་སྐུ་ལ་ཐིམ༔ ཕྱཾ་མར་ཕྱོགས་ཟློག༔ དེ་ཡིས་ཕྱོགས་ཀྱི་ཀག་ཟློག་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་དབོ་ཟླའི་ཚེས་ལྔ་ལ་ལྷ་མོ་ཕྱོགས་ཀྱི་ཀག་ཟློག་མ་ཉིད་ཀྱིས་དངོས་སུ་གསུངས་སོ།། །།


previousགནམ་ཆོས་ཐུགས་གཏེར་ལས་ལས་ཧུར་དྲག་མོའི་སྒྲུབ་པ། མི་འགྱུར་རྡོ་རྗེ།next